Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་སྐུ་གསུམ་སྒྲུབ་པ་སྤྱིའི་ཞལ་གདམས།
   
   


 
previousབླ་མ་སྐུ་གསུམ་སྒྲུབ་པ་སྤྱིའི་ཞལ་གདམས། next

བླ་མ་སྐུ་གསུམ་སྒྲུབ་པ་སྤྱིའི་ཞལ་གདམས།


CMR007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་སྒྲུབ་པ་སྤྱིའི་ཞལ་གདམས་བཞུགས་སོ༔


CMR007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུྃ༔ ད་ནི་སྐུ་གསུམ་པོ་གང་བསྒྲུབ་ཀྱང་སྒྲུབ་པ་དངོས་གཞིའི་སྐབས་སུ་སྤྱིའི་ཞལ་གདམས་ནི༔ སྒྲུབ་ཆེན་མི་མང་པོས་བྱེད་ན་མི་སོ་སོས་བསྐང་རྒྱུན་དང་༔ ཚོགས་བརྒྱ་དང་ཉུལ་ལེ་བསྐད་མཁན་གིང་ཕོ་མོ་དང་ཞི་ཁྲོ་སོགས་གཞུང་བསྲང་མང་པོ་སོ་སོས་བྱེད་ཚུལ་སོགས་སྒྲུབ་ཆེན་ཁོག་དབུབ་དངོས་གཞིའི་ལེའུ་ནས་གསུངས་པ་ལྟར་གོ་བར་བྱའོ༔ འདིར་རྣལ་འབྱོར་པ་གཅིག་གིས་ཉམས་སུ་ལེན་པའི་ཚེ་ན༔ དུས་བཞིའམ་གསུམ་དུ་ལས་བྱང་མང་ཉུང་གང་རུང་ངམ་གང་འདོད་གཞུང་བསྲང་༔ དགོང་མོའི་ཐུན་ལ་དྲག་པོ་སོགས་གཞན་ཡི་དམ་རྣམས་ཀྱི་ལས་བྱང་རེས་


CMR007_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སུ་བྱ༔ ཆོས་སྐྱོང་མ་ནིང་དང་མཁའ་རི་རྒྱུན་དུ་ཐོན་ན་རབ༔ གཞན་ཆོས་སྐྱོང་རྣམས་འདོན་རེས་བྱ་སྟེ༔ ཡི་དམ་ཆོས་སྐྱོང་སྤྱིའི་དེས་ཐུན་གོ་བཅད་ཀྱང་རུང་༔ རང་གི་ལུས་ལ་ནད་སོགས་ཡོད་ན་ཉལ་ཁ་ཆོས་སྤྱོད་ནས་གསུངས་པའི་ཀུ་སུ་ལུའི་ཚོགས་གསོག་དམིགས་ཐུན་མང་བ་རབ་ཅིག་བྱ༔ གཉིད་དུས་གསང་ཁྲིད་ནས་གསུངས་པ་ལྟར་འོད་གསལ་འཛིན་པའི་དམིགས་རིམ་མམ༔ སེམས་ངོའི་ངང་ནས་འོད་གསལ་ཨི་ཟིན་ཚད་ལ་ཉལ༔ དེ་ཡང་སྲུང་འཁོར་དང་མདུན་བསྐྱེད་མི་བསྡུ་བར༔ བདག་བསྐྱེད་སྟོང་ཉིད་འོད་གསལ་ངང་དུ་བསྡུས་ལ་ཉལ༔ ཡང་བདག་བསྐྱེད་


