Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
དམྱལ་བའི་གནས་བཤད་པ།
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousདམྱལ་བའི་གནས་བཤད་པ།next

དམྱལ་བའི་གནས་བཤད་པ།


GLG014_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དམྱལ་བའི་གནས་བཤད་པ་ནི། འཛམ་བུ་གླིང་འདི་ཆོས་ཅན། ཁྱོད་ཀྱི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བ་ཡོད་དེ། དེ་ན་རྔམས་དང་རྒྱར་དེ་ཙམ་གྱི་དཔག་ཚད་སྟོང་ཕྲག་ཉི་ཤུ་རེ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་སྟེང་ན་དམྱལ་བ་གཞན་ཡོད་དེ། དེ་


GLG014_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སོས་ལ་སོགས་པ་བདུན་པོ་ཡོད་པའི་ཕྱིར། ཚ་དམྱལ་བརྒྱད་པོ་དེ་དག་ཀུན་ཆོས་ཅན། ཁྱོད་ལས་ཐར་ཀྱང་སྡུག་བསྔལ་མྱོང་བའི་གནས་ལྷག་མ་ཉེ་འཁོར་བཞི་བཞི་སྟེ་བཅུ་དྲུག་ཡོད་དེ་དེ་རྣམས་ཀྱི་ངོས་བཞི་ན་མེ་མ་མུར། རོ་མྱགས་ཀྱི་འདམ། སྤུ་གྲིའི་ལམ། ཆུ་བོ་རབ་མེད་རྣམས་ཡོད་པའི་ཕྱིར། སྔར་བཤད་པའི་ཚ་དམྱལ་བརྒྱད་པོ་ཆོས་ཅན། ཁྱོད་རྣམས་ཀྱི་ཐད་ཀར་གཞན་གྲང་བའི་དམྱལ་བ་བརྒྱད་ཡོད་དེ། དེར་ཆུ་བུར་ཅན་ལ་སོགས་པ་རྣམས་ཡོད་པའི་ཕྱིར། ངན་སོང་གཞན་ཡི་དྭགས་ཀྱི་གནས་ཀྱང་ཡོད་དེ། ཕལ་ཆེར་ནི་རྒྱལ་པོའི་ཁབ་ཀྱི་འོག་ན་ཡོད་ཅིང་། ཁ་འཐོར་བ་རྣམས་ནི་ས་གཞི་རི་ཀླུངས་ཕལ་ཆེར་ན་ཡོད་པའི་ཕྱིར། དུད་འགྲོ་ཆོས་ཅན། ཁྱོད་ཀྱི་གནས་ཡོད་དེ། ཕལ་ཆེ་བ་ནི་ཕྱིའི་རྒྱ་མཚོའི་ནང་ན་གནས་ཤིང་། ཁ་འཐོར་བ་ནི་ལྷ་མིའི་གནས་གང་དུའང་ཡོད་པས་མ་ངེས་པའི་ཕྱིར། བཞི་པ་ཉི་ཟླའི་འཆར་ཚུལ་བཤད་པ་ལ། དངོས་དང་། དུས་ཚིགས་ཀྱི་རྣམ་གཞག་གཉིས། དང་པོ་ནི། ཉི་ཟླ་གཉིས་ཆོས་ཅན། ཁྱོད་ཀྱི་འཆར་ས་ཡོད་དེ། ལྷུན་པོའི་ཆུ་འཚམས་ཡན་ཆད་ཀྱི་ཕྱེད། གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པ་ནས་འཆར་བའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཕྱེད་དང་ཉིས་བརྒྱ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་། གཅིག་གི་བཅོ་བརྒྱད་ཆ་གཅིག་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ཆུ་ཤེལ་ལས་གྲུབ་ཅིང་། གསེར་གྱི་རྭ་བས་བསྐོར་བ། རིན་པོ་ཆེའི་ཐེམ་སྐས་དང་ཕ་གུ་སོགས་ཀྱིས་སྤྲས་ཤིང་། སྐྱེད་མོས་ཚལ་གྱིས་རྣམ་པར་མཛེས་པ། ལྷའི་བུ་བུ་མོ་རྣམས་རོལ་མོ་དང་གར་སྒྱུར་བ་སོགས་བྱེད་པ་ཡོད་པའི་ཕྱིར། ཉི་མ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཞེང་དུ་དཔག་ཚད་ལྔ་བཅུ་རྩ་གཅིག །མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ་དང་བཅས་ཤིང་རྔམས་སུ་དཔག་ཚད་ཕྱེད་དུ་དྲུག་དང་། གཅིག་


