Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 expand section
 collapse section
ཁྲི་འབུལ་དང་ཞབས་བརྟན་གྱི་སྐོར།
  
  
  
  
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཁྲི་འབུལ་དང་ཞབས་བརྟན་གྱི་སྐོར།next

ཁྲི་འབུལ་དང་ཞབས་བརྟན་གྱི་སྐོར།

རྒྱལ་བ་ཕུག་ཁང་པའི་ཁྲི་རབས་ལྔ་པའི་གསེར་ཁྲིར་མངའ་གསོལ་གྱི་ལེགས་སྦྱར།

༄༅། །རྒྱལ་བ་ཕུག་ཁང་པའི་ཁྲི་རབས་ལྔ་པ་མཆོག་སྤྲུལ་ཐུབ་བསྟན་ཉིན་བྱེད་དབང་པོ་དཔལ་བཟང་པོ་འཇིགས་བྲལ་གདོང་ལྔའི་གསེར་ཁྲིར་མངའ་གསོལ་བའི་ལེགས་པར་སྦྱར་བའི་གཏམ་ཚངས་ཆེན་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །རྨད་བྱུང་བརྩོན་པས་བགྲང་ཡས་བསྐལ་མང་དུ། །ཚོགས་ཆེན་ཆུ་གཏེར་བསྲུབས་ལས་ལེགས་འཁྲུངས་ཤིང༌། །ངོ་མཚར་སྨོན་ལམ་ལྔ་བརྒྱའི་ཆེར་བརླིང་བ། །མཉམ་མེད་སྟོན་པ་མཆོག་དེས་དགེ་ལེགས་སྩོལ། །བགྲང་ཡས་རྒྱལ་ཀུན་གསུང་གི་རྡོ་རྗེའི་རང་གཟུགས་ངོ་མཚར་མཚན་དཔེའི་བཀོད་པ་རུ། །ཕུལ་བྱུང་ཡན་ལག་བརྒྱད་ཀྱིས་ཉེ་བར་སྤུད་པའི་དྭངས་བསིལ་བདུད་རྩིའི་ཆུ་གཏེར་ལས། །ཨུ་དུམ་ཝ་རའི་གེ་སར་ལས་འཁྲུངས་མངལ་སྐྱོན་མ་གོས་རང་བྱུང་སྤྲུལ་པའི་སྐུ། །བགྲེས་རྒུད་བྲལ་བའི་རྡོ་རྗེའི་སྐུ་བརྙེས་རྒྱལ་བ་གཉིས་པ་མཚོ་སྐྱེས་བླ་མར་གུས་པས་འདུད། །རབ་བཀྲ་གསེར་རི་གུར་གུམ་ཆབ་ཀྱིས་ཡང་ཡང་བྱུག་ཅིང་ཉིན་བྱེད་འབུམ་གྱི་འཁྱུད་པས་ཀྱང༌། །མཚོན་པར་ནུས་མིན་ཟག་མེད་ཡེ་ཤེས་སྐུ་མཆོག་མཚན་དཔེའི་རེ་ཁཱ་གསར་བས་ལེགས་པར་འཁྱུད། །གང་ལ་མོས་དང་གུས་པ་ཙམ་གྱིས་བློ་མཆོག་ནོར་བུའི་གཏེར་རྒྱ་ཀུན་ནས་འགྲོལ་མཛད་པ། །ལྷག་པའི་ལྷ་མཆོག་རྒྱལ་ཀུན་ཡབ་གཅིག་སྨྲ་བའི་སེང་གེ་སྙིང་གི་པདྨོར་དགྱེས་པར་རོལ། །བགྲང་ཡས་སྐལ་བཟང་གདུལ་བྱ་མ་ལུས་པ། །ཐར་མཆོག་ནོར་བུའི་གླིང་དུ་བགྲོད་པ་ལ། །རིན་ཆེན་ནོར་བུའི་ཤིང་རྟ་དང་མཚུངས་པ། །ཐེག་གསུམ་དམ་ཆོས་ཡིད་ཀྱི་བཅུད་དུ་བརྟེན། །རབ་དཀར་ཀཻ་ལ་ཤས་མཛེས་གངས་ལྗོངས་འདིར། །དྲི་མེད་རྒྱལ་བསྟན་འདྲེན་པའི་ཤིང་རྟ་ཆེ། །མཁན་སློབ་ཆོས་རྒྱལ་རྒྱ་བོད་ལོ་པཎ་གྱི། །སྐུ་དྲིན་ཀུན་གསལ་མཐས་ཀྱང་མཚུངས་ནུས་སམ། །མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ཧུབ་ཀྱིས་རོལ། །ཟག་མེད་ཆོས་སྐུའི་དགོངས་པ་མཁའ་ལྟར་ཡངས། །ངེས་གསང་ཆོས་ཀྱི་གྲུ་ཆར་ཀུན་ནས་འཇོ། །སྔ་འགྱུར་པཎ་གྲུབ་རྒྱ་མཚོར་གུས་པས་འདུད། །མཉམ་མེད་སྟོན་པ་མཆོག་གི་བསྟན་པ་ཡི། །རིན་ཆེན་ནོར་བུའི་སྒོ་བརྒྱ་ཀུན་ནས་འགྱེད། །བཀའ་བབས་རྣམ་བཞིའི་བསྟན་པའི་སྲོག་འཛིན་པའི། །བཤེས་གཉེན་དམ་པའི་ཚོགས་རྣམས་བསྔགས་པའི་འོས། །རབ་ཟབ་མདོ་རྒྱུད་དགོངས་དོན་གངྒཱའི་ཀླུང༌། །རྣམ་དཔྱོད་ཧུབ་ཀྱིས་བདེ་བླག་དྲངས་བྱས་ནས། །ཟག་མེད་དགོངས་ཀློང་ཡངས་པར་ལེགས་བསྐྱིལ་བའི། །ཀུན་གཟིགས་རོང་ཀློང་རྣམ་གཉིས་གཙུག་གིས་བསྟེན། །དྲི་མེད་རྒྱལ་བསྟན་མདོ་སྔགས་ཆོས་ཀྱི་ཚུལ། །བཀའ་གཏེར་དག་སྣང་རིན་ཆེན་ནོར་བུའི་མཛོད། །སྐལ་བཟང་གདུལ་བྱའི་ཆེད་དུ་སྩོལ་མཁས་པ། །ཆོས་རྒྱལ་གཏེར་བདག་གླིང་པ་བསྔགས་འོས་མཆོག ། བཅུ་ཕྲག་རིགས་ལམ་མཐའ་བྲལ་ཀུན་གསལ་ཁྱོན། །མཁྱེན་རབ་འོད་སྣང་བྱེ་བས་ཀུན་ནས་ཁྱབ། །འཆད་རྩོད་རྩོམ་པས་བསྟན་པའི་བ་དན་བསྒྲེང༌། །ལོ་ཆེན་ཆོས་དཔལ་རྒྱ་མཚོར་གུས་པས་འདུད། །དྲི་མེད་ཐུབ་བསྟན་ག་བུར་རྡུལ་བརྩེགས་ཀཻ་ལ་ཤ་ཡི་རི་བོའི་སྤོར། །ཤིན་ཏུ་རྨད་བྱུང་འཆད་རྩོད་རྩོམ་པའི་རྩལ་གསུམ་རྫོགས་པས་ཀུན་ནས་བརྗིད། །ཕས་རྒོལ་ལོག་སྨྲས་རི་དྭགས་སྡེ་ཚོགས་མཐའ་དག་འཇིགས་མཛད་སྨྲ་བའི་སེང༌། །གངས་ལྗོངས་མཁས་པའི་གཙུག་རྒྱན་མཆོག་གྱུར་མི་ཕམ་ཕྱོགས་ལས་རྣམ་རྒྱལ་བསྔགས། །ཤིན་ཏུ་བརྟན་པའི་ཐུགས་བསྐྱེད་རབ་བརླིང་ནོར་འཛིན་ཡངས་པའི་ལྟོ་བ་རུ། །བསྡུ་དངོས་བཞི་དང་ཚད་མེད་རྣམ་བཞིའི་རྩ་བ་རབ་བརྟན་བྱང་ཆུབ་སེམས་ཀྱི་ལྗོན་བཟང་རྒྱས། །སྤངས་རྟོགས་ཡོན་ཏན་ཁོ་ལག་ཡོངས་རྫོགས་སྐུ་གསུམ་འབྲས་བུ་ཀུན་ནས་སྨིན། །མཁས་གྲུབ་བྱེ་བའི་དབུས་ན་མངོན་འཕགས་གྲུབ་པའི་དབང་ཕྱུག་ཕུག་ཁང་པ་དེ་སྲིད་ན་རྒྱལ། །སྤྲོས་བྲལ་རང་བྱུང་ཡེ་ཤེས་རྡོ་རྗེའི་ཁམས། །རབ་འབྱམས་ཞི་དང་ཁྲོ་བོའི་རྣམ་པར་ཤར། །མཆོག་ཐུན་དངོས་གྲུབ་ནོར་བུའི་དཔལ་སྩོལ་བའི། །ཡི་དམ་ཞི་དང་ཁྲོ་བོས་ཤིས་པ་སྩོལ། །རྣམ་བཞིའི་ཕྲིན་ལས་སྒྲུབ་ལ་ཆེས་དཔའ་བའི། །ཞིང་སྔགས་ལྷན་སྐྱེས་ཌཱཀྐིའི་སྡེ་ཚོགས་དང༌། །མི་བསྲུན་ཉམས་པའི་དཔུང་ཚོགས་མཐར་བྱེད་པའི། །བསྟན་སྲུང་རྒྱ་མཚོས་དགེ་ལེགས་ཆར་དུ་བསྙིལ། །དེ་ལྟར་རྨད་བྱུང་ཡོན་ཏན་འབུམ་ལྡན་པའི། །བསྔགས་འོས་དམ་པར་བསྟོད་སྔགས་ནོར་བུའི་ཕྲེང༌། །ཕུལ་བྱུང་དད་པའི་སོར་མོས་ལེགས་བསྟར་ནས། །ལེགས་བཤད་གཏམ་གྱི་མཆོད་སྤྲིན་རྣམ་པར་འགོད། །

