Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
སྒྲུབ་པ་སྒོམ་ལམ་བཤད་པ།
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousསྒྲུབ་པ་སྒོམ་ལམ་བཤད་པ།next

སྒྲུབ་པ་སྒོམ་ལམ་བཤད་པ།


GLG013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་སྒོམ་ལམ་བཤད་པ། གཉིས་པ་ཟག་མེད་སྒོམ་ལམ་ལ། དབྱེ་བས་མཚམས་སྦྱར་བ། སོ་སོའི་ངོ་བོ་བཤད་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་ཟག་པ་དང་བཅས་པའི་སྒོམ་ལམ་བསྟན་པའི་འོག་ཏུ་ཟག་པ་མེད་པའི་སྒོམ་ལམ་འཆད་ཚུལ་ཡོད་དེ། དེ་ཡང་དབྱེ་ན་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་རྣམ་པ་གཉིས་


GLG013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པ་སྒྲུབ་པ་སྒོམ་ལམ་གི་མཚན་ཉིད། དེ་གང་ཞིག །སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པ་རྣམ་དག་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །མཉམ་གཞག་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དེ་གང་ཞིག །རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པ་དེ་རྣམ་དག་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་རྟོགས་པ་དང་སྤངས་པ་མཐར་ཐུག་གཉིས་ཀའི་ལག་རྗེས་འཇོག་བྱེད་ཀྱི་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་ཡིན་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། རྣམ་དག་སྒོམ་ལམ་ཡིན་པར་ཐལ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །སྒྲུབ་པ་སྒོམ་ལམ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །ཐེག་ཆེན་གྱི་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པའི་ཕྱིར། དེར་ཐལ། རྣམ་དག་སྒོམ་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་རང་ལུགས་ནི། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག །རྟོགས་


GLG013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ་སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དེ་གང་ཞིག །སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ་རྣམ་དག་སྒོམ་ལམ་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། སྒོམ་ལམ་གཉིས་པོ་འགལ་བར་ཐལ། སྤངས་རྟོགས་གཉིས་ཀྱི་ནང་ནས་གཙོ་བོར་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དང་། དེ་གཉིས་ཀྱི་ནང་ནས་གཙོ་བོར་སྤངས་པ་མཐར་ཐུག་གི་ལམ་རྗེས་འཇོག་བྱེད་འགལ་བའི་ཕྱིར་ཟེར་ན། ཁ་ཅིག །མ་གྲུབ་སྟེ། འཇོག་བྱེད་དེ་གཉིས་མེད་པའི་ཕྱིར། དེར་ཐལ། བྱས་མི་རྟག་གཉིས་ཀྱི་ནང་ནས་བྱས་པ་དང་། དེ་གཉིས་ཀྱི་ནང་ནས་མི་རྟག་པ་གཉིས་ཀ་མེད་པའི་ཕྱིར་ན། རང་ལུགས་ལ་མ་ཁྱབ། དེར་ཐལ། དེ་གཉིས་ཀྱི་ནང་ནས་གཅིག་པོ་གཞི་གྲུབ་ན་ཅིག་ཤོས་མེད་དགོས་པའི་ཕྱིར། གཉིས་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་དག་སྒོམ་ལམ་གྱི་དང་པོར་ཡོན་ཏན་མངོན་པར་སྒྲུབ་པའི་མཚན་ཉིད་ཅན་གྱི་སྒྲུབ་པ་སྒོམ་ལམ་འཆད་ཚུལ་ཡོད་དེ། ཟག་མེད་སྒོམ་ལམ་ལ་དེ་གཉིས་སུ་ཡོད་པར་བསྟན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་ལྔར་ཡོད་དེ། སྒོམ་ལམ་དེའི་ངོ་བོ་ཉིད་དང་། འབྲས་བུ་མཆོག་ཉིད་དང་། བྱེད་ལས་ཀུན་ནས་མངོན་པར་འདུ་མི་བྱེད་པ་དང་། གནས་སྐབས་ཆོས་རྣམས་དམིགས་སུ་མེད་པར་ནི་གཏོད་པར་བྱེད་པ་དང་། མཐར་དོན་ཆེན་སངས་རྒྱས་ཉིད་དུ་བྱེད་པའི་དེ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། རང་གི་ངོ་བོ་ཉིད་ཡོད་དེ། གཟུགས་ལ་སོགས་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་
ཡིན་པའི་ཕྱིར། དེ་ཆོས་ཅན། ཐབས་མཆོག་ཉིད་དང་ལྡན་ཏེ། ཐབས་ཀྱིས་མ་ཟིན་པའི་སྦྱིན་སོགས་གཞན་གྱིས་སངས་རྒྱས་ཉིད་མི་འཐོབ་པ་དེས་ཟིན་པའི་དབང་གིས་འཐོབ་པའི་ཕྱིར། དེ་ཆོས་ཅན། ཀུན་ལ་མངོན་པར་འདུ་མི་བྱེད་པ་དང་ལྡན་ཏེ། ཆོས་ཐམས་ཅད་ཀྱི་ཁྱད་པར་སྐྱེ་བ་མེད་པར་རྟོགས་པའི་རྣལ་འབྱོར་པར་སྦྱོར་བར་བྱེད་པའི་ཕྱིར། དེ་ཆོས་ཅན། གནས་སྐབས་ཀྱི་འབྲས་བུ་གཏོད་པར་བྱེད་པ་དང་ལྡན་ཏེ། དེ་ལྟ་བུའི་ངོ་བོ་ཉིད་ལ་སོགས་པ་དང་ལྡན་པའི་ལམ་གྱི་ཆོས་རྣམས་མི་དམིགས་པ་ཉིད་དུ་རྣལ་འབྱོར་པའི་རྒྱུད་ལ་སྐྱེད་པར་བྱེད་པའི་ཕྱིར། དེ་ཆོས་ཅན། མཐའི་འབྲས་བུ་དོན་ཆེན་པོ་ཉིད་དང་ལྡན་ཏེ། དོན་ཆེན་པོ་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར།


previousསྒྲུབ་པ་སྒོམ་ལམ་བཤད་པ།next