GLG014_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཅོ་བརྒྱད་ཆ་གཅིག་ཡོད་པའི་ཕྱིར། དེ་ཆོས་ཅན། རྒྱུ་ཡོད་དེ། མེ་ཤེལ་ལས་གྲུབ་ཅིང་། གཞན་སྔར་དང་འདྲ་བའི་ཕྱིར། སྐར་མ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་། ཆུང་བ་ལ་རྒྱང་གྲགས་གཅིག་ཡོད་པའི་ཕྱིར། ཉི་ཟླ་གཉིས་ཆོས་ཅན། གླིང་ལ་བྱ་བ་བྱེད་ཚུལ་ཡོད་དེ། སྒྲ་མི་སྙན་དུ་ནམ་ཕྱེད་པ་དང་། ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང་། འཛམ་བུ་གླིང་དུ་ཉི་མ་ཕྱེད་པ་དང་། བ་གླང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་གཅིག་ཏུ་ཡོད་པའི་ཕྱིར། གཉིས་པ་དུས་ཚིགས་ཀྱི་རྣམ་གཞག་ལ། ཚིག་དོན། སྤྱི་དོན། མཐའ་དཔྱད་པ་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་གྱི་ཟླ་བ་གཉིས་པ་ཡི་ཐ་མའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་ཏེ། དེ་ལྟར་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཀྱི་བར་དུ་འཕེལ་བ་ལས་རིམ་གྱིས་འགྲིབས་པ་ན་དགུན་རྣམས་ཀྱི་ཟླ་བ་བཞི་པ་ལ་ཉིན་མཚན་ཡུད་ཙམ་བཅོ་ལྔར་མཉམ་པ་ལས་རིམ་གྱིས་ཉིན་མཚན་གོ་བཟློག་སྟེ་མཚན་ཐུང་ངུར་གྱུར་ནས་ཉིན་མོ་རིང་བར་འགྱུར་བའི་ཕྱིར། ཉིན་མཚན་ཆོས་ཅན། ཁྱོད་རིང་ཐུང་དུ་འགྱུར་བ་ལས་ཐེངས་གཅིག་ལས་མི་འབྱུང་སྟེ། ཆུ་ཚོད་ཀྱི་དབང་གིས་ཞག་རེ་ལ་དེ་ལྟར་འཕེལ་འགྲིབ་བྱེད་པའི་ཕྱིར། དེར་ཐལ། ཉི་མ་འཛམ་བུའི་གླིང་དུ་ལྷོ་ཕྱོགས་སུ་རྒྱུ་བའི་ཚེ་མཚན་མོ་རིང་། བྱང་ཕྱོགས་སུ་རྒྱུ་བའི་ཚེ་ཉིན་མོ་རིང་བར་འགྱུར་བའི་ཕྱིར། ཚེས་གསུམ་གྱི་ཟླ་བའི་དཀྱིལ་འཁོར་དེ་ཡོངས་སུ་མ་རྫོགས་པ་ལ་རྒྱུ་མཚན་ཡོད་དེ། དེའི་ཚེ་ཟླ་བའི་དཀྱིལ་འཁོར་དེ་ཉི་མའི་དཀྱིལ་འཁོར་དང་ཉེ་བ་ལས་ཉི་མའི་འོད་ཟླ་བའི་གཞལ་མེད་ཁང་ལ་བབས་པ་ན་ཕ་རོལ་གྱི་ངོས་སུ་ཟླ་བ་རང་གི་གྲིབ་མ་བབས་པས་འགྲིབ་པར་སྣང་བའི་ཕྱིར། དཔེར་ན། ཀ་བ་ལ་མར་མེའི་འོད་ཉེ་བ་ན་ཀ་བ་རང་གི་གྲིབ་མས་བསྒྲིབས་པས་ཅུང་ཟད་འགྱུར། །ཤིན་ཏུ་ཉེ་བ་ན་རང་གི་གྲིབ་མས་མི་སྣང་བར་འགྱུར་བའི་ཕྱིར། གཉིས་པ་སྤྱིའི་དོན་


GLG014_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དུས་ཚིགས་གང་ལས་བྱུང་། བྱེད་པོ་ཡོད་མེད་ལ་དཔྱད། དུས་ངོས་གཟུང་བའོ། །དང་པོ་ནི། བསྐལ་པ་མར་འགྲིབ་ཀྱི་དུས་ཤེད་བུ་དང་། ཤེད་ལས་སྐྱེས་གཉིས་ཀྱིས་སའི་ཞག་ཟོས་པས་ལུས་ཀྱི་འོད་ཉམས་ཏེ་མུན་པ་བྱུང་བས་དེའི་ཚེ་ཉི་ཟླ་སྐར་མ་རྣམས། འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་སྟེ། གདགས་པ་ལས། སེམས་ཅན་དེ་དག་གིས་ཁམས་ཀྱི་ཟས་ཟོས་པ་དེས་ན། དེ་དག་གི་ལུས་ལ་མཁྲང་བ་དང་། ལྕི་བ་ཞུ་བར་གྱུར་ཏེ། འོད་དང་ཁ་དོག་གི་མདོག་གང་ཡིན་པ་དེ་ནི་མེད་པར་གྱུར་ཏོ། །ཞེས་དང་ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