༈ དེ་ལྟར་བཀྲ་ཤིས་དགེ་ལེགས་ཀྱི་འདོད་པ་འཇོ་བའི་མཆོག་གསུམ་ལྷ་དང་བླ་མར་ཕྱག་འཚལ་ཞིང་ཤིས་པ་བརྗོད་པའི་ཚིག་ཕྲེང་པདྨ་དཀར་པོའི་ཕྲེང་བ་སྔོན་དུ་བསྟར་བས། ལེགས་བྱས་བརྒྱ་ཕྲག་གི་ལམ་བཟང་ཀུན་ནས་ཕྱེ་བ་དང་བཅས་པས། དེང་གི་སྐབས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་བཀྲ་ཤིས་པའི་དུས་ཚེས་འདི་ལ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་བཟང་དམ་པ། བདག་སོགས་གདུལ་འགྲོ་ཡོངས་ཀྱི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ། ཀུན་གཟིགས་བསྟན་པའི་མངའ་བདག་མཆོག་གི་སྤྲུལ་པའི་སྐུ་རྡོ་རྗེ་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གང་ཉིད་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད་པ་ཉིད། མི་ཤིགས་ཆོས་བདུན་གྱིས་ཀུན་ནས་བརྗིད་པའི་གསེར་གྱི་ཁྲི་འཕང་མཐོན་པོ་སྟོབས་ལྡན་གདོང་ལྔའི་བཏེགས་པ་ལ། ཞབས་ཟུང་འཁོར་ལོའི་མཚན་གྱི་རེ་ཁཱ་རྣམ་པར་བཀྲ་བ་ཉིད་བཀོད་པའི་བཀའ་དྲིན་གསོ་བ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་དང༌། དགའ་སྟོན་རྟེན་འབྲེལ་བཟང་པོའི་དུས་སྟོན་དང༌། སླད་ཆར་གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་ཅིང༌། ཕྲིན་ལས་འོད་སྣང་བྱེ་བས་ས་གསུམ་མཐའ་དག་ཁྱབ་ཅིང༌། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཞིང༌། སྨིན་གྲོལ་བདུད་རྩིའི་གྲུ་ཆར་ཀུན་ནས་འབེབས་པར་བསྐུལ་ཞིང་གསོལ་བ་འདེབས་པའི་རྟེན་དུ། དངོས་པོའི་མཆོད་སྤྲིན་ཚོགས་བསགས་ཀྱི་ཐོག་མར། ཇི་སྐད་དུ། འཇམ་མགོན་སྨྲ་བའི་སེང་གེ་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བས། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །ཞེས་གསུངས་པ་ལྟར། ལུང་དང་རིགས་ལམ་དང་འབྲེལ་བའི་གཏམ། ཇི་སྐད་དུ་སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་སྟེ། །རྐུན་པོ་སོགས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་འགྱུར་མེད་མཛའ་བོའི་མཆོག །མྱ་ངན་ནད་ཀྱིས་མི་གནོད་སྨན་གྱི་མཆོག ། ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །ཞེས་སོགས་གསུངས་པ་ལྟར། ལེགས་བཤད་ཀྱི་མཆོད་སྤྲིན། བསྐལ་བཟང་རྣམ་འདྲེན་སྟོང་ལས་ཀྱང་ཐུགས་བསྐྱེད་ཀྱི་གོ་ཆ་རྨད་དུ་བྱུང་ཞིང་སྨོན་ལམ་ཆེན་པོ་ལྔ་བརྒྱས་འཕྲུལ་ཐབས་ཀྱིས་བདག་ཅག་སྙིགས་ལྔའི་འགྲོ་བ་མཐའ་དག་རྗེས་སུ་འཛིན་པའི་ངོ་མཚར་ཕྲིན་ལས་ཀྱི་རོལ་པ་རྨད་དུ་བྱུང་བ་སྟོན་པ་མཉམ་མེད་རྣམ་འདྲེན་བཞི་པའི་བཀའ་དྲིན་རྗེས་སུ་དྲན་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་ལས་བརྩམ་པ་སོགས་ལེགས་པར་བཤད་པའི་རྒྱུད་མང་ཅིར་ཡང་ཁྲོལ་ཞིང་། རབ་འབྱམས་ཞིང་ཁམས་ཀྱི་བཀོད་པ་རྒྱས་པར་འབུལ་བའི་ཚུལ་ལས་བརྩམ་པ་སོགས། མཁྱེན་རབ་ཀྱི་འདབ་བརྒྱ་བཀྲ་ཞིང་མང་ཐོས་ཚུལ་ལྡན་གྱི་སྡེ་སྣོད་འཛིན་པ་དག་གིས་སྙན་འཇེབས་ཚིག་གི་ལམ་ནས་སྔ་ཕྱི་རྣམས་སུ་སྤྲོས་པ་བཞིན་ལ། འདིར་ས་བཅད་བཞིའི་ཆིངས་ཀྱིས་བཅིངས་ནས་འཆད་པར་བྱེད་པ་ལ། དང་པོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞིའི་ཁོག་ཕུབ་པ་དང༌། གཉིས་པ་ཡང་སྒོས་སྐྱབས་མཆོག་རྡོ་རྗེ་འཆང་གི་གསང་གསུམ་གྱི་ཆེ་བའི་ངོ་མཚར་གླེང་བ་དང༌། གསུམ་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་བླ་མ་མཆོད་པའི་ཕན་ཡོན་ཟབ་གསང་རྒྱུད་ཀྱི་ལུང་གིས་བརྗོད་པ་དང༌། བཞི་པ་རྣམ་མང་དངོས་རྫས་བྱེ་བའི་མཆོད་སྤྲིན་ཀུན་ནས་སྤེལ་བས་བསོད་ནམས་ཀྱི་སྒོ་བརྒྱ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་སྡེ་བཞིའི་ཚུལ་གྱིས་སྙན་སྒྲོན་འབུལ་བ་ལ།

དང་པོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞིའི་ཁོག་ཕུབ་པ་ནི།

དེ་ཡང་འོག་མིན་དག་པའི་དཀྱིལ་འཁོར་དུ་གསང་ཆེན་རྒྱུད་ཀྱི་བྱུང་ཚུལ་དང་། མཆོག་གི་སྤྲུལ་པའི་སྐུས་གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་ཞིག་ཡིན་ལ་དེང་གི་དུས་དེ་ལྟ་བུའི་ཚུལ་གྱིས་གླེང་སློང་བ་ལ།

ཐོག་མར་གནས་ཕུན་སུམ་ཚོགས་པ། འཕགས་མཆོག་མིག་མི་འཛུམ་པའི་ཞིང་ཁམས་ཀྱི་ཆ་སྒང་དྲུག་འདོད་ཁམས་ཀྱི་གསེར་ལྡན་ཡངས་པའི་ལྟེ་བ་ཡུལ་གྱི་དགེ་བཅུ་ཚང་བ། ནོར་འཛིན་བརྟན་པའི་གཞི་ལ་འདབ་བརྒྱད་པདྨའི་སྣང་བརྙན་བཀྲ་བ། འཆི་མེད་ལྷ་ཡི་ལམ་དུ་འཕགས་ལམ་བརྒྱད་ཀྱི་གྲངས་ཀྱིས་བཀྲ་བའི་དྷརྨ་ཙཀྲ་རྣམ་པར་མཛེས་པ། ཕྱོགས་མཚམས་ཀྱི་ལོགས་ལ་བཀྲ་ཤིས་པའི་རྟགས་ཀྱི་མངོན་པར་སྤུད་པ། མདོར་ན་གཙུག་ལག་ལས་བྱུང་བའི་དགེ་མཚན་ཐམས་ཅད་གཅིག་ཏུ་སྤུངས་པའི་ངོ་མཚར་མཆོག་གི་གནས། ཆོས་སྲིད་ལུགས་གཉིས་ཀྱི་ཉི་ཟླ་ཟུང་དུ་འབྲེལ་ཞིང་དྲི་མེད་རྒྱལ་བའི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་གནས་ཕུན་སུམ་ཚོགས་པ་བདེ་ཆེན་ཆོས་འཁོར་ལྷུན་པོ་འདི་ཉིད་ནི་གནས་ཕུན་སུམ་ཚོགས་པ་དང༌།

དུས་ཕུན་སུམ་ཚོགས་པ། བསྟན་པའི་བདག་པོ་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པ་ཆེན་པོ་ཉིད་མཁས་དབང་ཕུག་པ་ཡབ་སྲས་རྗེས་འབྲང་དང་བཅས་པའི་བཞེད་པ་ལྟར་ན། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ལ་གཟིགས་པ་རྣམ་པ་ལྔས་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་ཞུགས་ནས་ལོ་ཚོགས་མིག ༢༩༥༢དབང་གཏེར་ཟུང་གི་ངོ་ཐོག་གི་དུས་དང་། དྲག་པོ་ལྕགས་སྤྲེལ་ལ་ངོ་མཚར་རྨད་དུ་བྱུང་བའི་བཀོད་པས་གཟུགས་སྐུའི་ཉིན་བྱེད་རྣམ་པར་ངོམས་ནས་༢༩༥༡གཟུགས་འབྱུང་རྩ་མིག་གི་ལོ་དང༌། རྒྱལ་བ་ཞེས་པ་ཤིང་རྟ་ས་གའི་ཉ་ལ་མངོན་པར་བྱང་ཆུབ་པ་དང་། འཇིག་རྟེན་དུ་སྔར་མ་བྱུང་བའི་རྨད་བྱུང་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་བགྲང་བྱ་རི་གཟུགས་༢༩༡༧གཏེར་མིག་གི་ངོ་ཐོག བྱིངས་རྐྱེན་རྣམ་འགྱུར་ལས་གྲུབ་པའི་སཾ་སྐྲྀ་ཏ་འོད་གསལ་ལྷའི་སྐད་དུ་སྲ་མ་དཱི་ཞེས་པ། དེ་ཉིད་བསིལ་ལྡན་བོད་ཀྱི་ལྗོངས་འདིར་རབ་མྱོས་ཞེས་འབོད་པ། ཕོ་བྲང་གླིང་དགུའི་དབུས་ན་ལྷ་ཕྲུག་གཞོན་ནུ་རབ་དཀར་ཟླ་གཞོན་གྱི་ཁ་དོག་འཆང་བའི་མ་ཀུ་ར་ཀུན་ནས་ངོམས་པ། འབྱུང་བརྩིས་པའི་ལུགས་ལ་ལྕགས་ཕོ་རྟ་ཡི་ལོ། མ་ཧཱ་ཙི་ནའི་ཡུལ་དུ་གིའུ་ཞེས་འབོད་པ་འབྱུང་བ་གསུམ་ལྡན། རིན་ཆེན་གསལ་བའི་སྒྲོན་མེ་དང་། གངས་ཅན་རྩིས་རིག་སྨྲ་བའི་ཁྱུ་མཆོག་མཁས་པའི་དབང་པོ་ཁྱུང་ཕུག་བརྒྱུད་པ་དང་བཅས་པའི་བཞེད་པ་ལྟར་ན་ས་ཕོ་སྤྲེལ་གྱི་ཟླ་བ་སྟེ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ཉིད་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རང་བྱུང་རིག་པ་ཐོལ་སྐྱེས་ཚུལ་དུ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལས་སྐུ་འཁྲུངས་པའི་དུས་ཆེན། ཆེན་པོ་ཧོར་གྱི་ལུགས་ཀྱི་ཟླ་བ་ལྔ་བ། བསྟན་དང་སྟོན་པ་གཉིས་གྱུར་དམ་ཆོས་འདུལ་བའི་བཞེད་པ་ལ་དབྱར་གྱི་དུས་ཟླ་བཞིའི་གསུམ་པ་སྣྲོན་གྱི་ཟླ་བ། ལེགས་ཚོགས་ཡོན་ཏན་གོང་དུ་འཕེལ་བ་ཡར་ཚེས་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས། དེ་ཡང་མཁས་པའི་མགུལ་རྒྱན་བཻཌཱུར་དཀར་པོའི་དོ་ཤལ་ལས། དྲུག་ལ་སྐྲ་འཁྲུ་རབ་གནས་དང༌། །ས་ཁ་འབྱེད་དང་རྒྱས་ལས་བཟང༌། །ཞེས་གསུངས་པ་དང་། རེས་གཟའ་སྒྲ་མཁན་ཕུར་བུ་ལ། ཇི་སྐད་དུ། ཕུར་བུ་བྱང་སེམས་བློན་པོ་དང༌། །བན་དེ་སྐྱེས་པའི་བླ་གཟའ་ཡིན། །སྐུ་མདོག་སེར་པོ་བྲམ་ཟེའི་རིགས། །ཞི་དྲག་འདྲེས་མ་རླུང་གི་ཁམས། །རབ་བྱུང་དབང་བསྐུར་རབ་གནས་སྡོམ། །དགེ་ལས་དཀྱིལ་འཁོར་སྦྱིན་སྲེག་དང༌། །རིག་བསླབ་འཆད་ཉན་རྒྱལ་སར་འཇུག །འདུན་འགྲོས་བསྟན་པའི་ལས་རྣམས་དང༌། །སྟོན་མོ་བཀྲ་ཤིས་བྱ་བར་བཟང༌། །ཞེས་དང༌། སྐར་མ་འཚོ་བ་སྐྱེས་ཞེས་པ་སྟེ་གྲེ་ལ་བབས་པས་འདི་ལྟར་གསུང་སྟེ། གྲེ་ནི་སྐར་གཉིས་ལྷ་ཁྱབ་འཇུག །བསྟན་པའི་དོན་འགྲུབ་སྐར་མ་སྟེ། །གཉེན་སྦྱོར་ནོར་བླང་ཚེ་གཡང་མདོས། །གཉེན་འཕྲད་ཚུར་འགུགས་བང་མཛོད་དབྱེ། །སྲུང་བསྟེན་ལྷ་གསོལ་དབང་བསྐུར་དང༌། །དབང་ལས་རྒྱན་སྤྲོད་མོ་རྩིས་བྱ། །བརྟན་ལས་ཐབས་བཅའ་ཆུ་རག་རྒྱག །རབ་བྱུང་འཆད་ཉན་དཀྱིལ་འཁོར་བྲི། །སྦྱིན་སྲེག་བྱ་བ་སོགས་ལ་བཟང༌། །ཞེས་པ་དང༌། དེ་ལྟར་རེས་གཟའ་ལྷ་ཡི་བླ་མ་དང༌། རྒྱུ་སྐར་འཚོ་བ་སྐྱེས་མ་འཛོམས་པས་འབྱུང་བའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་མེ་རླུང་འཕྲད་པའི་སྟོབས་ལྡན་སྦྱོར་བ་སྟེ། གཙུག་ལག་གི་གཞུང་ལས། མེ་རླུང་འཕྲད་པས་ལས་གསུམ་འགྲུབ། །མངའ་ཐང་ལོངས་སྤྱོད་ལྡན་པ་ཡིན། །ཞེས་གསུངས་པ་དང་། ཐུན་མོང་དྲང་སྲོང་བདུན་གྱི་ལུགས་ལྟར་འཕྲོད་ཉེར་བརྒྱད་ཀྱི་ནང་ཚན་གླང་པོ་སྟེ། དེ་ཡང་ཇི་སྐད་དུ། གླང་པོ་གླང་ཆེན་ཤུགས་ལས་མགྱོགས། །འགྲོ་འོང་འདུག་མལ་ཀུན་བདེ་ཞིང༌། །གཏམ་དང་གྲགས་པ་ལས་གྲུབ་པ། །གླང་པོ་ཀུན་གྱི་སྨོན་པ་འགྲུབ། །ཅེས་གསུངས་པ་དང༌། དེས་ན་ཕྱི་ནང་གི་རྟེན་འབྲེལ་དང་གཟའ་སྐར་གྱི་འཕྲོད་སྦྱོར་སོགས་ཕུན་ཚོགས་གནས་དུས་ཀྱི་དགེ་མཚན་ཐམས་ཅད་ཅིག་ཆར་དུ་འཛོམས་པའི་དུས་ཕུན་སུམ་ཚོགས་པ་དང༌།

