Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
ལྷ་རྣམས་ཀྱི་གནས་བཤད་པ།
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousལྷ་རྣམས་ཀྱི་གནས་བཤད་པ།next

ལྷ་རྣམས་ཀྱི་གནས་བཤད་པ།


GLG014_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ལྷ་རྣམས་ཀྱི་གནས་བཤད་པ་ལ། ས་དང་འབྲེལ་བའི་གནས་བཤད། མ་འབྲེལ་བའི་གནས་བཤད། དང་པོ། ཞར་བྱུང་སེམས་ཅན་གྱི་ཁྱད་ཆོས། བར་གྱི་ཐག་ཚད་བཤད་པ་དང་བཞི། རྒྱལ་ཆེན་རིགས་བཞི་པ་དང་། སུམ་ཅུ་རྩ་གསུམ་པའི་གནས་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རི་རབ་འདི་ལ་ཆུ་མཚམས་ཡན་ལ་བང་རིམ་བཞི་ཡོད་དེ། དེ་བཞིའི་བར་གྱི་ཐག་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པའི་ཕྱིར། བང་རིམ་བཞི་པོ་དེ་དག་ཆོས་ཅན། རི་རབ་ལས་ཅུང་ཟད་འཕགས་ཏེ། དང་པོ་ལ་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་ལ་བརྒྱད་དང་། གསུམ་པ་ལ་བཞི་དང་། བཞི་པ་ལ་གཉིས་ཕྱིར་འཕགས་པའི་ཕྱིར། བང་རིམ་དེ་རྣམས་ཆོས་ཅན། ཁྱོད་ལ་གནས་པའི་ལྷ་ཡོད་དེ། རིམ་པ་བཞིན་གནོད་སྦྱིན་ལག་ན་གཞོང་ཐོགས་དང་། ཕྲེང་ཐོགས་དང་། རྟག་མྱོས་དང་། བཞི་པ་ལ་རྒྱལ་ཆེན་བཞི་དང་དེའི་འཁོར་གྱི་ལྷ་རྣམས་གནས་པའི་ཕྱིར། གསེར་གྱི་རི་བདུན་པོ་དག་ལ་ཡང་


GLG014_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། ཁྱོད་ལ་གནས་པ་ཡོད་དེ། རྒྱལ་ཆེན་རིགས་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་རྡལ་དཔག་ཏུ་མེད་པ་ཡོད་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ལྷུན་པོ་ཆོས་ཅན། ཁྱོད་ཀྱི་རྩེ་ན་གནས་ཡོད་དེ། སུམ་ཅུ་རྩ་གསུམ་པའི་ལྷ་གནས་ཡོད་པའི་ཕྱིར། ལྷུན་པོའི་རྩེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་ལ་དཔག་ཚད་བརྒྱད་ཁྲི་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེའི་ཕྱོགས་མཚམས་ན་དཔག་ཚད་ལྔ་བརྒྱའི་ཚད་ཙམ་གྱི་བརྩེགས་པ་བཞི་ལ་གནས་པའི་ལྷ་ཡོད་དེ། གནོད་སྦྱིན་ལག་ན་རྡོ་རྗེ་གནས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གྲོང་དང་ཚལ་དང་ས་དང་ཤིང་དང་མདུན་སའི་མངོན་པར་དགའ་བ་བཤད་པ་ལྔ། དང་པོ་ནི། སྔར་བཤད་པའི་རྩེ་དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་གནས་ཡོད་དེ། བརྒྱ་བྱིན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རྔམས་སུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་ཕྱིར། དེ་ཆོས་ཅན། རང་བཞིན་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། གཞི་གསེར་ལས་གྲུབ་པ། ས་གཞི་འཇའ་ཚོན་ལྟར་བཀྲ་བ། རྐང་པ་བཞག་ན་ནེམ་ནེམ་པ་དང་། བཏེག་ན་སྤར་བར་བྱེད་པའི་གཉེན་པ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། གྲོང་ཁྱེར་གྱི་དབུས་དེ་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་དེ། ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་རེ་ཡོད་པའི་ཕྱིར། གཉིས་པ་ནི། གྲོང་ཁྱེར་དེ་ཆོས་ཅན། ཁྱོད་ཀྱི་ཕྱི་རོལ་ངོས་བཞི་ན། ལྷའི་སྐྱེད་ཚལ་བཞི་ཡོད་དེ། ཤིང་རྟ་སྣ་ཚོགས་ཚལ་དང་། སླེབས་པ་ཙམ་གྱིས་ཤེས་པ་རྩུབ་པར་འགྱུར་བའི་ཚལ་དང་། ལྷའི་བུ་བུ་མོ་རྣམས་འདྲེས་ཤིང་འདོད་ཡོན་ལ་སྤྱོད་པའི་ཚལ་དང་། ཡིད་དགའ་བ་སྐྱེད་པའི་ཚལ་དང་བཞིས་བརྒྱན་པའི་ཕྱིར། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དེ་ཆོས་ཅན།