་པ་བྱུང་བ་ན། ཉི་མ་དང་ཟླ་བ་འདི་ཉིད་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །རྒྱུ་སྐར་རྣམས་དང་། མཚན་མོ་དང་། ཉིན་མོ་རྣམས་དང་། དུས་ཚིགས་རྣམས་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གཉིས་པ་ནི། ལོ་ཟླ་ཚེས་གྲངས་གཟའ་སྐར་གྱི་གོ་རིམ་གི་བྱེད་པོ་ཡོད་དེ། རང་རེའི་སྟོན་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་སྐུ་ཚེ་སྔ་མ་ཞིག་ལ། དྲང་སྲོང་རྔ་བོང་དུ་གྱུར་དུས་ལོ་དྲུག་ཁྲིར་དཀའ་ཐུབ་བསྒྲུབས་པས། སྲིད་པ་གསུམ་ན་མཐུ་ཆེ་བར་གྱུར་ཏེ། ཚངས་པ་སོགས་ལྷ་རྣམས་ཀྱིས་ཞུས་པའི་ངོར་རྒྱུ་སྐར་སོགས་ཀྱི་གོ་རིམ་མཛད་པའི་ཕྱིར། ཇི་སྐད་དུ་མདོ་ཉི་མའི་སྙིང་པོ་ལས། ལོ་ནི་དྲུག་ཁྲི་ཐམ་པར་ཡང་། །རྐང་པ་གཅིག་གིས་དཀའ་ཐུབ་གནས། །ཞེས་དང་། རེ་ཞིག་དང་པོར་སྨིན་དྲུག་ཅེས། །རྒྱུ་སྐར་དཀྱིལ་འཁོར་ཐམས་ཅད་ལ། །ནངས་ཀྱི་དང་པོར་གཞག་པར་བྱ། །ཞེས་འབྱུང་བའི་ཕྱིར། གསུམ་པ་ནི། སྐྱེས་བུ་གཅིག་གི་མིག་འཛུམ་བཅོ་བརྒྱད་ལ་མཐར་གནས་གཅིག །དེ་སུམ་ཅུ་ལ་སྐད་ཅིག་གཅིག །དེ་བཅུ་གཉིས་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་བཅོ་ལྔ་ལ་ཕྱོགས་གཅིག །དེ་གཉིས་ལ་ཟླ་བ་གཅིག །དེ་གཉིས་ལ་ཚིགས་པ་གཅིག །དེ་གསུམ་ལ་བགྲོད་པ་གཅིག །དེ་གཉིས་ལ་ལོ་


GLG014_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འཇོག་པའི་ཕྱིར། ཇི་སྐད་དུ་འཆི་མེད་མཛོད་ལས། མིག་འཛུམ་བཅོ་བརྒྱད་མཐར་གནས་ལ། །དེ་སུམ་ཅུ་ལ་སྐད་ཅིག་བགྲང་། །དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་དག་བཅོ་ལྔ་ཕྱོགས་སུ་གྲགས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པ་འཇལ་བྱེད་དེ། །ཆུ་ཟླ་ལ་སོགས་གཉིས་གཉིས་ལ། །དེ་ཚིགས་དེ་གསུམ་བགྲོད་པ་གཅིག །ལྷོ་བྱང་བགྲོད་པ་གཉིས་ལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ལོའི་སྐད་དོད་ཝཪྵ་ཞེས་པ་ངེས་ཚིག་གིས་བཤད་ན་བཞིར་འགྱུར་ཏེ། ཡོངས་བགྲང་། གྲང་བཞི། རང་སྐྱོབ། འདོར་བྱེད་ཅེས་བྱ་བ་ཡིན་པའི་ཕྱིར། ཇི་སྐད་དུ་འཆི་མེད་མཛོད་ལས། ཡོངས་བགྲང་བགྲང་བཞི་རང་སྐྱོབ་དང་། །འདོར་བྱེད་ཅེས་བྱ་ལོ་ཡི་མིང་། །ཞེས་གསུངས་པའི་ཕྱིར། སྤྱིར་རྒྱ་གར་ན་རྒྱལ་པོ་རང་རང་གི་རྒྱལ་སྲིད་ཀྱི་ལོ་ལ་མངའ་རིས་ཀྱི་བུ་ལོན་སྦྱངས་ནས། ལོ་དེ་ནས་མགོ་འཛིན་པ་ཤས་ཆེ་སྟེ། ལུགས་ཀྱི་བསྟན་བཅོས་རྣམས་སུ། གཡུལ་བརྟན་འོག་དུ་ཉིས་སྟོང་ལོན། །ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར། འོན་ཀྱང་གསུང་རབ་ལས་ནི། ལོ་དྲུག་ཅུར་བྱེད་དེ། བདེ་མཆོག་བསྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་པོ་དང་། ཞེས་སོགས་འབྱུང་བའི་ཕྱིར། ལོ་དེ་ལ་དུས་ཚིགས་ཇི་ཙམ་དུ་འབྱེད་ཚུལ་ཡོད་དེ། གསུམ། བཞི། ལྔ། དྲུག་རྣམས་སུ་འབྱེད་པའི་ཕྱིར། གསུམ་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སེམས་ནི་ཚ་བར་མཚུངས་པས་དཔྱིད་དུ་བསྡུས། སྟོན་ནི་ཆར་འབབ་པས་དབྱར་དུ་བསྡུས་ཏེ། དགུན། དཔྱིད། དབྱར་གྱི་དུས་གསུམ་དུ་འཆད་རིགས་པའི་ཕྱིར། དེ་ཡང་ཡོད་དེ། མགོ །རྒྱལ། མཆུ། དབོའི་ཟླ་བ་བཞི་དང་པོ། ནག་པ། ས་ག །སྣྲོན། ཆུ་སྟོད་ཀྱི་ཟླ་བ་བཞི་གཉིས་པ། གྲོ་ཞུན། ཁྲུམས། ཐ་སྐར། སྨིན་དྲུག་གི་ཟླ་བ་བཞི་གསུམ་པར་འཇོག་པའི་ཕྱིར། བཞིར་འཇོག་རིགས་ཏེ། དབྱར་དགུན་སྟོན་


GLG014_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་དུ་མ་ཕྱེ་ནས་བཞིར་འཇོག་པའི་ཕྱིར། ཇི་སྐད་དུ། རྒྱ་ལས་འགྱུར་བའི་མྱང་འདས་ལས། ཟླ་བ་གསུམ་ནི་དཔྱིད་ཀྱི་དུས། །ཟླ་བ་གསུམ་ནི་དབྱར་གྱི་དུས། །ཟླ་བ་གསུམ་ནི་སྟོན་གྱི་ཕྱོགས། །ཟླ་བ་གསུམ་ནི་དགུན་ཞེས་བྱ། །ཞེས་པ་དང་། སོ་ཐར་གྱི་མདོ་ལས། བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། ཞེས་འབྱུང་བའི་ཕྱིར། དུས་ཚིགས་ལ་ལྔར་འབྱེད་རིགས་ཏེ། འདུལ་བ་ལུང་ལས། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །ཞེས་བཤད་པའི་ཕྱིར། དུས་ཚིགས་ལ་དྲུག་ཏུ་འབྱེད་རིགས་ཏེ། མྱང་འདས་ལས་གཉིས་གཉིས་དུས་ཚིགས་གཅིག་བྱས་ནས། །ལོ་གཅིག་དུས་ཚིགས་དྲུག་ཏུ་བསྒྱུར། །ཞེས་དང་། ཡན་ལག་བརྒྱད་པ་ལས། དགུན་ཟླ་ར་བ་སོགས་གཉིས་གཉིས། །རིམ་བཞིན་དུས་ནི་དྲུག་ཏུ་འདོད། །ཅེས་བཤད་པའི་ཕྱིར། དུས་ཚིགས་ལ་གསུམ་དུ་ཕྱེ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། ཕྱག་དར་ཁྲོད་པའི་གོས་ཤེས་པའི་ཆེད་ཡིན་པའི་ཕྱིར། བཞིར་ཕྱེ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། བོད་ཀྱི་ཐ་སྙད་དུ་རབ་འབྲིང་ཐ་གསུམ་དང་། རྒྱ་གར་བས་དགུན་དཔྱིད་དབྱར་སྟོན་བཞིར་ཕྱེ་བའི་ལུགས་དང་མཐུན་པའི་ཆེད་ཡིན་པའི་ཕྱིར། ཆོས་རྗེ་བསོད་གྲགས་པས། འཇིག་རྟེན་དང་མཐུན་པར་དགུན་དཔྱིད་དབྱར་སྟོན་ཏེ་བཞི་གསུངས། དགོས་པ་ནི་གསུང་རབ་ལས། རབ་འབྲིང་། ཐ་ཆུང་གསུམ་གསུངས་ཞེས་པ་ནི་མི་འཐད་དེ། རྒྱ་དཔེ་ན། དེ་འདྲའི་སྐད་དོད་མེད་པའི་ཕྱིར། རྒྱ་དཔེ་ལ། པཱ་ལ་གུ་ནི་ཞེས་པ་བོད་སྐད་དུ་ལོ་ཙཱ་བ་རྣམས་ཀྱིས་དབོ་ཅན་ཞེས་པ་ཐོན་ཡོང་རྒྱུ་ལ། བོད་དང་བསྟུན་ནས་དཔྱིད་རར་བསྒྱུར་བའི་ཕྱིར། དུས་ཚིགས་ལ་ལྔར་ཕྱེ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། དབྱར་ཐུང་ངུ་ཤེས་པའི་ཆེད་ཡིན་པའི་ཕྱིར། དུས་ཚིགས་ལ་དྲུག་ཏུ་ཕྱེེ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། ཞག་མི་ཐུབ་ཤེས་པའི་ཆེད་ཡིན་པའི་ཕྱིར། ལོ་མགོ་ངོས་འཛིན་ཚུལ་