སྟོན་པ་ཕུན་སུམ་ཚོགས་པ། ཆོས་དབྱིངས་སྤྲོས་བྲལ་གྱི་ཀློང་ན་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ། ལྔ་ལྡན་ལོངས་སྐུའི་ཞིང་ན་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཆེན་པོ། སྤྲུལ་པ་སྐུ་ཡི་ཞིང་ན་འཚོ་མཛད་སྨན་པའི་རྒྱལ་པོ་དང་། གསང་ཆེན་བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་ཆོས་སོགས་ཀྱི་རྣམ་རོལ་གཅིག་ཏུ་བསྡུས་པ། གྲུབ་དབང་ཕུག་ཁང་བ་པདྨ་རིན་ཆེན་གྱི་སྐུ་ཕྲེང་ལྔ་བ། དེ་ཡང་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་སྤྱན་ལྡན་མཚོ་སྐྱེས་རྒྱལ་བའི་ཞལ་ཚབ་འཇམ་མགོན་ས་སྐྱའི་གོང་མ་ཆེན་པོ་དང་། འཇམ་དཔལ་སྨྲ་བའི་སེང་གེ་བཤེས་གཉེན་དམ་པའི་ཤ་ཚུགས་འཆང་བ་ཀུན་གཟིགས་རྒྱལ་སྲས་རིན་པོ་ཆེ་སོགས་ཀྱི་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་ཤིང་། བསྟན་པའི་སྣང་བྱེད་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དམ་པ་གང་གི་མཚན་གྱི་ཅོད་པཎ་རབ་ཏུ་བརྗིད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། རིག་འཛིན་འགྱུར་མེད་དགའ་རབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཉིད། གདུལ་བྱ་ཡོངས་ཀྱི་མགོན་དང་གཙུག་རྒྱན་དུ་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཆེན་པོ་མཚན་དཔེའི་སྐུ་དཀྱིལ་དངོས་སུ་བཞུགས་པ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། ཇི་སྐད་དུ་བ་ཚྭ་ཆུ་ཀློང་གི་མདོ་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་འོང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་པ་ལྟར་ལྔ་བརྒྱའི་ཐ་མ་འདིར་རྫོགས་པའི་སངས་རྒྱས་ཉིད་དགེ་བའི་བཤེས་གཉེན་གྱི་རྣམ་པར་ཤར་བ་ཡིན་ཏེ། གྲུབ་པའི་དབང་ཕྱུག་མགོན་པོ་བིརྺ་པའི་ཞལ་ནས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོད་འདོད་པའི། །ཀུན་ནས་བླ་མ་མཉེས་པར་བྱ། །ཞེས་དང༌། དཔལ་གསང་བ་འདུས་པ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་ལས་ལྷག །ཡོན་ཏན་མཆོག་གི་གཏེར་གྱུར་པ། །དཔལ་ལྡན་བླ་མར་སྤྱི་བོས་འདུད། །ཅེས་གསུངས་པ་དང་། སྤྱིར་སྤྲུལ་པའི་སྐུ་བླ་མ་རྡོ་རྗེ་སློབ་དཔོན་ནི། དཔེར་ན་ཚོང་པ་རིན་ཆེན་ནོར་བུའི་གླིང་དུ་བགྲོད་པ་ལ་དེད་དཔོན་མཁས་པ་ལྟར། བདག་ཅག་གདུལ་བྱ་རྣམས་ཐར་མཆོག་ཞི་བའི་གླིང་དུ་བགྲོད་པ་ནི་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་ལ། སྤྲུལ་པའི་སྐུ་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མཐའ་དག་ཉེས་སྐྱོན་གྱི་དྲི་མ་མེད་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་བརྒྱན་པ། འགྲོ་བ་ཡོངས་ལ་སྙོམས་པའི་བྱམས་དང་སྙིང་རྗེ་ཆེ་བ་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ་འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ་སྟེ། སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུའོ། །ཐར་བའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། །སྲིད་པའི་རྒུད་པ་རྣམས་སེལ་བའི་ཡིད་བཞིན་ནོར་བུའི་རྒྱལ་པོ་ལྟ་བུའོ། །ལས་དང་ཉོན་མོངས་པའི་མེ་འཇིལ་བའི་ཆུ་བོ་ལྟ་བུའོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་སྤྲིན་བཟང་པོ་ལྟ་བུའོ། །ཞེས་སོགས་གསུངས་པ་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་འདི་སྐད་ཅེས་གསུངས་ཏེ། འཇིག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་འབྱུང་བར་དཀའ་བ་ལྟར། སངས་རྒྱས་འབྱུང་དཀའ་ལ་དེའི་ཐུགས་རྗེ་ལས་སྤྲུལ་པའི་དགེ་བའི་བཤེས་གཉེན་དམ་པའང་འབྱུང་དཀའ་སྟེ། ཞེས་གསུངས་པ་ལྟར་ད་རེས་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་མཆོག་གི་སྤྲུལ་པའི་སྐུ་འདི་ཉིད་ནི་ཡོན་ཏན་ཚད་མེད་པའི་མངའ་བདག་སྟེ། དེ་ཡང་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་མཉན་པ་ལྟ་བུའོ། །ཐར་བའི་ལམ་སྣ་འདྲེན་པའི་དེད་དཔོན་ལྟ་བུ། སྲིད་ཞིའི་རྒུད་པ་སེལ་བའི་ཡིད་བཞིན་ནོར་བུ་ལྟ་བུ། ཉོན་མོངས་པའི་མེ་དཔུང་འཇིལ་བའི་བདུད་རྩིའི་ཆུ་རྒྱུན་ལྟ་བུ། ཆོས་ཀྱི་ཆར་ཆེན་འབེབས་པའི་ཆུ་འཛིན་གྱི་བླ་བྲེ་ལྟ་བུ། འགྲོ་ཀུན་དགའ་བ་བསྐྱེད་པས་ལྷ་ཡི་རྔ་ཆེན་ལྟ་བུ། དུག་གསུམ་གྱི་ནད་ཀུན་སེལ་བ་སྨན་པའི་རྒྱལ་པོ་ལྟ་བུ། མ་རིག་པའི་མུན་པ་སེལ་བའི་ཉི་ཟླའི་སྒྲོན་མེ་ལྟ་བུ། འདོད་དགུའི་རེ་བ་འབྱུང་བའི་དཔག་བསམ་གྱི་ཤིང་ཆེན་ལྟ་བུ། ཕྲིན་ལས་ཀྱི་འོད་སྟོང་མངའ་བས་ཉི་མའི་དཀྱིལ་འཁོར་ལྟ་བུ་སོགས་ངོ་མཚར་ཚད་མེད་པ་མངའ་ཞིང་། གཞན་ཡང་དགོངས་ཀློང་ནམ་མཁའ་ལྟར་རྒྱ་ཆེ། ཏིང་འཛིན་ཉི་ཟླ་ལྟར་འོད་གསལ། མཁྱེན་རབ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག རང་བཞིན་རི་རྒྱལ་ལྟར་ངང་བརྟན། འགྲོ་ལ་ཕ་མ་ལྟར་ཐུགས་སྙོམས། ཡོན་ཏན་གཏེར་མཛོད་ལྟར་ལྷུན་གྱིས་གྲུབ་པ། ཡོན་ཏན་རེ་རེའི་ཆ་ཡང་དཔག་པར་དཀའ་བ། མཐོང་ཐོས་དྲན་རེག་ཐམས་ཅད་འཁོར་བ་ལས་ཕྱིར་བསྙིལ་བ། ཐར་པའི་ས་བོན་ཐེབས་པ། སངས་རྒྱས་ཀུན་དང་ཕྲིན་ལས་ཀྱི་བྱེད་པ་གཅིག་པ་སྟེ། བདེ་མཆོག་རྩ་རྒྱུད་ལས། མཐོང་བ་དང་ནི་རེག་པ་དང༌། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དང་སྤྲོ་གཞི་ཡིན་པས་དཀོན་མཆོག་བཞི་པ་ཡིན་ཏེ། ཇི་སྐད་དུ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་གསུངས་པ་དང༌། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་ནས་ཐར་བའི་ས་བོན་འདེབས་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག་ཅེས་པ་ལྟར། གང་འདུལ་སྤྲུལ་པའི་སྐུར་སྣང་བའི་བླ་མ་རྡོ་རྗེ་སློབ་དཔོན་ནི། སངས་རྒྱས་ལས་ཀྱང་ལྷག་པར་རྒྱལ་བ་ཉིད་ཀྱིས་གསུངས་པ་དང་། བཀའ་དྲིན་གྱི་ངོས་ནས་བསམ་ན་སྡོང་པོ་བཀོད་པའི་མདོ་ལས་གསུངས་པ་ལྟར། སྤྲུལ་པའི་སྐུ་བླ་མ་རྡོ་རྗེ་སློབ་དཔོན་ནི། བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། འཁོར་བའི་གྲོང་ཁྱེར་ལས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། བྱང་ཆུབ་ཀྱི་ལམ་སྟོན་པ། ཡི་དམ་ལ་འཇོག་པ་ནན་ཏན་ལ་འགོད་པ། ཤེས་རབ་ཀྱི་མིག་སྦྱོང་བ། སྙིང་རྗེ་ཆེན་པོ་བསྐྱེད་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པ། ཟབ་རྒྱས་ཀྱི་གདམས་ངག་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་གནས་པར་བྱེད་པའོ། །དེས་ན་མདོ་ལས་འདི་སྐད་གསུངས་ཏེ། ཡོན་ཏན་འོ་མ་ལྡུད་པའི་མ་མ་འདྲ། །རྒ་ཤི་མཐར་བྱེད་སྨན་པ་ལྟ་བུའོ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཉི་ཟླ་ལྟ་བུར་དཀར་པོའི་ཆོས་ཀྱི་རྗེ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་དུ་ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བ་མངའ་བའི་སྟོན་པ་ཕུན་སུམ་ཚོགས་པ་དང༌།

ཆོས་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། ལེགས་པར་སྦྱར་བའི་སྐད་དུ་དྷརྨ་ཞེས་ཆོས་ཀྱི་སྒྲ་དོན་དགུ་ལ་འཇུག་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་བ་ལས་སྐབས་འདིར་ནི་དེ་རྣམས་ཀྱི་ནང་ནས། ཁྱད་པར་འཕགས་པ་དམ་པའི་ཆོས་ཉིད་གཟུང་བར་བྱ་བ་ཡིན་ལ། དེའང་མཚན་ཉིད་ཀྱི་དབང་དུ་བྱས་ན། ཐོས་པ་རྒྱ་མཚོའི་མངའ་བདག་མགོན་པོ་དབྱིག་གཉེན་གྱི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། གང་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་དང༌། གང་གིས་ཆགས་པ་དང་འབྲལ་བྱེད་ལམ་གྱི་བདེན་པ་དང་བཅས་པ་རྟོགས་པ་དམ་པའི་ཆོས་དང་། དེ་ཉིད་བརྗོད་བྱར་སྟོན་པ་ལུང་གི་ཆོས། དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་རླབས་པའི་བཀའ་དང་། དེའི་དགོངས་འགྲེལ་འཕགས་པའི་ཡུལ་དུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། རྨད་དུ་བྱུང་བའི་སློབ་དཔོན་རྣམ་གཉིས། ཆེན་པོ་བཞི། མཁས་པ་སྒོ་དྲུག་སོགས་བགྲང་ལས་འདས་པ་དང༌། བསིལ་ལྡན་བོད་ཀྱི་ལྗོངས་འདིར། བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་གང་ཟག་འཕགས་ཆེན་ས་ལ་གནས་པ་རྣམས་ཀྱིས་སྦྱར་བའི་བསྟན་བཅོས་རྣམས་དང་བཅས་པ་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ། དེ་ཡང་ཚངས་སྤྱོད་ཡོན་ཏན་བཞི་དང་ལྡན་ལ་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། རྒྱལ་ཚབ་ཆེན་པོའི་མདོ་སྡེ་རྒྱན་ལས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །ཞེས་གསུངས་པ་དང༌། ངོ་བོའི་དབང་དུ་བྱས་ན། ཇི་སྐད་དུ། ཉེས་པ་དག་ནི་ཐམས་ཅད་དང༌། །སྒྲིབ་ཀུན་སེལ་བ་དམ་པའི་ཆོས། །ཞེས་པ་ལྟར། གང་ལ་ཚུལ་བཞིན་དུ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་སྟེ། དྷརྨ་ཙཀྲ་ཞེས་པ་ཆོས་ཀྱི་འཁོར་ལོ་སྟེ། ཙཀྲའི་སྒྲ་འཕོ་བ་ཚོགས་པ་སོགས་ལ་འཇུག་པས། རྟོགས་པའི་ཆོས་འདུལ་བྱའི་རྒྱུད་ལ་འཕོ་བ་དང་། ལུང་གི་ཆོས་ཆོས་ཀྱི་ཕུང་པོ་དུ་མ་ཚོགས་པ་དང༌། ཉོན་མོངས་པ་གཅོད་པའི་དོན་གྱིས་དེ་ལྟར་བཤད་ལ། དེ་ཡང་སྐབས་འདིར་ཇི་སྐད་དུ། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང༌། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང༌། །སྙིང་རྗེའི་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་གསུངས་པ་ལྟར། རྒྱལ་བ་ཐམས་ཅད་ཀྱི་རྣམ་རོལ་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད། མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་དང་སྒྲིབ་པ་སེལ་ཞིང་ཕན་བདེའི་མཛོད་དུ་གྱུར་པས་གསང་གསུམ་གྱི་ཡོན་ཏན་ཕྲིན་ལས་ཀྱི་འཇུག་པ་མཐའ་དག་ཆོས་ཀྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟེ་ཆོས་ཕུན་སུམ་ཚོགས་པ་དང༌།