CMR007_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་བཞག་ལ་ལྷ་སྟོང་ཉིད་དུ་བསྡུས་ཀྱང་རུང་༔ ཡང་རྙིང་མའི་སློབ་དཔོན་རྒན་པོ་རྣམས་སྒྲུབ་པ་དབུ་བཙུགས་ནས་མཚམས་གྲོལ་ཁ་བར་བདག་མདུན་བསྐྱེད་རིམ་མི་བསྡུ་བར་གསལ་འདེབས་ཤིང་བསྒོམ་སྲོལ་གདའ་བས༔ འདི་མཆོག་སྒྲུབ་པ་ལ་ཅུང་ཟད་མི་རུང་སྟེ་རྟག་པར་ཆད་པའི་ཉེས་པ་ཞིག་ཡོད་པར་བཤད་མཐུ་སྒྲུབ་ལྟ་བུ་ལ་ནི་དེ་ལྟར་བྱས་པས་ནུས་པ་ཆེ་ཞིང་རྟགས་མྱུར་བ་དང་གསལ་བའི་གནད་ཡོད་པར་གདའོ༔ འདིར་ཐུན་མཚམས་སུ་ཡང་ངག་མི་བཏང་༔ སྟན་དྲོད་མ་ཡལ་བ་རྟགས་དང་ནུས་པ་ཆེའོ༔ མི་རུང་བ་ཡང་མིན་ལར་གྱི་ལྟ་སྒོམ་གྱི་གནད་ཆོས་སྤྱོད་ལམ་རིམ་དང་༔ ལང་གྲོའི་ཞུས་ལན༔ དག་སྣང་སྙན་བརྒྱུད་རྣམས་ལས་གསུངས་པ་ལྟར་གོ་བར་བྱ༔ བཟའ་བཏུང་གི་རྣལ་འབྱོར་དྲི་ཆེན་དྲི་ཆུ་ཡི་སྦྱིན་པ་རྣམས་ཀྱང་ཆོས་སྤྱོད་ལམ་རིམ་ལྟར་བསྒོམ༔ སྤྱིའི་དམ་ཚིག་ལང་གྲོའི་ཞུས་ལན་ལྟར་ཁྱད་པར་སྐུ་གསུམ་སྒྲུབ་ཚེ་དམ་ཚིག་སྒྲུབ་ཆེན་ཁོག་དབུབ་དང་སྐུ་གསུམ་སྒྲུབ་པའི་པྲ་ཁྲིད་ལྟར་དམ་པར་སྲུང་༔ སྒྲུབ་ཆེན་དང་རྟགས་ཡིག་ནས་གསུངས་པ་ལྟར་རྟགས་བཟང་ངན་ཤེས་པར་བྱས་ལ༔ བཟང་ན་གང་བྱུང་དགའ་བྲོད་དང་རྣམ་རྟོག་ཆེན་པོ་མི་ཟ་མོད་ཀྱི༔ ངན་ན་སྨན་


CMR007_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཡིག་ཆུང་ལྟར་ཉུལ་ལེའི་ལིངྒ་ལ་བཀུག་གཞུག་དང་ཕུར་འདེབས་བྱ༔ མི་ལྤགས་ཀྱི་ལྕག་སོགས་ཡོད་ན་རབ༔ མེད་ན་ཡང་ཕུར་པ་འདྲིལ་ཞིང་ཀུན་ཐུབ་རྒྱལ་མོ་བསྐུལ༔ རྟགས་ལེགས་པོ་བྱུང་ན་ཆང་བྷན་གང་ལ་བདུད་རྩི་རིལ་བུ་བཏབ་ནས་སྒྲུབ་ཆེན་ལྟར་དངོས་གྲུབ་བླང་༔ ཆང་མེད་ན་ཡང་ཞོ་ལ་རུང་སྟེ༔ བདེ་མཆོག་སྙན་བརྒྱུད་སྐོར་ནས་ཆང་གི་གོ་ཞོས་ཆོད་དེ༔ ཆང་དང་ཞོ་གཉིས་ཀ་བྱང་སེམས་དཀར་པོ་མཚོན་བྱེད་དུ་གསུངས་སོ༔ དངོས་གྲུབ་ཀྱི་ལྟས་དང་རྟགས་ཤིན་ཏུ་བཟང་ན༔ གཏོར་མ་རིན་ཆེན་འབར་བ་ཕྲིན་ལས་བཞིའི་འབྲང་རྒྱས་དང་བཅས་པ་བྱས་ལ་དངོས་གྲུབ་ཆེན་པོ་བླང་བའི་ཆོ་ག་སྒྲུབ་ཆེན་ཁོག་དབུབ་དངོས་གཞིའི་སྐབས་སུ་གསུངས་པ་ལྟར་བྱའོ༔ དང་པོ་ནས་བཤམས་པའི་དངོས་གྲུབ་རྫས་དེ་གྲོལ་ཁ་དངོས་གྲུབ་བླང་རྒྱུ་ཡིན་ལ་འདི་ནི་ཕྲལ་དུ་བཅས་པ་ཡིན་པས་མ་ནོར་བར་བྱའོ༔ གལ་ཏེ་སྒྲུབ་ཆེན་དངོས་ཀྱི་སྐབས་སུ་ཟས་ཕར་སྦྱིན་པ་དང་ནད་པ་ལ་དམིགས་པ་བྱེད་པ་སོགས་དམ་ཚིག་ལ་ཅུང་ཟད་འགལ་བྱུང་ན་ཐུན་མཚམས་སུ་རྡོར་སེམས་སྒོམ་བཟླས་ཤིག་བྱ་ཞིང་༔ དགོང་ཐུན་ལ་བསྐང་བཤགས་ཚར་གཅིག་བྱའོ༔ དེ་དང་མཉམ་དུ་དཀྱིལ་འཁོར་ལ་