GLG014_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤེས་བྱ་ཆོས་ཅན། ལོ་མགོ་འཛིན་ཚུལ་ཡོད་དེ། ཧོར་ཟླ་བཅུ་པའི་མར་ངོའི་ཚེས་བཅུ་དྲུག་ནས་འཛིན་པའི་ཕྱིར། དེར་ཐལ། དགུན་ནས་འཛིན་དགོས་པའི་ཕྱིར། དེར་ཐལ། དགེ་སློང་གི་ལོ་དྲི་བ་ལས། དུས་དུ་ཡོད་ཅེ་ན་ལྔའོ། །ལྔ་པོ་དག་གང་ཞེ་ན། དགུན་དང་། སོ་ཀ་དང་། དབྱར་དང་། དབྱར་ཐུང་ངུ་དང་། དབྱར་རིང་པོ་ཞེས་བྱའོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། དུས་ཚིགས་དྲུག་པོ་དགུན་དང་། དགུན་སྨད་དང་། དཔྱིད་དང་། སོ་ག་དང་། ཞེས་སོགས་གསུངས་པའི་ཕྱིར། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། དགུན་རྣམས་ཀྱི་ནི་བཞི་པ་ལ། ཞེས་སོགས་ཀྱི་གཞུང་འདིའི་ཤུགས་ལ་ཉིན་མཚན་རིང་བ་མཐར་ཐུག་པའི་དུས་སུ་དབྱར་དགུན་གྱི་ཉི་མ་ལྡོག་པ་བསྟན་ཀྱང་། རང་གཞན་གྱི་མཁས་པ་མང་པོ་ཉིན་མོ་བཟློག་ཅེས་པ་མཚན་མོ་ལས་བཟློག་སྟེ་ཉིན་མོ་རིང་དུ་སོང་བ་མ་དགོངས་པར། ཉི་ལྡོག་ལ་བསྙེགས་པའི་བཤད་པ་མཛད་པས། དཔྱིད་དང་སྟོན་གྱི་དུས་སུ་ཉི་མ་ལོག་དགོས་པ་ལྟ་བུའི་མུ་ཅོར་གྱི་གཏམ་གྱིས་ཤེས་ལྡན་རྣམས་ལྟ་ཅི་སྨོས། བོད་ཀྱི་གནག་རྫི་རྒན་པོ་རྣམས་ཀྱང་ཁྲེལ་བའི་གནས་སོ། །ཀར་ལུགས་པ་ཁ་ཅིག །ཟླ་བ་བརྒྱད་པར་ལོ་མགོ་འཛིན་པ་སོགས་ནི་དཔྱད་པ་བྱ་བའི་ཡུལ་ཡིན་ནོ། །ས་སྐྱ་པའི་མཁས་པ་ཁ་ཅིག །དབྱར་གྱི་ཟླ་བ་གཉིས་པ་ཁྲུམས་ཀྱི་ཟླ་བ་ཡི་ཐ་མ་མར་ངོ་སྔོན་དུ་སོང་བའི་ཡར་ངོའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་སྟེ། ཞེས་སྨྲ་བ་ནི་མི་འཐད་དེ། དེ་ལྟར་ན་ཁྲུམས་ཟླ་ཟླ་བ་བརྒྱད་པ་ཡིན་པ་གང་ཞིག །ཟླ་བ་བརྒྱད་པ་ལ་དབྱར་ཉི་ལྡོག་པ་མི་སྲིད་པའི་ཕྱིར། དེར་ཐལ། ཟླ་བ་བརྒྱད་པ་ལ་སྟོན་ཉིན་མཚན་མཉམ་པ་གང་ཞིག །དབྱར་ཉི་ལྡོག་པའི་ཚེ། ཉི་མ་རིང་བའི་མཐར་ཐུག་པའི་དུས་ཡིན་པའི་ཕྱིར། ཟླ་ཤོལ་འབྱུང་བའི་རྒྱུ་མཚན་ཡོད་དེ། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པ་ལ་བརྟེན་ནས། ལོ་ལྔ་ལྔ་ལ་


GLG014_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཤོལ་རེ་རེ་འདོན་པ་དང་། ཚེས་ཞག་གིས་ཁྱིམ་ཞག་གི་དོད་ཐུབ་པ་ལ་བརྟེན་ནས། ལོ་གཉིས་དང་ཟླ་བ་ཕྱེད་པར་དགུ་ནས་འདོན་པའི་ལུགས་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལོ་རེ་ལ་ཚེས་ཞག་དྲུག་དྲུག་ལྷག་པ་གང་ཞིག །དེ་བསགས་པས་ལོ་ལྔ་ན་ཞག་སུམ་ཅུར་ལོངས་པའི་ཕྱིར། དང་པོ་གྲུབ་སྟེ། ཉིན་ཞག་གི་ཟླ་བ་གཉིས་དང་། ཚེས་ཞག་གི་ཟླ་བ་གཉིས་དོ་བསྡོས་པ་ན་ཚེས་ཟླས་ཉི་ཟླའི་དོད་མ་ཐུབ་པས་ཉིན་ཞག་གཅིག་ལྷག་པའི་དོད་མཉམ་ལ་ཚེས་ཞག་གཅིག་བསྣན་པས་རགས་རྩིས་ལ་ཡུན་མཉམ་ཡང་། ཞག་གྲངས་གཅིག་གིས་ཚེས་ཟླ་དེ་མང་བས་དེ་འདྲའི་ཞག་རེ་བསགས་པས་ལོ་གཅིག་ལ་ཞག་དྲུག་ལྷག་པའི་ཕྱིར། ཞག་མི་ཐུབ་ཅེས་པ་འདིའི་དོན་དུ་འཆད་དགོས་ལ། དེ་ལྟ་བུའི་གནད་མ་ཤེས་པར་རང་གཞན་གྱི་མཚན་ཉིད་པ་རྒན་པོ་རྣམས། ཞག་མི་ཐུབ་ཀྱི་བཤད་པ་སྣ་ཚོགས་བྱེད་པ་ནི་རྩིས་ཀྱི་གཙུག་ལག་ལ་བྱང་བ་ཞིག་གིས་བལྟས་ན་ཤིན་ཏུ་ནོངས་པའི་གནས་སོ། །དེ་ཡང་ལོ་ལྔ་ནས་ཟླ་ཤོལ་འབྱུང་སྟེ། གཞུང་དམ་པའི་གླེང་གཞིའི་སྐབས་ལས། སྟོན་པ་གཉན་ཡོད་ཀྱི་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ་ན་དགེ་སློང་རྣམས་ལ་ལོ་ལྔ་ལྔ་ན་ཤོལ་དོར་ཅིག །ཅེས་གསུངས་ནས་ལོ་ལྔ་ལྔ་ན་ཤོལ་དོར་རོ། །ཞེས་གསུངས་པའི་ཕྱིར། གོང་གི་རྩ་རྟགས་གཉིས་པ་གྲུབ་སྟེ། ལོ་གཅིག་ལ་ཞག་བཅུ་གཅིག་འབྲང་བཅས་རེ་ལྷག་པ་གང་ཞིག །དེ་བསགས་པས་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུན་ཟླ་གཅིག་ཏུ་ལོངས་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱིམ་ཟླ་རེ་དང་ཚེས་ཟླ་རེ་དང་བསྡོས་པས་ཞག་རེ་བག་མེད་རེ་མ་ཐུབ་པས། དེ་གཉིས་དོད་མཉམ་པ་ལ་ཞག་རེ་བག་མེད་རེ་བསྣན་པས། དོན་ལ་ཡུན་མཉམ་ཡང་། བག་མེད་རེ་ལྷག་པ་དེ་བསགས་པས། ལོ་གཅིག་ལ་ཞག་བཅུ་གཅིག་འབྲང་བཅས་ལྷག་པའི་ཕྱིར། གཉིས་པ་གྲུབ་སྟེ། ལོ་གཉིས་ལ་ཞག་ཉི་ཤུ་རྩ་


GLG014_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྷག་པ་གང་ཞིག །དེའི་རིགས་པས་ཟླ་བ་ཕྱེད་དང་དགུ་ན་ཞག་བརྒྱད་ལྷག་པ་རྣམས་བསྡོམས་པས་ཟླ་བ་གཅིག་ཏུ་འགྱུར་བའི་ཕྱིར། ཉིན་མཚན་གྱི་ཁྱད་པར་གཞག་ཏུ་ཡོད་དེ། སྐྱ་རེངས་ཤར་ནས་འོད་དམར་གྱི་བར་ཉིན་མོ་དང་། དེ་ནས་མཚན་མོའི་མཐའི་སྐད་ཅིག་མའི་བར་མཚན་མོར་འཇོག་པའི་ཕྱིར། འདི་དག་ནི་འདུལ་མངོན་གྱི་ལུགས་གཙོ་བོར་བཀོད་པ་ཡིན་ལ། རྒྱ་གར་གྱི་མཁས་པས་གཞན་གྱི་བཞེད་པ་དང་། དུས་ཀྱི་འཁོར་ལོ། དབྱངས་འཆར། ནག་རྩིས་སོགས་སྒོ་བསྟུན་པའི་ལེགས་པའི་ཆ་ཕྱོགས་གཅིག་ཏུ་བསྡུས་ནས། ཕྱོགས་བྲལ་གྱི་གསུང་རབ་ལ་སྦྱངས་པའི་མཁས་པ་རྣམས་སྤྲོ་བ་སྐྱེད་པར་ནུས་མོད། གསུང་རབ་ཕྱོགས་རེ་ལ་ཞེན་པའི་དེང་སང་གི་རིགས་ལམ་པ་རྣམས་ལ་བྱིས་པ་ལ་ལྷ་ཁང་བསྟན་པ་ལྟར་དགོས་ནུས་མི་འབྱུང་བས་དེ་ཙམ་ལས་མ་སྤྲོས་སོ། །སྨྲས་པ། ལེགས་པར་བཤད་པའི་དབྱངས་ཀྱི་འགྱུར་ཁུགས་ཅན། ཁུངས་ལྡན་མཁས་པའི་གཏམ་གྱི་རྒྱུད་མང་དང་། །ལྷན་ཅིག་བརྡུངས་ཚེ་དྲི་ཟའི་པི་ཝང་མཁན། །སྐྱེངས་ཏེ་ལྷོ་ཕྱོགས་རྒྱ་མཚོའི་མཐའ་རུ་བྲོོས། །ཚུལ་འདིའི་ཕྲ་ཞིབ་དཀའ་བའི་གནད་རྣམས་ལ། །འགྲེལ་བཤད་བྱེད་པོ་ཕལ་ཆེར་མི་སྨྲ་བའི། །བརྟུལ་ཞུགས་འཛིན་ཞིང་འགའ་ཞིག་མུ་ཅོར་ཚིག །བོང་བུའི་སྐད་གསང་ལྟ་བུར་སྒྲོག་པ་མཐོང་། །དེ་འདྲའི་དགོངས་དོན་ལོག་པར་བཀྲལ་བ་དག །གཅིག་ཏུ་སངས་རྒྱས་བསྟན་ལ་རྨ་འབྱིན་མོད། །འོན་ཀྱང་འབྲི་སྟག་ཕྱག་རྒྱའི་ཁྱུ་མཐོང་ཚེ། །མང་དུ་ཐོས་པས་ཅུང་ཟད་རྗེས་ཡི་རང་། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་མཐའ་དཔྱད་པ་ལ། ཆོས་རྗེ་བསོད་ནམས་གྲགས་པ་རྗེས་འབྲང་དང་བཅས་པ་རྣམས་ན་རེ། དུས་བཞི་ཅིག་ཅར་བ་ཡིན་ཏེ། འཛམ་བུ་གླིང་དུ་དགུན་ཡོད་པའི་དུས་སུ་གླིང་གཞན་གསུམ་དུའང་དགུན་གྲུབ་པའི་