འཁོར་ཕུན་སུམ་ཚོགས་པ་ནི། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་འཆད་རྩོད་རྩོམ་གསུམ། གཉིས་དོན་བཤད་སྒྲུབ་ལས་གསུམ་གྱི་ཚུལ་ལ་མངའ་དབང་འབྱོར་བའི་སྡེ་སྣོད་འཛིན་པའི་ཚོགས་དང་། ཐུགས་རྗེས་ཡས་སྤྲུལ་གྱི་སྐྱེས་བུ་ལྟ་དགོངས་རྣམ་པར་དག་པའི་རྣལ་འབྱོར་པ། ཕྱི་འདུལ་ཁྲིམས་གཙང་མའི་ས་གཞི་ལ། ནང་བྱང་སེམས་སྙིང་རྗེའི་སྡོང་པོ་རྩ་བ་བརྟན་ཞིང་། གསང་བ་རིག་འཛིན་སྔགས་ཀྱི་གྲུབ་གཉིས་ཀྱི་འབྲས་བུ་སྨིན་པའི་དགེ་འདུན་འདུས་པའི་སྡེ་བརྒྱ་སྟོང་ཕྲག་དུ་མ་དང་། གཞན་ཡང་ལུགས་གཉིས་ཀྱི་ཚུལ་ལ་རྣམ་དཔྱོད་མཁའ་ལྟར་ཡངས་ཤིང་། ངང་རྒྱུད་བཟང་ཞིང་བརྟན་པ། རྒྱལ་བསྟན་རིན་པོ་ཆེ་ལ་ལྷག་བསམ་རྣམ་པར་དཀར་བའི་ཡ་རབས་དྲ་མའི་ཚོགས་དང་། གཞན་ཡང་སྔོན་བསགས་བསོད་ནམས་ཀྱི་དཔུང་སྟོབས་ཆེ་ལ། མཆོད་སྦྱིན་ཚོགས་བསགས་ཀྱི་ལས་ལ་སྤྲོ་ཞིང་། དད་དམ་འགྱུར་བ་མེད་ཅིང་། མོས་གུས་རི་ལྟར་བརྟན་པ། གཏོང་ཕོད་ཀྱི་བསམ་པ་མཁའ་ལྟར་རྒྱ་ཆེ་བའི། ཡོན་བདག་མི་སྐྱ་ཕོ་མོ་གྲངས་ལས་འདས་པ་རྣམས། ལུས་གུས་འདུད་ཀྱིས་དད་ཕྱག་ལ་བརྩོན་པ། ངག་སྙན་འཇེབས་ཀྱིས་གསོལ་འདེབས་ལ་འབུང་བ། ཡིད་དད་མོས་ཀྱིས་བསམ་པ་བརྟན་པ་དང་ཚོགས་བསགས་བསོད་ནམས་ཀྱི་ལས་ལ་གཅིག་ཏུ་དགའ་བའི་གདུལ་བྱའི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་སྟེ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་ཀུན་ནས་དགེ་ཞིང་མངོན་པར་མཛེས་པས་ས་གསུམ་གྱི་ཁྱོན་ཡོངས་སུ་བརྒྱན་པས་ངོ་མཚར་གྱི་བཀོད་པ་མཐའ་ཀླས་པས་མཛེས་པའོ། །