CMR007_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཞིང་༔ སྒྲུབ་ཆེན་གཞུང་ནས་གསུངས་པའི་བཤགས་ཚིག་བརྗོད་དོ༔ དེ་རྗེས་དམ་བཅའི་ཚིག་དེ་རྣམས་ཀྱང་བརྗོད་དོ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སོགས་ཀྱི་ཚིག་དེའོ༔ སྐབས་སུ་ཐུན་མཚམས་སུ་ལག་ཏུ་ཕུར་པ་ཐོགས་ལ་འཚམས་ཤིང་དཀྱིལ་འཁོར་ལ་སྐོར་བ་བྱ༔ སྐོར་ས་མེད་ཀྱང་འཆོམ་སྟབས་བྱ་ཞིང་༔ སྐད་ཅིག་དྲན་རྫོགས་ལ་ཧཱུཾ་སྒྲུབ་ཀྱི་དམིགས་པ་དེ་རྣམས་བཟུང་ནས༔ ཧཱུྃ་བརྒྱའམ་ཉེར་གཅིག་ཙམ་བརྗོད་པ་ནི༔ གེགས་སེལ་གྱི་མཆོག་གོ༔ ད་ནངས་ཞོགས་པ་དང་པོ་གཉིད་ལས་ཌཱཀྐིས་སློང་བར་བསྒོམ་པ་དང་༔ མི་རྟག་པ་སོགས་དྲན་པ་རྣམས་ཡིད་བསྒོམ་ཆོག༔ སྐྱབས་སེམས་ནི་ཐུགས་སྒྲུབ་རང་ལུགས་ལྟར་བྱའོ༔ སྔོན་འགྲོ་མཎྜལ་སོགས་ཁྲིད་ཀྱི་དུས་ཡིན་གྱི༔ སྒྲུབ་པ་དངོས་གཞིའི་སྐབས་སུ་དེ་མི་དགོས༔ མཇུག་བསྔོ་བ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཤོ་ལོ་ཀ་རེ་ཙམ་ནངས་ནུབ་རྒྱུན་དུ་བྱ་ཞིང་༔ བསྔོ་བ་སྨོན་ལམ་རྒྱས་པ་ནི་སྒྲུབ་པ་ཚར་དུས་བྱ་རྒྱུ་ཡིན་ནོ༔ དོན་ལ་སྐུ་གསུམ་སྒྲུབ་ཆེན་དང་༔ སྐུ་གསུམ་སྒྲུབ་པ་དང་༔ སྒྲུབ་ཕྲན་སྐུ་གསུམ་རྒྱུན་ཁྱེར་སྐུ་གསུམ་སྒྲུབ་པའི་ཁྲིད་རྣམས་སོ་སོ་ཡིན་པས་ཕྱེ་ཤེས་པར་བྱའི༔ ཐམས་ཅད་མི་དགོས་པས་རྩ་བསྲེ་ཤིང་བསྲེ་