GLG014_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཟེར་ན། འཛམ་བུ་གླིང་དུ་དགུན་གྲུབ་པའི་དུས་ཡིན་ན། སྒྲ་མི་སྙན་དུ་དགུན་གྲུབ་པའི་དུས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འཛམ་བུ་གླིང་དུ་དགུན་གྲུབ་པའི་དུས་མེད་པར་ཐལ། དེར་དེ་གྲུབ་མ་ཐག་པའི་དུས་མེད་པའི་ཕྱིར། དེར་ཐལ། དེར་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་མ་ཐག་པའི་དུས་དེ་འཛམ་བུ་གླིང་དུ་དགུན་གྲུབ་མ་ཐག་པའི་དུས་མ་ཡིན་པ་གང་ཞིག །འཛམ་བུ་གླིང་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་བ་དང་། འཛམ་བུ་གླིང་དུ་དགུན་གྲུབ་པ་དུས་མཉམ་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་མི་སྙན་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་མ་ཐག་པའི་དུས་དེ། སྒྲ་མི་སྙན་དུ་དགུན་གྲུབ་མ་ཐག་པའི་དུས་ཡིན་པར་ཐལ། སྒྲ་མི་སྙན་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་བར་དེ་དགུན་ཟླ་དང་པོར་འཇོག་པའི་ཕྱིར། འདོད་ན། གླིང་བཞིར་ཉི་མ་ཅིག་ཅར་དུ་འཆར་བར་ཐལ། འཛམ་བུ་གླིང་དུ་ཉི་མ་ཤར་བའི་ཚེ་སྒྲ་མི་སྙན་དུ་ཉི་མ་འཆར་བའི་ཕྱིར། དེར་ཐལ། འཛམ་བུ་གླིང་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་ཉི་མ་ཤར་མ་ཐག་པའི་དུས་སུ། སྒྲ་མི་སྙན་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་ཉི་མ་ཤར་མ་ཐག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། འཛམ་བུ་གླིང་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་མ་ཐག་པའི་དུས་དེ། སྒྲ་མི་སྙན་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་མ་ཐག་པ་ཡིན་པའི་ཕྱིར། དེར་ཐལ། དེ་དེར་དགུན་གྲུབ་མ་ཐག་པའི་དུས་ཡིན་པའི་ཕྱིར། མ་གྲུབ་ན། འཛམ་བུ་གླིང་དུ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་མ་ཐག་པའི་དུས་ཆོས་ཅན། སྒྲ་མི་སྙན་དུ་དགུན་གྲུབ་པའི་དུས་ཡིན་པར་ཐལ། འཛམ་བུ་གླིང་དུ་དགུན་གྲུབ་མ་ཐག་པའི་དུས་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་། འཛམ་བུ་གླིང་དུ་དབྱར་ཉི་རིང་བ་མཐར་ཐུག་