༈ ས་བཅད་གཉིས་པ་སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་གང་གི་ཆེ་བའི་ཡོན་ཏན་ལས་བརྩམ་སྟེ་ཞུ་བ་ནི། གདོད་མ་ནས་སྐུ་གསུམ་རྒྱལ་བ་ཐམས་ཅད་དང་དགོངས་ཀློང་རོ་གཅིག་ཏུ་མངོན་པར་བྱང་ཆུབ་སྟེ། གྲངས་མེད་པའི་ཞིང་རབ་འབྱམས་རྣམས་སུ་སྐུ་གསུང་ཐུགས་ཀྱི་བཀོད་པ་མཐའ་ཡས་པའི་གདུལ་བྱ་མཐའ་དག་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་བྱང་ཆུབ་རྣམ་པ་གསུམ་ལ་བཀོད་པ་གྲངས་དང་ཚད་ལས་འདས་པ་གང་ཡིན་པ་དེ། འཕགས་ཆེན་ས་ལ་གནས་པའི་སྤྱོད་ཡུལ་ལས་ཀྱང་འདས་པ་ཡིན་ན། རང་རེ་བྱིས་པའི་བློ་གྲོས་ཁབ་མིག་ལྟ་བུས་ཇི་ལྟར་གཞལ་བར་འོས་ཀྱང་། འོན་ཀྱང་རྣམ་མང་གདུལ་བྱའི་ཞིང་ས་གཤིན་པར་ཐར་དང་རྣམ་མཁྱེན་གྱི་ས་བོན་བསྐྲུན་ཏེ་རྣམ་དཀར་དགེ་བའི་ལོ་ཏོག་སྨིན་ནས་དོན་གཉིས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་ཆེད་དུ་ཅུང་ཟད་གླེང་ན། དེ་ཡང་ཇི་སྐད་དུ། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་ཡོད་མིན་པར། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར། གྲངས་མེད་པའི་བསྐལ་པ་དུ་མར་བྱང་ཆུབ་པའི་མཛད་པ་སོགས་བསྟན་ནས། དེ་རྗེས་ཞིང་འདིའི་ཤར་ཕྱོགས་བལྟ་ན་སྡུག་པ་རྨད་དུ་བྱུང་བའི་ཞིང་མཆོག་དམ་པ་དེར། བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་མའི་སྐུ་ཡི་བཀོད་པ་དང་། ད་ལྟའི་བསྐལ་པ་བཟང་པོ་འདི་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་རྣམ་རོལ་གསང་ཆེན་རྒྱུད་སྡེ་མཐའ་ཡས་པའི་མངའ་བདག་གསང་བདག་རྡོ་རྗེ་ཆོས་དང་། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྫུ་འཕྲུལ་བརྟུལ་ཞུགས་ཀྱི་སྤྱོད་པས་གཞན་སྣང་དབང་དུ་བསྒྱུར་བ་གྲུབ་བརྒྱའི་ཁྱུ་མཆོག་ལྭ་བ་པ་དང་། འཕགས་མཆོག་མིག་མི་འཛུམ་པའི་གདུལ་ཞིང་བསིལ་ལྡན་གྱི་ལྗོངས་འདིར་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་སྲས་གྲུབ་མཆོག་རྗེ་འབངས་ཉེར་ལྔའི་ནང་ཚན་སྲ་མཁྲེགས་རྡོ་ཡི་གོང་བུ་ཟན་ལྟར་མཉེ་ཞིང་གསོལ་བ་དང་། ཁྱད་པར་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཡང་ཞུན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བའི་སྙིང་པོ་སོགས་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་པས་གསང་ཆེན་མ་ཧཱ་ཡོ་གའི་བསྟན་པའི་བདག་པོ་གྲུབ་པའི་དབང་ཕྱུག་ཆེན་པོ་རྨ་ཐོག་རིན་ཆེན་མཆོག་དང་། དེ་རྗེས་དཔལ་རྡོ་རྗེ་རྣལ་འབྱོར་མ་ཆེན་མོས་རྗེས་སུ་བཟུང་ཞིང་མཆོག་གྲུབ་པའི་རྒྱལ་ཐབས་ཆེན་པོ་ལ་དབང་བསྒྱུར་ཏེ་སྙན་བརྒྱུད་རྡོ་རྗེའི་ཚིག་གིས་གསང་བ་ཟབ་མོའི་སྒོ་དབྱེ་བས། སྐལ་ལྡན་ལས་ཅན་རྣམས་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་ནས་ཁ་སྦྱོར་བདུན་གྱི་དཔལ་ལ་འགོད་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་སྐུ་ཡི་བཀོད་པ། བཟུང་ནས་གདུལ་བྱ་མཐའ་དག་བསྐྱངས་པ་དང་། གཞན་ཡང་རིས་མེད་པའི་བསྟན་པའི་གསལ་བྱེད་མཆོག་དང་འགྲོ་བའི་ཕན་བདེ་སྤེལ་བའི་བྱེད་པོ་སོགས་གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་བཟུང་ནས། དེ་རྗེས་བོད་ཆེན་པོའི་ལྗོངས་སྒང་དྲུག་འདོད་ཁམས་ས་ཡི་ཐིག་ལེ་འདིར། གདུལ་བྱའི་དཀར་པོ་རྣམ་པར་སྨིན་པའི་སྟོབས་དང་། སྐྱབས་མཆོག་རྡོ་རྗེ་འཆང་གི་ཐུགས་བསྐྱེད་དང་། སྨོན་ལམ་ནང་འཛོམས་པས་གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིན་ཆེན་དཔལ་བཟང་པོ་ཞེས། སྣང་སྲིད་ཀྱི་ལྷ་འདྲེ་བྲན་དུ་བགྱིད་ཅིང་། ཆོས་སྐྱོང་བའི་ཚོགས་རྣམས་ཅི་བགྱིས་པའི་ལས་ལ་བཀོལ་ཞིང་། དུས་གསུམ་གྱི་ཤེས་བྱ་མཐའ་དག་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་གྲོལ་ཞིང་། སྣང་སེམས་ལ་རང་དབང་ཐོབ་པས་དངོས་སྣང་མཐའ་དག་ལ་མངའ་དབང་བསྒྱུར་ནས་གདུལ་བྱ་ཐབས་ཀྱིས་འདུལ་བ། རྡོ་རྗེའི་ལུང་གིས་བསྔགས་ཤིང་ཐུགས་བསྐྱེད་དུས་སུ་སྨིན་ནས། ཆེ་བ་དྲུག་ལྡན་གྱི་གསང་ཆེན་སྔ་འགྱུར་གྱི་རང་ལུགས་དྲི་མ་མེད་པའི་ཆོས་སྡེ་ཆེན་པོ་བདེ་ཆེན་ཆོས་འཁོར་ལྷུན་པོ་ཞེས་པ་འདི་ཉིད་ཕྱག་བཏབ་མཛད་ནས། བསྟན་རྩ་དམ་ཆོས་འདུལ་བས་གཞི་བཟུང་། གཞན་ཕན་བྱང་སེམས་ཀྱི་ཁོག་ཕུབ། གསང་ཆེན་རྡོ་རྗེ་རྩེ་མོའི་ལྟ་དགོངས་མངོན་དུ་མཛད་ནས་འདུས་པའི་སྡེ་ཆེན་པོ་བཙུགས་པ་སོགས་ཀྱིས། རྒྱལ་བསྟན་ལུང་དང་རྟོགས་པའི་གདུགས་དཀར་པོ་སྨོན་ལམ་དང་ཕྲིན་ལས་ཀྱིས་དཔུང་ཤུགས་བཙན་པོས་སྲིད་རྩེར་བསྒྲེངས་ནས། ཕྲིན་ལས་འོད་སྣང་དཀར་པོས་ས་གསུམ་ཁྱབ་པར་བྱས་པ་སོགས་སྐུ་གསུང་ཐུགས་ཀྱི་མཛད་བཟང་ནམ་མཁའ་དང་མཉམ་པར་གྱུར། དེ་རྗེས་སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་གང་གི་ཡང་སྲིད་འགྱུར་མེད་ངེས་དོན་བསྟན་འཕེལ་མཆོག་ནི། རྣམ་དག་བསླབ་པ་གསུམ་གྱིས་ཀུན་ནས་མཛེས་ཤིང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་གནས་ལ་མངའ་དབང་འབྱོར་ཏེ། ཟབ་རྒྱས་སྨིན་གྲོལ་གདམས་པའི་བུམ་བཟང་གྱུར་ནས། འཕགས་མཆོག་མིག་མི་འཛུམ་པ་བཤེས་གཉེན་གྱི་རྣམ་པར་ཞལ་བསྒྱུར་བ་དཔལ་དགེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། རྒྱལ་བ་ཀཿཐོག་པ་དང་། ཆོས་སྡེ་ཆེན་པོ་ཞེ་རྫོགས་སོགས་ཀྱི་མཆོག་གི་སྤྲུལ་པའི་སྐུ་དང༌། ལུང་རིགས་སྨྲ་བའི་སྟོན་ཆེན། བསྟན་མཁས་གཉིས་ལྡན་གྱི་མཁན་པོ། མང་ཐོས་ཚུལ་ལྡན་གྱི་དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུ་ལ། མདོ་རྒྱུད་ཀྱི་བཀླག་ལུང་དང་། སྡེ་སྣོད་དགོངས་འགྲེལ་གྱི་བཤད་པ། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་གདམས་ངག ཁྱད་པར་ཐེག་རྩེ་ཨ་ཏི་ཡོ་གའི་དགོངས་དོན་ཉམས་ཁྲིད་དུ་གནང་བས་གནས་ལུགས་ཆོས་སྐུའི་རང་ཞལ་མངོན་སུམ་དུ་སྟོན་པ་སོགས་ཀྱིས། གདུལ་བྱའི་སློབ་ཚོགས་བསྟན་འཛིན་གྱི་ཕྲེང་བ་བགྲང་ལས་འདས་པས་ས་གསུམ་ཡོངས་སུ་ཁྱབ་པ་སོགས་རྣམ་ཐར་གྱི་མཛད་འཕྲིན་མཐའ་ཡས་པ་དང༌། དེ་རྗེས་རིམ་པར་བྱོན་པའི་སྐུ་ཕྲེང་ཆོས་ཀྱི་རྒྱལ་པོ་འགྱུར་མེད་པདྨ་ཐེག་མཆོག་དང་། བདག་ཅག་གི་རྣམ་འདྲེན་མཚུངས་པ་མེད་པ་འགྱུར་མེད་མདོ་སྔགས་བསྟན་འཛིན་དཔལ་བཟང་པོ་སྟེ་སྐུ་ཕྲེང་རིམ་པར་བྱོན་ནས། ཆོས་འདུལ་བདུད་རྩིའི་ཆུ་རྒྱུན་དྲི་མེད་རྒྱལ་བསྟན་གྱི་སྙིང་པོ་སྟོན་དང་བསྟན་པ་གཉིས་གྱུར་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དུ་མཛད་ནས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་། བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུའི་དབུས་ན་ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་འཕགས་པ། བཀའ་བབས་ཆུ་བོ་བཞི་ཡི་འབྱུང་གནས་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་ཆ་ལག་དང་བཅས་པའི་བཤད་སྒྲུབ་ཀྱི་རྒྱུན་སྤེལ་ཏེ། རྒྱུད་སྡེ་དང་སྒྲུབ་སྡེའི་ཚོགས་སྒྲུབ་དང་། ཁྱད་པར་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཡང་སྙིང་དཔལ་གསང་བའི་སྙིང་པོའི་རྒྱུད་སྡེ་རིན་པོ་ཆེའི་བཤད་པ་ལེགས་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོ་བཀོད་པར་མཛད་པ་སོགས་དང་། གཞན་ཡང་དམ་ཆོས་མི་ནུབ་པ་དང་། གདམས་ངག་མི་འཆུག་པ་དང་། བྱིན་རླབས་མི་ཡལ་བ་དང་། བརྒྱུད་ཐག་ཉེ་བ་སྟེ། ཁྱད་པར་ཆེན་པོ་བཞི་སོགས་ལྡན་པའི་ཟབ་གཏེར་གྱི་ཆོས་མཛོད་རྒྱ་མཚོ་ལྟ་བུའི་མཛོད་ཁང་། རིན་ཆེན་གཏེར་མཛོད་ཆེན་མོ་སོགས་ཀྱི་ཆོས་ཆར་ཆད་མེད་ཕབ་པའི་མཛད་ཕྲིན་རྣམ་པར་རོལ་པས། སྐལ་བཟང་གདུལ་བྱ་མཐའ་དག་ཡོངས་སུ་སྨིན་ཅིང༌། ས་གསུམ་ལེགས་བྱས་ཀྱི་སྣང་བ་དམ་པས་དགེ་བར་བྱས་ནས་མཛད་ཕྲིན་ཉི་ཟླའི་འོད་སྣང་གིས། སྒང་དྲུག་འདོད་ཁམས་ཀྱི་སའི་ཆ་ཕལ་ཆེར་ཁྱབ་པའི་ངོ་མཚར་གྱི་བཀོད་པ་འབྱམས་ཀླས་པར་གྱུར། དེ་རྗེས་མཆོག་སྤྲུལ་རིན་པོ་ཆེ་བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ། སྐུ་གསུམ་སྟོན་པའི་ཞལ་སྐྱིན། དུས་གསུམ་རྒྱལ་བའི་རྣམ་སྤྲུལ། དྲི་མེད་ཐུབ་བསྟན་གསལ་བའི་སྣང་བྱེད་ཆེན་པོ་འདི་ཉིད་ནི། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་དང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་གསུངས་པ་ལྟར། སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་གདུལ་བྱ་རྣམས་མངོན་མཐོ་དང༌ ངེས་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་འགོད་པ་དང་། ཕན་བདེའི་དངོས་པོ་མཐའ་དག་གི་གཞི་མ་རྒྱལ་བསྟན་རིན་པོ་ཆེ་ཀུན་ནས་གསལ་ཞིང་རྒྱས་པའི་ཕྱིར་སྐུ་གསུམ་སྟོན་པའི་རྣམ་རོལ་གང་འདུལ་གྱི་རོལ་པར་འཆར་བ་ནི། ཇི་སྐད་དུ། རྒྱལ་ཚབ་ཆེན་པོ་མ་ཕམ་པས། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཅེས་དང༌། མདོ་སྡེ་ལས་བརྒྱ་བར། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་གསུངས་པ་ལྟར། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་བྱམས་པ་ཆེན་པོའི་སྟོབས་དང༌། སྙིང་རྗེ་མཆོག་གི་ཀུན་ནས་དྲངས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་ཤིན་ཏུ་མཉེན་ཞིང་ངེས་པར་བྱས་པ། རྒྱལ་བ་ཐམས་ཅད་ཀྱི་གདུང་འཚོབ་པའི་བདག་ཉིད་ཆེན་པོ་འདི་ནི། དུས་གསུམ་ཤེས་བྱ་མཐའ་དག་ལ་ཟག་མེད་ཡེ་ཤེས་ཀྱི་འོད་སྣང་འབུམ་གྱིས་ཅིག་ཅར་ཁྱབ་པ་དང་། གདུལ་བྱར་གྱུར་པའི་འགྲོ་བ་མཐའ་དག་ལ་དམིགས་མེད་བརྩེ་ཆེན་གྱི་འཇུག་པས་ནམ་ཡང་མི་གཏོང་བ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་གྱི་ཡོན་ཏན་མཐའ་དག་གཅིག་ཏུ་བཟླུམ་སྟེ་བདག་ཅག་གདུལ་བྱ་རྣམས་ཀྱི་མགོན་དུ་ཆས་ནས། མཚན་དཔེའི་གཟུགས་སྐུའི་དཀྱིལ་འཁོར་ཉིན་བྱེད་འབུམ་གྱི་དཔལ་གྱིས་ཀྱང་ཆེས་མཚོན་པར་དཀའ་བ་བསོད་ནམས་བྱེ་བའི་དངོས་པོ་ལས་བསྐྲུན་པ། མཐོང་ཐོས་དྲན་རེག་གི་གདུལ་བྱ་མཐའ་དག་མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་ལ་བཀོད་ཅིང་དད་པའི་ཡོལ་གོ་མཆོག་ལ། ཟབ་རྒྱས་སྨིན་གྲོལ་གྱི་བདུད་རྩིའི་ཆོས་ཆར་འབེབས་པས་ཀུན་ནས་འགེངས་པ་ལ་མཁས་པ། བགྲང་ཡས་ལུས་ཅན་མཐའ་དག་ཐར་མཆོག་ནོར་བུའི་གླིང་དུ་འདྲེན་པའི་དེད་དཔོན་ཆེན་པོ། བདག་ཅག་ལྷ་མིའི་འགྲོ་བའི་སྐྱེད་ཚལ་བཟང་པོ་གང་ཞིག སེམས་རྒྱུད་ཀྱི་ཞིང་ས་རབ་ཏུ་གཤིན་པ། གཞན་དོན་མོས་པའི་ས་བོན་དགེ་བ། ཕན་སེམས་ཀྱི་སོ་ནམ་ལེགས་པ། ཐབས་མཁས་ཀྱི་ར་བས་སྲུང་བ། སྙིང་སྟོབས་བཟང་པོའི་དྲོད་གཤེར་འཛོམས་ཤིང་རྣམ་དཀར་སྨོན་ལམ་གྱི་གྲུ་ཆར་ཞོད་པས། ལེགས་བྱས་མཐུན་པའི་རྒྱུ་རྐྱེན་ཐམས་ཅད་ཀུན་ནས་ཚོགས་པའི་དུས་ལ་བབ་པའི་སྐབས་འདིར། སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་བསྐལ་བཟང་རྣམ་འདྲེན་མཆོག་གི་ཞལ་སྐྱིན། མདོ་སྔགས་བསྟན་པ་རྒྱ་མཚོའི་བང་མཛོད། སྨིན་གྲོལ་བདུད་རྩི་བྱེ་བའི་བུམ་བཟང་། གསང་ཆེན་སྔ་འགྱུར་བསྟན་པའི་ཤིང་རྟ། སྐྱེ་དགུ་ཡོངས་ཀྱི་དགོས་འདོད་འཇོ་བའི་དཔག་བསམ་གྱི་ལྗོན་པ་ཆེན་པོ། བྱམས་པའི་རྩ་བ་བརྟན་པ། སྙིང་རྗེའི་སྡོང་པོ་བརླིང་བ། གཞན་ཕན་གྱི་ཁོ་ལག་རྒྱས་པ། རྣམ་མང་ཡོན་ཏན་གྱི་མེ་ཏོག་འཛུམ་པ། ཚད་མེད་ཕྲིན་ལས་ཀྱི་ལོ་འདབ་རྒྱས་པ། ཀུན་ལ་ཕན་པའི་གྲིབ་བསིལ་སྣུམ་པ། ཉེས་ཚོགས་ཀྱི་གདུང་བ་འཇིལ་བ། ཕན་བདེའི་དགེ་ལེགས་ཀྱི་འབྲས་བུ་བཟང་པོའི་མོས་པའི་ཤིང་རྟ་ཀུན་ནས་འགེངས་པས། རྣམ་གྲོལ་ཐར་པའི་དཔལ་ལ་འགོད་པའི་སྐྱབས་རྗེ་བསྟན་པའི་བདག་པོ་ཉིད་ནི། ཇི་སྐད་དུ། ཡོན་ཏན་རིན་པོ་ཆེའི་དགའ་བའི་ཆར་ལས། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་སྒྲུབ་སྐྱོ་ངལ་བཟོད། །སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་བར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང༌། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལས་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་རབ་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་རྫོགས་པའི་སངས་རྒྱས་དངོས། །ཞེས་གསུངས་པ་ལྟར། ཡོན་ཏན་མཐའ་དག་རྫོགས་ཤིང༌། འབྲེལ་ཚད་དོན་དང་ལྡན་པ། ཐུ༵གས་མཁྱེན་བརྩེ་ནུས་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས། གསུ༵ང་ཟབ་རྒྱས་སྨིན་གྲོལ་གྱི་དམ་ཆོས། སྐུ༵་ངུར་སྨྲིག་འཆང་ཞིང་རིག་གྲོལ་ལྡན་པའི་དགེ་འདུན་ཏེ་མཆོག་གསུམ་གྱི་ངོ་བོར་བཞུགས་ཤིང་། བྱིན་རླབས་བདུད་རྩིའི་གྲུ་ཆར་འབེབས་པའི་བླ༵་མ༵། དངོས་གྲུབ་ནོར་བུའི་སྒོ་བརྒྱ་འབྱེད་པའི་ཡི༵་ད༵མ། ལས་བཞིའི་ཕྲིན་ལས་ལ་མངའ་དབང་བསྒྱུར་བའི་ཌཱ༵ཀྐི༵་སྟེ། རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་སོགས་སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་སྤྲུལ་པའི་སྐུ་གང་གི་ཆེ་བའི་ཡོན་ཏན་མཁའ་དང་རྒྱ་མཚོ་ལྟར་མཐའ་དང་ཚད་མེད་པའི་ཚུལ་ལོ། །