CMR007_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་དོན་དང་འགལ་ཞིང་རང་ཉིད་ཧ་ཅང་ཐང་ཆད་པའི་བྱ་བ་ནི་སྤང་བར་བྱའོ༔ སྒྲུབ་ཆེན་ལ་ཡང་མང་པོས་སྒྲུབ་ཆེན་བྱ་བ་དང་༔ མི་གཅིག་གིས་བྱ་བ་གཉིས་ལ་ཡང་སྤང་བླང་རིག་པས་ཕྱེ་ཤེས་པ་དང་༔ སྒྲུབ་ཆེན་གྱི་ཁོང་ནས་ཕྱུང་སྟེ་སྐུ་གསུམ་སྒྲུབ་པ་རྒྱས་པར་བྱ་བ་སྒྲུབ་ཆེན་ལྟ་བུ་དང་༔ སྒྲུབ་ཆེན་ཁོག་དབུབ་ལ་མ་ལྟོས་པར༔ སྐུ་གསུམ་སྒྲུབ་པའི་པྲ་ཁྲིད་ཁོ་ན་ལྟར་སྒྲུབ་པ་སྒྲུབ་ཕྲན་དང་དེ་ཡང་སྐུ་གསུམ་ཀ་སྦྲེལ་མའམ་གང་མོས་རེ་རེ་ཐོར་བུར་བསྒྲུབ་རུང་བ་ཡིན་པས༔ དེ་དག་གི་འཕྲུལ་དམིགས་ཁ་སབ་མི་དགོས་པ་དང་༔ དགོས་པ་དང་དབྱེ་བ་རིག་པས་དཔག་སྟེ་ཕྱེ་ཤེས་པར་བྱའོ༔ གོང་འོག་ཅུང་ཟད་སོང་བ་ལ་ནི་སྐྱོན་དུ་མི་ལྟ་སྟེ༔ སྒྲུབ་ཆེན་གྱི་གོ་རིམ་རྡུལ་ཚོན་གསར་དུ་བྱེད་པའི་དབང་དུ་གསུངས་པ་ཡིན་ལ༔ པྲ་ཁྲིད་ཀྱང་ཡོ་བྱད་གསར་དུ་བསྒྲུབ་པའི་དབང་དུ་ཡིན༔ དབང་ཡང་སྒྲུབ་ཆེན་གྱི་དབང་སྒྲུབ་ནས་སྐུར་བའི་དབང་དུ་ཡིན་པས༔ དེ་དག་གཞུང་ལྟར་རྒྱུན་དུ་བྱེད་མི་དགོས་པའི་སྐབས་མང་དུ་ཡོད་པ་ཤེས་རབ་ཀྱི་རྩལ་གྱིས་བརྟག་སྟེ་སྤང་བླང་བྱའོ༔ སྒྲུབ་པའི་སྐབས་སུ་ཚེས་བཅུ་དགུ་གཏོར་སོགས་དུས་མཆོད་གང་དགོས་དགོང་ཐུན་ལ་སྦྱར་བ་དང་༔ སྒྲུབ་པའི་སྐབས་སུ་


CMR007_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་དུ་ཕྲིན་ལས་བཅོལ་དགོས་པ་གང་བྱུང་ཡང་ཡི་དམ་ཆོས་སྐྱོང་གཞན་ཞིག་ལ་གཏོར་མ་ཐུན་མཚམས་སུ་ཕུལ་ལ་བཀའ་བསྒོ་སྒྲུབ་པ་བྱེད་པའི་ཡི་དམ་ཆོས་སྐྱོང་དེ་ལ་ཕྲིན་ལས་མི་བཅོལ་བ་ཡང་གནད་དམ་པ་ཡིན་ནོ༔ གལ་ཏེ་བཅོལ་ན་ཆང་མ་ལང་བར་དུ་ཆུ་བརྒྱབ་པ་ལྟར་སྒྲུབ་པ་ཞུད་པར་འགྱུར་བའོ༔ ཞེས་སྐུ་གསུམ་སྒྲུབ་པ་གསུམ་གའི་སྤྱིའི་ཐུན་མཚམས་ཞལ་གདམས་གོ་བདེ་བར་ཨ་རཱ་གས་བྲིས་སོ༔ འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བགྱིའོ༔ མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་སྐུ་གསུམ་སྒྲུབ་པ་སྤྱིའི་ཞལ་གདམས། next