GLG014_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ་སྒྲ་མི་སྙན་དུ་དབྱར་ཉི་རིང་བ་མཐར་ཐུག་པའི་དུས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། འཛམ་བུ་གླིང་དུ་ཉིན་མོ་རིང་བ་མཐར་ཐུག་པའི་དུས་སུ་འཛམ་བུ་གླིང་དུ་མཚན་མོའང་རིང་བ་མཐར་ཐུག་པའི་དུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དགུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་འཛམ་བུ་གླིང་དུ་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཡོད་པ་ལྟར། ཉིན་མོའང་ཡུད་ཙམ་བཅོ་བརྒྱད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གདགས་པ་ལས། དགུན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་བརྒྱད་ལ་མཚན་མོ་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ཡུད་ཙམ་བཅུ་གཉིས་ཡོད། ཚེས་དགུ་ཕན་ཆད་ནས་མཚན་མོ་ནི་བྲི། ཉིན་མོ་ནི་བསྐྱེད་དེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ནམ་ཕྱེད་ཉི་མ་ནུབ་པ་དང་། ཞེས་སོགས་ཀྱི་དོན། སྟོན་དཔྱིད་ཉིན་མཚན་མཉམ་པ་ཞག་གཅིག་ཁོ་ན་ལ་འབྱུང་བའི་དོན་ཡིན་པས་སྐྱོན་མེད་དོ། །ཟེར་ན། འོ་ན། སྟོན་ཉིན་མཚན་མཉམ་ནས་ཞག་གཉིས་སོང་བའི་སྐབས་སུ། ཉིན་མཚན་རིང་ཐུང་དོད་མི་མཉམ་པ་སྐྱེས་བུ་མཐའ་དག་གིས་མངོན་སུམ་དུ་ཤེས་པ་ཞིག་འབྱུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡུད་ཙམ་གྱི་འཕེལ་འགྲིབ་རིམ་གྱིས་བྱེད་དགོས་པའི་ཕྱིར་དང་། ཞག་གཅིག་གཉིས་ཀྱི་བར་ལ་ཉིན་མཚན་གྱི་རིང་ཐུང་མངོན་པ་མངོན་སུམ་དུ་མི་འབྱུང་བ་དིང་སང་གི་བཙུན་ཆུང་བསྡུས་གྲྭ་པ་ཡན་ཆད་ཀྱིས་ཀྱང་ཤེས་པའི་ཕྱིར། དུས་བཞི་ཅིག་ཅར་བ་ལ་ཞེན་པ་ཁ་ཅིག་ན་རེ། འཛམ་བུ་གླིང་དུ་ཉི་མ་བྱང་བགྲོད་མཐར་ཐུག་པའི་ཚེ་སྒྲ་མི་སྙན་དུ་ལྷོ་བགྲོད་མཐར་ཐུག་པ་འབྱུང་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཉི་མས་ཉིན་ཞག་ཕྲུགས་གཅིག་ལ་རི་རབ་ལ་བསྐོར་བའི་ཚེ་འཁྱོག་པོར་བསྐོར་བར་ཐལ། འདོད་པའི་ཕྱིར་ཟེར་ན། རང་ལུགས་ལ་འདོད་ལན་འདེབས་ལ། ཁོས། དེ་མི་འཐད་དེ།
དུས་འཁོར་བ་ལྟར་མཐོ་དམན་དང་། སྒང་གཤོངས་སོགས་མི་བྱེད་པར་ཐད་ཀར་རྒྱུས་ཆོག་པའི་ཕྱིར། ཟེར་བ་ནི། དུས་འཁོར་དང་། གོ་ལའི་རྣམ་གཞག་མ་ཐོས་པའི་གཏམ་ཡིན་ཞིང་། ཆོས་མངོན་པ་འཆད་པའི་སྐབས་སུ་དུས་འཁོར་སོགས་ལུགས་མི་གཅིག་པའི་ཁུངས་འདྲེན་པ་ནི། མུ་ཏོ་བའི་ཕྱེ་དང་འདྲ་བས་ཁོ་བོ་ནི་མི་སྨྲའོ། །བསྡུས་གྲྭ་མ་ཆགས་པ་ཁ་ཅིག་ན་རེ། གླིང་བཞིར་དུས་བཞི་ཅིག་ཅར་དུ་འབྱུང་ཟེར་ན། འཛམ་བུ་གླིང་དུ་དུས་བཞི་ཅིག་ཅར་དུ་འབྱུང་བར་ཐལ། གླིང་བཞིར་དུས་བཞི་ཅིག་ཅར་དུ་འབྱུང་བའི་ཕྱིར། འདོད་ན། འཛམ་བུ་གླིང་དུ་དབྱར་དགུན་ཅིག་ཅར་དུ་འབྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། འཛམ་བུ་གླིང་པའི་མིས་ཚ་གྲང་གི་རེག་བྱ་ཅིག་ཅར་དུ་མྱོང་པར་ཐལ་ལོ། །འདོད་ན། ཚ་གྲང་གཉིས་པོ་གཅིག་གིས་གཅིག་གི་གོ་ས་འགོག་ནུས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །


previousདམྱལ་བའི་གནས་བཤད་པ།next