༈ ས་བཅད་གསུམ་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཕྲིན་ལས་ཀྱི་བྱེད་པོ་རིགས་བརྒྱའི་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་བླ་མ་རྡོ་རྗེ་སློབ་དཔོན་མཆོད་པ་ནི། ཇི་སྐད་དུ་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ལེགས་མཆོད་ན། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་དང༌། དཔལ་རྡོ་རྗེ་ཕྲེང་བ་ལས། གསེར་དང་དོ་ཤལ་གོས་དང་ནི། །རིན་ཆེན་སྣ་ཚོགས་ཡོན་ཏན་མཆོག །བྲན་དང་ལས་བྱེད་གྲངས་མེད་དང༌། །དད་ཅིང་གུས་པ་ལ་སོགས་ཀྱི། །ཆགས་པ་བྲལ་བའི་སེམས་ཀྱིས་ནི། །རབ་ཏུ་འབད་པས་མཉེས་པར་བྱ། །ཇི་ལྟར་བཞེད་པ་སྟོན་པ་ལ། །རྙེད་པར་དཀའ་བའི་དངོས་རྣམས་ཀྱིས། །སྔགས་ཀྱི་དོན་སྟོན་བླ་མ་ནི། །དགོངས་པ་ཡོངས་སུ་བཀང་བར་བྱ། །ཞེས་དང༌། གསང་བ་འདུས་པ་རིམ་པ་ལྔ་པ་ལས། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང༌། །ཤིན་ཏུ་ཁྱད་པར་ཅན་དེ་དེ། །དེ་དང་དེ་ནི་བླ་མར་འབུལ། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་ཕ་རོལ་སྒྲོལ། །ཞེས་དང༌། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལས། དེ་ནས་བླ་མར་ཡོན་དབུལ་བ། །འདི་ནི་རབ་ཏུ་བཤད་པར་བྱ། །བདག་ཉིད་ཞི་བ་ཉིད་དང་ནི། །ལས་ཀུན་འགྲུབ་པའི་ཕྱིར་དུ་ཡང་། །ཕོངས་པ་མེད་པར་དབུལ་བྱ་སྟེ། །གསེར་དང་ནོར་བུ་མཱ་ལ་དང༌། །རྣམ་པ་སྣ་ཚོགས་ན་བཟའ་ཉིད། །གདུགས་དང་རྔ་ཡབ་མཛེས་པ་དང༌། །ཁང་བ་ཁྲི་དང་དྲི་བཟང་དང༌། །དེ་བཞིན་གླུ་དང་རོལ་མོ་ཉིད། །བདག་ཉིད་དངུལ་གྱི་རྣ་རྒྱན་དང༌། །རལ་གྲི་དང་ནི་རྒྱན་ཉིད་ཀྱང༌། །བླ་མར་རབ་དབུལ་བརྟུལ་ཞུགས་ཅན། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བློ་ལྡན་རྡོ་རྗེ་སློབ་མ་ཡིས། །ཅི་སྟེ་བདེ་བ་ཀུན་འདོད་ན། །དད་མོས་སེམས་ཀྱིས་དབུལ་བར་བྱ། །ཞེས་གསུངས་པ་དང༌། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། གང་དང་གང་གིས་སྡུག་པའི་རྫས། རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ནི་བླ་མར་དབུལ། །བླ་མ་ལྔ་བཅུ་པ་ལས། བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པར་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཡང་འབྱུང་བར་མི་འགྱུར་རོ། །གང་ཕྱིར་བསྐལ་པ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་སྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་ཟད་དེ་ཉིད་འདོད་པ་ཡི། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་གང༌། །དེ་དང་དེ་ནི་བླ་མར་སྦྱིན། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་པ་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག་བླ་མ་རྡོ་རྗེ་སློབ་དཔོན་མཆོད་ཅིང་མཉེས་པར་བྱས་པ་ཁོ་ནས། གསང་རྒྱུད་རྒྱ་མཚོ་ལྟ་བུའི་དཀྱིལ་འཁོར་རབ་འབྱམས་མཆོད་པར་བྱས་པའི་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པར་འགྱུར། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ནི། བྱིན་རླབས་དངོས་གྲུབ་ཀྱི་གཏེར་མཛོད། སྨིན་གྲོལ་གདམས་པའི་འབྱུང་གནས། ལས་བཞིའི་ཕྲིན་ལས་ཀྱི་བྱེད་པོ། བླང་དོར་གསལ་བའི་སྣང་བྱེད། ཉེས་ཚོགས་འཇོམས་པའི་དཔའ་བོ། དྲི་མེད་རྒྱལ་བསྟན་རིན་པོ་ཆེའི་སྲོག་ཤིང་། གདུལ་བྱ་ཐར་གླིང་དུ་འདྲེན་པའི་དེད་དཔོན་ཡིན་པས། གཡོ་ཟོལ་མེད་པའི་སྒོ་གསུམ་གྱིས་རིམ་གྲོ་དང་བསྟི་སྟང་མཆོད་ཅིང་བསྙེན་བཀུར་བགྱི་ཞིང་ཟང་ཟིང་དང་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་པ་ནི། ཚོགས་གཉིས་ཀྱི་བྲེ་ཁ་འགེངས་པ་དང་། དོན་གཉིས་ཀྱི་ཕུན་ཚོགས་བསྐྲུན་པ་དང་། སྐུ་གཉིས་ཀྱི་རྒྱལ་ཐབས་ལ་དབང་བའི་ཐབས་མཁས་ཀྱི་འཕྲུལ་གསང་ཡིན་པས། སྐལ་བཟང་རྣམས་ཀྱིས་སྙིང་ནོར་དུ་བྱས་ཏེ་བརྩོན་པ་བརྒྱ་ཕྲག་བླ་ལྷག་ཏུ་བསྐྱེད་ནས་འབད་པར་བྱའོ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལས། སྔོན་གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །བསྒྲུབས་པའི་ཡང་དག་ཐར་པ་བརྙེས། །དེ་བས་དེ་ལྟར་རྗེས་སློབ་ན། །རྒྱལ་བའི་རྣམ་གྲོལ་གདུང་འཚོབ་པོ། །དེ་བས་དམ་པ་དྲིན་ཅན་ལ། །སྐྱོ་དུབ་མེད་པའི་དད་པ་དང༌། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང༌། །སེར་སྣ་མེད་པའི་ཟང་ཟིང་དང༌། །སོམ་ཉི་མེད་པའི་སྲི་ཞུ་དང༌། །གཡོ་རྒྱུ་མེད་པའི་དྲངས་སྐད་དང༌། །ཁ་གསག་མེད་པའི་རང་རྒྱུད་དང༌། །དྲི་མ་མེད་པའི་ལྷག་བསམ་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་གསུངས་པ་ལྟར། དཔལ་ལྡན་བླ་མ་དམ་པ་མཉེས་པ་གསུམ་གྱིས་བསྟེན་དགོས་པས། ཁེ་དྲག་དང་གཡོ་སྒྱུ་ངོ་ལྐོག་དང་ཉེ་རིང་མེད་པར་ཐུགས་མཉེས་པའི་ཐབས་ལ་འབད་ཅིང་། ཟང་ཟིང་གི་མཆོད་པས་མཉེས་པར་བྱ་བ་ནི་རང་ལ་ཡོད་དགུའི་བདོག་པ་ཐམས་ཅད་སྲི་ཕངས་མེད་པས་མཆོད་ཅིང་ཐུགས་མཉེས་པར་བྱེད་དགོས་པར་མ་ཟད། གཞན་གྱི་མདུན་དུའང་རང་གིས་ཡོན་ཏན་ཆེ་བ་བརྗོད་ནས་ཚོགས་བསགས་ཀྱི་སྒོ་བརྒྱ་འབྱེད་པའི་དངོས་རྫས་མཆོད་པའི་སྤྲིན་རབ་འབྱམས་འབུལ་དུ་གཞུག་གོ །དེས་ན་རང་གཞན་ཐམས་ཅད་ཀྱིས་འདི་ཕྱིའི་ཕན་བདེ་བསྒྲུབ་ཅིང་མཆོག་ཐུན་གྱི་དངོས་གྲུབ་ཐོབ་ཕྱིར། བླ་མ་རྡོ་རྗེ་སློབ་དཔོན་མཆོད་ཅིང་སྐྱོ་དུབ་མེད་པར་བསྙེན་བཀུར་ལ་བརྩོན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བས་བསྙེན་བཀུར་ལ་འབད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་དགེ་བའི་ཆོས་ཐམས་ཅད་ནི་དེའི་ལག་ན་འདུག་པའི་ཕྱིར་རོ་ཞེས་གསུངས་སོ། །ལུས་ཀྱི་སྒོ་ནས་ཕྱག་དང་བསྐོར་བ་བྱ་བ་དང་། སྤོས་དང་མར་མེ་སོགས་ཕྱིའི་མཆོད་པ་དང་། བཟའ་བ་དང་བཅའ་བ་སོགས་ལྡག་གཞིབ་བཏུང་བའི་དངོས་པོ་དང་ཤ་ལྔ་བདུད་རྩི་ལྔ་སོགས་ལྟ་དགོངས་དག་པའི་ཏིང་ངེ་འཛིན་སོགས་ཀྱིས་བྱིན་གྱིས་བརླབས་ནས་འབུལ་བ་ནང་གི་མཆོད་པ། ཡིན་ལུགས་ཆོས་ཉིད་རྟོགས་པའི་ལྟ་བ་དང་ཡུལ་གསུམ་གྱད་དུ་གྱུར་ཅིང་། དག་རྫོགས་སྨིན་གསུམ་ཚང་བའི་བསྐྱེད་རིམ། ཆོས་ཉིད་བཙན་ཐབས་སུ་མངོན་དུ་བྱེད་པའི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་དང་། ཁྱད་པར་དུ་ཆོས་སྐུའི་རང་ཞལ་མངོན་སུམ་ལྟ་ཞིང་ཚེ་ལུས་གཅིག་གིས་ཀུན་བཟང་གདོད་མའི་མགོན་པོའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་ཐེག་པའི་ཡང་རྩེ་གདམས་པའི་ཡང་བཅུད། ཨ་ཏི་ཡོ་ག མན་ངག་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་པ་གསང་བའི་མཆོད་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་རྡོ་རྗེ་སློབ་དཔོན་མཉེས་པའི་ཐབས་ལ་འབད་པར་བྱ་དགོས་པ་དང་། གཞན་ཡང༌ བཀའ་དྲིན་དང་ཡོན་ཏན་ཤེས་པའི་སྒོ་ནས། འཕྲལ་ཉེ་བར་མཁོ་བའི་ཞབས་ཏོག་ཅི་དགོས་སྒྲུབ་པ་དང་། བཞུགས་སར་གདན་འདིང་བ། འབྱོན་ལམ་ཕྱགས་དར་བྱ་བ། གོས་དར་སོགས་ཀྱིས་ལམ་བྱ་བ། སྤོས་ཀྱིས་བསུ་ཞིང་བསྐྱལ་བ། དྲིས་ཆག་ཆག་བྱ་བ། གཟིམ་ཁང་སོགས་ཉེ་བཅས་ཕྱགས་དར་བྱ་བ། མཎྜལ་འབུལ་བ། རྟ་དང་ཁྱོགས་དང་ཤིང་རྟ་སོགས་བཞོན་པ་འབུལ་བ་དང་། གཞན་ཡང་བླ་མ་རྡོ་རྗེ་སློབ་དཔོན་ལ་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་ཐལ་མོ་སྦྱར་བ་སོགས་བྱའོ། །དེ་ཡང་བྱིན་རླབས་ཞུ་བ་ནི་ཕྱག་དབང་ལེན་པའི་ཚུལ་འདི་ཉིད་ཡིན་ལ། དེའི་དོན་ནི་བླ་མའི་ཞབས་སྤྱི་བོར་ལེན་པར་བྱས་པའི་དགོས་པ། བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་དབྱེར་མེད་པའི་སྐུ་ལ་གདན་གསུམ་ཚང་བའི་རྩ་གསུམ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་པར་བཞུགས་པས། ཕྱག་ཞབས་སོགས་ཀྱིས་རེག་པ་ཙམ་གྱིས་སྔོན་བསགས་ཀྱི་ལས་སྒྲིབ་དག རིང་པོ་མི་ཐོགས་པར་ཧེ་རུ་ཀའི་གོ་འཕང་འཐོབ་པར་འགྱུར་ཏེ། རྒྱུད་ལས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། །གཉིས་མེད་སྦྱོར་བ་ཡིས་རེག་ན། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲ་བས་ཀྱང༌། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་བཞིན་གཤེགས་པ་ས་འཐོབ་འགྱུར། །ཞེས་སོགས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་རྣམས་ལས་ཡང་ཡང་བསྔགས་པས། རྡོ་རྗེ་སློབ་དཔོན་མཉེས་ཤིང་དགྱེས་པའི་ཐབས་ལ་ཀུན་ནས་འབད་པས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དོན་ཡོད་པར་བྱའོ། །

༈ ད་ནི་ས་བཅད་བཞི་པ་བསོད་ནམས་ཀྱི་དངོས་པོ་རྒྱ་ཆེར་བསྒྲུབ་པའི་ཆེད་དུ་རྣམ་མང་དངོས་རྫས་བྱེ་བའི་མཆོད་སྤྲིན་སྤེལ་བའི་ཚུལ་རིམ་བཞིན་འབྱུང་བར་འགྱུར་བ་ལགས་སོ། །ཐོག་མར་རབ་དཀར་ཟླ་ཞུན་གསར་བའི་མདངས་ལ་འགྲན་པ་བཀྲ་ཤིས་ཀྱི་དར་དཀར་ཉིན་མོ་བདེ་ལེགས་ཀྱི་རེ་ཁ་རྣམ་པར་བཀྲ་བས་འབུལ་ལམ་ཡངས་པའི་སྒོ་ཕྱེ་ནས། དད་མོས་རྩེ་གཅིག་པས་གུས་ཕྱག་བརྒྱ་ཕྲག་བརྩེགས་བཞིན་ཞུ་ཞིང་གསོལ་འདེབས་དང་བཅས་ཏེ།

༈ དེ་ཡང་སྐུ་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་གྱི་ཁམས་སུ་བརྟན་ཅིང་མཚན་དཔེའི་འོད་སྣང་འབུམ་དུ་བརྡལ་བའི་རྒྱལ་བའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་བའི་རྟེན་དུ།

༈ གསུང་མི་འགགས་པ་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཆོས་ཆར་ཆད་མེད་དུ་ཕབ་པས་གདུལ་བྱ་སྨིན་གྲོལ་གྱི་གནས་ལ་འགོད་པའི་རྟེན་དུ།

༈ ཐུགས་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་སྒྲིབ་མེད་མངོན་སུམ་གཟིགས་ཤིང་ཡེ་ཤེས་ལྔ་ལྡན་གྱི་རང་བཞིན་ཆོས་སྐུའི་དགོངས་པ་ལས་མི་གཡོ་བའི་རྟེན་དུ།

༈ ཡོན་ཏན་ནོར་བུའི་གཏེར་མཛོད་ལ་མངའ་དབང་བསྒྱུར་ནས་གདུལ་བྱ་མཐའ་དག་གི་རེ་བ་ཡོངས་སུ་སྐོང་ཞིང་གསང་གསུམ་བཀོད་པ་འབྱམས་ཀླས་པའི་རྟེན་དུ།

༈ ཕྲིན་ལས་རྣམ་བཞིའི་རྒྱལ་ཐབས་ཆེན་པོ་ལ་དབང་བསྒྱུར་ནས། གདུལ་བྱ་མཐའ་ཡས་པ་ཐར་དང་རྣམ་མཁྱེན་གྱི་ས་ལ་འགོད་ཅིང་བསྟན་འགྲོའི་དོན་རླབས་པོ་ཆེ་ལ་དབང་འབྱོར་ནས། བརྒྱུད་པ་གསུམ་ལྡན་ཆེ་བ་དྲུག་ལྡན་གྱི་གསང་ཆེན་སྔ་འགྱུར་གྱི་བསྟན་པ་སྒོ་ཀུན་ནས་སྤེལ་ཞིང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་རྒྱས་པའི་རྟེན་དུ།

༈ ལུང་རྟོགས་ཆོས་ཚུལ་གྱི་བ་དན་དཀར་པོ་སྟོང་གསུམ་ཀུན་ཏུ་བསྒྲེངས་ཤིང་མི་ནུབ་པའི་རྟེན་ཤིན་ཏུ་ལེགས་ཤིང་བཀྲ་ཤིས་པའི་རི་མོ་རྣམ་པར་བཀྲ་བའི་དར་དཀར་ཉིན་མོ་བདེ་ལེགས་བཅས།

༈ ད་ནི་མཇུག་གི་བྱ་བ་མཐའ་རྒྱས་དགེ་ལེགས་སུ་བྱ་བའི་ཆེད་དུ། རྣམ་དཀར་ལེགས་བྱས་ཀྱི་དངོས་པོ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་ཅིང་སྤེལ་བ་དང་། བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་དགེ་ལེགས་ཀྱི་མཐའ་བརྒྱན་པ་ནི། དེ་ཡང་གྲུབ་ཆེན་བུདྡྷ་ཤྲཱིས། དམ་པ་གསུམ་གྱིས་བསོད་ནམས་བསགས། །རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབ་མོས་རྣམ་དག་བྱ། །ཟུང་འཇུག་བསྔོ་བས་རྒྱས་བཏབ་བོ། །ཞེས་གསུངས་པ་ལྟར་བགྱིད་པ་ལ། བསྔོ་བའི་ངོ་བོ་དང་ངེས་ཚིག་དབྱེ་བ་སོགས་ནི་རྒྱལ་ཚབ་ཆེན་པོ་མ་ཕམ་པས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པའོ། །ཞེས་གསུངས་པ་ལྟར། བསྔོ་བའི་ངོ་བོ་ནི། རྣམ་དཀར་གྱི་ཡོན་ཏན་ཟག་བཅས་ཟག་མེད་མཐའ་དག་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་གི་ཕྱིར་བློའི་སྟོབས་ཀྱིས་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཞེས་གསུངས་ཏེ། དགེ་རྩ་བྱང་ཆུབ་ཏུ་བསྒྱུར་བར་བྱེད་པའི་འདུན་སེམས་ས་བོན་དང་བཅས་པ་ལ་བཤད་ཅིང་། དེ་ཡང་མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་པ་རི་ཎ་ཏ་སྟེ། ཡོངས་སུ་སྤེལ་བའམ་ཡོངས་སུ་བསྒྱུར་བ་ལ་བྱ་སྟེ། དགེ་རྩ་ཟག་བཅས་ཟག་མེད་དུ་བསྒྱུར་བའམ་འཛད་པར་འགྱུར་བའི་དགེ་རྩ་རྣམས་མི་ཟད་པར་སྤེལ་བས་དེ་སྐད་ཅེས་བྱའོ། །དེ་ཡང་ཕར་ཕྱིན་སྡུད་པ་ལས། ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང༌། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོ་བར་ཆུད་མ་ཡིན། །ཞེས་དང༌། གལ་ཏེ་མཚན་མར་བྱེད་ན་ཡོངས་སུ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲ་རྒྱལ་བས་གསུངས། །ཞེས་གསུངས་པས་ན། འཁོར་གསུམ་ལ་དམིགས་པའི་མཚན་མ་མཐའ་དག་བྲལ་བས་ཡོངས་སུ་བསྔོ་དགོས་ཏེ། ཇི་སྐད་དུ། གལ་ཏེ་འདི་ལྟར་ཆོས་འདི་འགག་ཅིང་ཟད་པ་དང༌། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང༌། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོ་བ་ཡིན། །ཞེས་གསུངས་པས། ཡོངས་སུ་བསྔོ་བ་རྣམ་པར་དག་པ་འདི་ལ་ནང་གསེས་སུ་དབྱེ་ན། མངོན་པར་རྟོགས་པའི་རྒྱན་ལས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་རྟོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་མོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་གསུངས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་ལས། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འཛིན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ཏེ། གང་གི་ཚེ་སྦྱིན་པ་ཆུང་ངུའང་དཔག་ཏུ་མེད་པ་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡོངས་སུ་བསྔོ་བ་དམ་པས་རྒྱས་འདེབས་པ་ལ། དེ་ཡང་བླ་མ་རྡོ་རྗེ་སློབ་དཔོན་རིགས་བརྒྱའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲོ་གཞི་ཉིད་ལ། བླ་ན་མེད་པ་ཆོས་ཀྱི་མཆོད་པ་དང་། གྱ་ནོམ་ཡོ་བྱད་ཀྱི་དངོས་པོ་ཁམས་གསུམ་སྲིད་པའི་དཔལ་ཡོན་གཅིག་ཏུ་སྤུང་སྟེ་དད་མོས་གུས་པ་ཆེན་པོས་ཡོངས་སུ་ཕུལ་བའི་ཚོགས་བསགས་རབ་འབྱམས་ཀྱི་བསོད་ནམས་དགེ་བའི་རྩ་བ་འདི་ཉིད་ཀྱིས་མཚོན་ཏེ། རང་གཞན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཐའ་དག་གཅིག་ཏུ་བསྡུས་ཏེ་གུས་པ་ཆེན་པོས་ཞུ་ཞིང་གསོལ་བ་འདེབས་པ་ནི། འཇིག་རྟེན་གྱི་ཕན་བདེའི་ལེགས་ཚོགས་མཐའ་དག་གི་གཞི་མ་དྲི་མེད་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པས་བསྡུས་པ་སྤྱི་དང་། བྱེ་བྲག་ཆེ་བ་དྲུག་ལྡན་གྱི་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ཡོངས་སུ་རྫོགས་པ་འདི་སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རིས་སུ་མ་ཆད་པ་ཐམས་ཅད་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། དགོན་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་ཏེ་ཕྱོགས་བཅུའི་དགེ་འདུན་འདུས་པའི་སྡེ་རབ་ཏུ་རྒྱས་ཤིང་། བསླབ་པ་གསུམ་གྱི་ཉམས་ལེན། སྡེ་སྣོད་གསུམ་གྱི་འཆད་ཉན་རྨད་དུ་བྱུང་བའི་སྒོ་ནས། རང་དོན་དུ་ཐོས་བསམ་སྒོམ་པས་རྒྱུད་ཕྱུག གཞན་དོན་དུ་འཆད་རྩོད་རྩོམ་པས་རྒྱུན་བསྐྱང་། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་རྐང་ཟིན་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། ཡངས་པའི་རྒྱལ་ཁམས་ཐམས་ཅད་རྫོགས་ལྡན་དང་པོའི་དཔལ་ལ་རོལ་ཞིང་སྡེ་བཞིའི་ཕུན་ཚོགས་ཀུན་ནས་རྒྱས་པ་དང་། སྦྱིན་པའི་བདག་པོ་མཆོག་དམན་མཐའ་དག་གི་འགལ་རྐྱེན་ཉེས་པའི་ཚོགས་ལྷག་མེད་དུ་ཞི་ནས་ཚེ་དང་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་གོང་དུ་འཕེལ་བ་དང་། ཡིད་ཅན་འགྲོ་བ་མཐའ་དག་ཟུང་འཇུག་སྐུ་བཞིའི་བདག་ཉིད་དུ་བྱང་ཆུབ་སྟེ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ཐོབ་པ་དང་། ཁྱད་པར་དུ་བདག་སོགས་གདུལ་བྱ་ཡོངས་ཀྱི་གཙུག་གི་ནོར་བུ། རིགས་ཀྱི་བདག་པོ། སྐྱབས་ཀྱི་དམ་པ། འཇིག་རྟེན་གསུམ་གྱི་འདྲེན་པ། མཆོག་གི་སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཉིད་སྟོན་འཁོར་འདུས་པ་དང་བཅས་པ། གསང་གསུམ་མི་ཤིགས་པའི་རྡོ་རྗེ། མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུང་དྲུང་ལྟ་བུར། འཕོ་འགྱུར་སྐྱེ་འཆི་གཞོམ་གཞིག་མཐའ་དག་དང་བྲལ་བར་འཚོ་ཞིང་གཞེས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་། ཆོས་ཀྱི་དུང་ནི་འབུད། ཆོས་ཀྱི་ཆར་ནི་འབེབས། ཆོས་ཀྱི་རྒྱལ་མཚན་ཡང་དག་པར་རབ་ཏུ་བསྒྲེང་སྟེ། རྒྱལ་བསྟན་བཤད་སྒྲུབ་ཀྱི་སྒོ་ནས་དར་ཞིང་རྒྱས་པར་བྱས་ནས། ས་གསུམ་དམ་པའི་ཆོས་ཀྱི་འོད་སྣང་གིས་ཁྱབ་པའི་དགེ་མཚན་གྱི་སྣང་བ་ཀུན་ནས་ཀུན་ཏུ་རྒྱས་པར་ཞུ་ཞིང་གསོལ་བ་འདེབས་པ་ལགས་སོ། །

༡ དམིགས་པ་ཀུན་བྲལ་ཟག་མེད་ཡེ་ཤེས་རང་བྱུང་འདུས་མ་བྱས་པའི་ཁམས། །མཚན་དང་དཔེ་བྱད་རྣམ་པར་བཀྲ་བ་སྤྲུལ་པའི་སྐུ་མཆོག་ཉིན་བྱེད་དབང༌། །ནམ་ཡང་ནུབ་མེད་བསྟན་འགྲོའི་མཁའ་ལ་འཕོ་མེད་རྟག་པའི་དམ་བཅའ་བརྟན། །བཤད་སྒྲུབ་ཆོས་ཀྱི་འོད་སྣང་བརྡལ་བས་ས་གསུམ་མ་ལུས་ཀུན་ནས་ཁྱབ་པས་མཛེས་གྱུར་ཅིག ༢ །ཐོས༵་པ་པདྨའི་འདབ་བརྒྱ་ཀུན་ནས་བཞད། །བསམ༵་པ་ཡིན་ལུགས་ངེས་པའི་ཟེའུ་ཕྲེང་དགོད། །སྒོམ༵་པ་བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གཏམས། །རྣམ་གསུམ་ཤེས་རབ་རྒྱས་པས་མཛེས་གྱུར་ཅིག ༣ །མདོ་སྔགས་ཆོས་ཚུལ་འཆ༵ད་པའི་སྙན་འཇེབས་ཚངས་དབྱངས་བློ་གསལ་རྣ་བའི་བཅུད་དུ་སིམ། །རྩོ༵ད་པའི་ང་རོ་ལུང་དང་རིགས་པའི་གད་རྒྱང་སྒྲོག་པས་རྒོལ་ངན་སྟོང་གི་སྤྱི་བོ་འགེམས། །ལེགས་བཤད་རྩོ༵མ་པའི་ཚིག་གི་དོན་རྣམས་ཟབ་དོན་ནོར་བུའི་དོ་ཤལ་གཡོ། །རྨད་བྱུང་འཆད་རྩོད་རྩོམ་པའི་བྱ་བས་རྒྱལ་བསྟན་ལུས་མཆོག་ཀུན་ནས་རྒྱན་པས་དགེ་བར་གྱུར། ༤ །རྣམ་དག་འདུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཁོ་ལག་བྲེས། །ངེས་གསང་བསྐྱེད་དང་རྫོགས་པའི་འདབ་སྟོང་རྒྱས། །སྐུ་གསུམ་འབྲས་བུ་གཡུར་དུ་ཟ་བར་སྨོན། ༥ །ཕྱི་རུ་སྣོད་ཀྱི་ཕུན་ཚོགས་དཔལ་དུ་འབར། །ནང་དུ་བཅུད་ཀྱི་སྐྱེ་འགྲོ་དགའ་བདེས་ཕྱུག །སྣོད་བཅུད་དགེ་མཚན་གསར་བའི་སྣང་བ་ཡིས། །རྫོགས་ལྡན་དང་པོའི་སྣང་བ་འཆར་གྱུར་ཅིག ༦ །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་དཔྱིད། །སྐུ་གསུམ་སྟོན་པའི་རྣམ་རོལ་སློབ་དཔོན་ཉིད། །གུས་པས་བསྙེན་པའི་བསོད་ནམས་རྒྱལ་མཚན་རྩེར། །སྐུ་གསུམ་ནོར་བུའི་ཏོག་གིས་མཛེས་གྱུར་ཅིག ། ཅེས་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གི་ཞལ་གསུང་འདི་ནི་ཉིད་ཀྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་ཏེ་སྤེལ་བའི་དགེ་བས་རྒྱལ་བསྟན་ལུང་དང་རྟོགས་པའི་ཆོས་ཚུལ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག།

༈ འབུལ་ཡིག

བཀྲ་ཤིས་ཀྱི་རི་མོ་བཀྲ་བའི་དར་ཉིན་མོ་བདེ་ལེགས། སྐུ་ངེས་པ་ལྔ་ལྡན་གྱི་ངོ་བོར་མི་ཤིགས་རྡོ་རྗེའི་ཆོས་བདུན་མཚོན་པའི་རྟེན་དུ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་གསེར་སྐུ་གཟུངས་ལྡན། གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་བརྙན་སྨན་འདག་ལས་གྲུབ་པ། རྒྱ་གར་དབུས་ཕྱོགས་རྡོ་རྗེ་གདན་ནས་བྱོན་པའི་ལི་མ་ཁ་བྱང་ཅན་མ་ཉམས་པ་ཤིན་ཏུ་བྱིན་ལྡན། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཐེག་པ་རིམ་དགུའི་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར་བའི་རྟེན་དུ་བཀའ་པོད་ལྔའི་མཚོན་པའི་གཞུང་ཆེན་བཅུ་གསུམ་ཡོངས་རྫོགས། ཐུགས་སྤྲོས་བྲལ་དག་མཉམ་ཆེན་པོ་ལ་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་རབ་ཡོངས་སུ་རྫོགས་ཏེ་ཤེས་བྱ་ཐམས་ཅད་སྒྲིབ་མེད་དུ་གཟིགས་པའི་རྟེན་དུ་རྡོར་དྲིལ་དངུལ་རྩེ་མ། ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་དུ་གོས་ལ་ལོང་སེར་པོ་གོས་རྒྱུ་བུབ་ལྡན། རྒྱ་ཐེར་ལྗང་ཁུ་གོས་རྒྱུ་བུབ། གསེར་མ་དམར་པོ་ཁ་གང་། གོས་སྔོན་ཁམས་པའི་རྔ་དག་ཁ་དོ། གོས་ནག་གསེར་ཐེས་ཅན་ཁ་ཕྱེད་དོ། གསེར་མ་དཀར་པོ་ཁ་གང་། ཕྲིན་ལས་རྣམ་པ་བཞིས་གདུལ་བྱ་ཡོངས་སུ་འདུལ་ཞིང་བསྟན་འགྲོའི་ཕན་བདེ་ཕྱོགས་བརྒྱར་སྤེལ་བའི་རྟེན་དུ་བཀྲ་ཤིས་ཀྱི་རི་མོ་བཀྲ་བའི་མཉྫུ་ལྗང་གུ། སྟོང་སྐུད་སྣ་ཚོགས་ཀྱི་འཇའ་ཐག་གི་སྐུ་རེག གོས་འཇམ་དམར་སྐྱ་ཁ་གང་། གོས་དམར་ཁ་གང་། རྒྱ་ཐེར་སེར་པོ་སྟོད་རྒྱུ། དར་འཕྲུག་དཀར་པོ་ནང་རྒྱུ། རིན་ཆེན་བ་སོ་ལས་གྲུབ་པའི་གསོལ་ཞལ་སྤུས་ལེགས་དངུལ་ཤན་མ། ཕུད་ཀོང་སྤུས་ལྡན། ཝ་ལྤགས་བུབ་གཅིག དམ་ཆོས་ཟླ་ཞུན་གྱི་འོད་སྣང་དཀར་པོས་ས་གསུམ་ཡོངས་སུ་ཁྱབ་པའི་རྟེན་དུ་མཐའ་རྟེན་ལ་དགེ་མཚན་བཀྲ་ཤིས་ཀྱི་རི་མོ་བཀྲ་བའི་གོས་དཀར་ཁ་དོ། དར་ཉིན་མོ་བདེ་ལེགས་བཅས་ཟོལ་མེད་དད་གུས་ཆེན་པོས་འབུལ་ལམ་ཞུ་ན། རྡོ་རྗེ་འཆང་ཆེན་པོ་ངུར་སྨྲིག་འཆང་གི་རྣམ་པར་བྱོན་པས། གསེར་དང་བོང་བ་མཉམ་ཡང་། ཉམས་ཆུང་གྱི་ན་བ་ལ་ཐུགས་བརྩེ་ནོར་བུའི་ཞགས་པས་བཟུང་ནས། ཕྲན་བུ་སྐྱབས་འོག་པ་བདག་གིས། ཐོག་མེད་ནས་བསགས་པའི་ཉེས་ལྟུང་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ཡོངས་སུ་དག་ཅིང་། མཐོང་ཐོས་དྲན་རེག་དང་དངོས་རྫས་ཕྲ་མོ་ཡན་ཆོད་ཀྱི་འབྲེལ་བ་གང་ཡོད། ལེགས་པར་བཤད་པ་དམ་པའི་ཆོས་ཀྱིས་འབྲེལ་བ་གང་ཡོད་ཐམས་ཅད་ཀྱི་བསམ་དོན་གང་ཡིན་པ་ཐམས་ཅད་འགྲུབ་པ་དང་། ཁྱད་པར་དུ་རྣམ་དཀར་དམ་ཆོས་ཀྱི་བྱ་བ་སྒྲུབ་པའི་ཉེར་འཚེ་མཐའ་དག་དེངས་ནས། རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་གོང་དུ་རྒྱས་ཏེ། བཤད་དང་སྒྲུབ་པའི་བསྟན་པ་དར་ཞིང་རྒྱས་པ་དང་། མཁའ་ཁྱབ་སེམས་ཅན་ཐམས་ཅད་གཏན་བདེ་བླ་མེད་རྫོགས་བྱང་ཐོབ་པ་དང་། བདག་གི་སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་བའི་སྐུ་རྡོ་རྗེ་སློབ་དཔོན་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་ཞིང་རྣམ་བཞིའི་ཕྲིན་ལས་ས་གསུམ་དུ་ཡོངས་སུ་ཁྱབ་ནས། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བར་གསོལ་བ་ལན་བརྒྱར་ཞུ་ལགས། ཞེས་པ་འདི་ཕུག་ཁང་མཆོག་སྤྲུལ་རིན་པོ་ཆེ་ཁྲི་འདོན་གྱི་སྐབས་མཁན་ཆེན་བླ་མ་མཆོག་སྐུ་སྒེར་གྱི་འབུལ་ཡིག་ཏུ་ཕུལ་བ་སྟེ་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ། །

༈ བསྔོ་བའི་མཐུན་འགྱུར།

དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བ་འདིས་མཚོན་ཏེ། རང་གཞན་རྣམས་ཀྱིས་དུས་གསུམ་དུ་བྱས་བསགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང༌བཟླུམས་ཏེ་བསྡོམས་ནས་བསྔོས་པའི་མཐུས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་ཆོས་ཚུལ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། དེར་འཛིན་གྱི་སྐྱེས་བུ་དམ་པ་མཆོག་རྣམས་སྐུ་ཚེ་དང་ཞབས་པད་བརྟན་ཞིང༌བསྟན་འགྲོའི་དོན་ལ་གང་དགོངས་པ་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པ་དང༌། དགེ་འདུན་འདུས་པའི་སྡེ་འདི་ཉིད་ཀྱིས་མཚོན་ནས། ཕྱོགས་དུས་གང་ན་ཇི་སྙེད་བཞུགས་པ་ཐམས་ཅད་ཀྱི། ལམ་བསླབ་པ་གསུམ་དང༌ལུང་སྡེ་སྣོད་གསུམ་ལ། ཉམས་ལེན་དང༌འཆད་ཉན་དར་རྒྱས་སུ་གྱུར་ཏེ། རང་གཞན་བསྟན་འགྲོའི་དོན་མཐར་ཕྱིན་པ་དང༌། ཡངས་པའི་རྒྱལ་ཁམས་ཀུན་ཏུ། ནད་མུག་མཚོན་འཁྲུགས་དང༌། འབྱུང་བཞིའི་གནོད་པ་སོགས་མི་མཐུན་དུས་ཀྱི་རྒུད་པ་མཐའ་དག་ཞི་ནས། བདེ་སྐྱིད་རྫོགས་ལྡན་དང་པོའི་དཔལ་ལ་ལོངས་སྤྱོད་པ་དང༌། རང་གཞན་རྣམས་ལ་འབྲེལ་བ་ཐོགས་པ་རྣམས་ཀྱིས་གཙོར་བྱས། མཁའ་ཁྱབ་མར་གྱུར་གྱི་སེམས་ཅན་ཐམས་ཅད། གནས་སྐབས་མངོན་མཐོའི་དཔལ་ཕུན་སུམ་ཚོགས་པ་ལ་རོལ་ཞིང༌། མཐར་ཐུག་གཏན་བདེ་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བསྔོ་བ་ལྷན་དུ་གསུང་བར་ཞུ། ཀུན་གཟིགས་མཁན་ཆེན་བླ་མས་ཆོས་ཁྲིད་ཀྱི་མཇུག་ཏུ་རྒྱུན་ལྡན་གྱིས་གསུངས་པ་ལགས།

༈ བཟོད་གསོལ།

ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་དམ་པའི་སྐྱེས་བུ་ཆེན་པོ་རྣམས་དང་། མང་ཐོས་ཚུལ་ལྡན་གྱི་དགེ་འདུན་འདུས་པའི་སྡེ་རྣམས་ལ་གུས་པས་ཞུ་གསོལ། རྨོངས་བརྟུལ་བདག་གི་ཉེས་ལྟུང་སྤྱི་དང་། ཁྱད་པར་རྒྱུད་དོན་ལ་དབང་ཟོས་ཏེ། མ་རྟོགས་ལོག་རྟོག་དང་རྡོ་རྗེའི་ཚིག་གི་ཟུར་ཉམས་པ་དང་། རྨོངས་པ་བདག་གིས་ཀུན་རྟོག་ངན་པས་བསླད་པ་ཐམས་ཅད་འདིར་བཞུགས་ཆོས་སྤྱན་ལྡན་རྣམས་དང་། བརྒྱུད་གསུམ་སྲུང་མ་དང་བཅས་པའི་སྤྱན་སྔར་སྙིང་ནས་མཐོལ་ཞིང་འཆགས།


previousཁྲི་འབུལ་དང་ཞབས་བརྟན་གྱི་སྐོར།next