GLG014_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ན་གླང་པོ་དེ་ཁྱད་པར་དུ་འཕགས་པ་ཡོད་དེ། ཁྱོད་ན་ས་སྲུང་གི་བུ་གཟུགས་བཟང་ཞིང་མཛེས་པ། དཀར་བ། ཡན་ལག་བདུན་ལེགས་པར་གནས་པ། མགོ་དམར་བ། མཆེ་བ་དྲུག་པ། སྲིད་དུ་དཔག་ཚད་གཅིག་དང་། ཁོར་ཡུག་ཏུ་བདུན་ཡོད་པ། འཁོར་གླང་པོ་ཆེ་བརྒྱད་སྟོང་དང་ལྡན་པ། མགོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང་མགོ་རེ་ལ་མཆེ་བ་དྲུག་དྲུག་དང་། མཆེ་བ་རེ་ལ་རྫིང་བུ་བདུན་བདུན་དང་། རྫིང་བུ་རེ་ལ་པདྨའི་སྡོང་པོ་བདུན་བདུན་དང་། པདྨ་རེ་ལ་ལྷ་མོ་བདུན་བདུན་དང་། དེ་རེ་ལ་གཡོག་མོ་བདུན་བདུན་དང་། དེ་རེ་ལ་སིལ་སྙན་འཁྲོལ་བ་བདུན་བདུན་དང་ལྡན་པར་སྤྲུལ་ཏེ། མགོ་དབུས་མ་ལ་དབང་པོ་དང་། གཞན་རྣམས་ལ་ཉེ་དབང་སོ་གཉིས་དང་། གླང་པོ་ཆེ་གཞན་རྣམས་ལ་འཁོར་རྣམས་ཞོན་ནས་འགྲོ་བའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེད་ཚལ་དེ་རྣམས་ཀྱི་ཕྱོགས་བཞི་ན་ཚལ་བཞི་ཡོད་དེ། དཔག་ཚད་ཉི་ཤུས་བཅད་པ་ན། ས་གཞི་བཟང་པོ་ཚལ་དེ་དག་ལ་འགྲན་པ་བཞི་ཡོད་པའི་ཕྱིར། གྲོང་ཁྱེར་དེའི་བྱང་ཤར་གྱི་མཚམས་ན་ཤིང་ཡོངས་འདུས་བརྟོལ་ཡོད་དེ། དེ་དཔག་ཚད་ལྔ་ཐུར་དུ་ཟུག་པ། བརྒྱ་གྱེན་དུ་འཕགས་པ། ཡལ་ག་དང་འདབ་མས་ལྔ་བཅུར་ཁྱབ་པ། མེ་ཏོག་རྒྱས་པའི་དྲི་བཟང་པོ་དཔག་ཚད་བརྒྱར་ལྡང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཡོད་པའི་ཕྱིར། ལྔ་པ་ནི། ལྷོ་ནུབ་ཀྱི་མཚམས་ན། ལྷ་རྣམས་ཀྱི་བཀའ་བགྲོ་བའི་གནས་ཡོད་དེ། ཆོས་བཟང་ལྷའི་མདུན་ས་ཡོད་པའི་ཕྱིར། །གཉིས་པ་ས་དང་མ་འབྲེལ་བའི་གནས་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། སུམ་ཅུ་རྩ་གསུམ་དེའི་སྟེང་ན་འཐབ་བྲལ་སོགས་འདོད་གཟུགས་ཀྱི་ལྷ་རྣམས་ནི་ནམ་མཁའ་ལ་གཞལ་མེད་ཁང་དང་བཅས་པར་ཡོད་པའི་ཕྱིར། གསུམ་པ་ཞར་བྱུང་སེམས་ཅན་གྱི་ཁྱད་ཆོས་ལ། འདོད་པ་ལ་སྤྱོད་པ་དང་། ལྷའི་བུ་སྐྱེ་བ་དང་། འདོད་བདེ་བསྟེན་ཚུལ་དང་


GLG014_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ལྷ་རྣམས་འདོད་པ་ལ་སྤྱོད་ཚུལ་དྲུག་ཡོད་དེ། རིམ་པ་བཞིན་འོག་མ་གཉིས་ནི། མི་ལྟར་དབང་པོ་གཉིས་སྤྲད་ནས་འཁྲིག་པ་བསྟེན་པར་བྱེད། གསུམ་པ་འཁྱུད་པ་དང་། བཞི་པ་ལག་པ་བཅངས་པ་དང་། ལྔ་པ་རྒོད་པ་དང་། དྲུག་པ་བལྟས་པ་ཙམ་གྱིས་འཁྲིག་པའི་བདེ་བ་མྱོང་བར་བྱེད་པའི་ཕྱིར། །གཉིས་པ་ནི། ཤེས་བྱ་ཆོས་ཅན། འདོད་པའི་ལྷ་མོ་རྣམས་ལ་བུ་མངལ་ནས་བཙའ་བ་མ་ཡིན་ཏེ། དེ་དག་གི་པང་དུ་བྱིས་པ་ལོ་ལྔ་ལོན་པ་ཙམ་ནས་ལོ་བཅུ་ལོན་པའི་བར་དག་ཏུ་རིམ་བཞིན་དེ་རྣམས་སུ་སྐྱེ་བའི་ཕྱིར། ཐམས་ཅད་ཡིན་ནམ་ཟེར་ན། མ་ཡིན་ཏེ། བརྒྱ་བྱིན་ནི་རྫོགས་པར་སྐྱེ་བས་སྔ་ཕྱི་བརྗེས་པ་གཞན་གྱིས་མི་ཤེས་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་ཅན་གྱི་ལྷ་རྣམས་ནི་ཐོག་མ་ཉིད་ནས་ལུས་ཀུན་རྫོགས་ཤིང་། གོས་དང་བཅས་པ་ཉིད་དུ་སྐྱེ་སྟེ། དེ་རྣམས་འདོད་ཁམས་པ་དང་མི་འདྲ་བར་ངོ་ཚ་ཁྲེལ་ཡོད་ཤས་ཆེ་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། འདོད་པ་ཇི་ལྟར་གནས་པ་དང་། རང་གིས་སྤྲུལ་པ་དང་། གཞན་གྱིས་སྤྲུལ་པ་ལ་དབང་བྱེད་པའི་སྐྱེ་བ་གསུམ་པོ་ནི། རིམ་པ་བཞིན། འདོད་ལྷ་དང་པོ་བཞི་མིར་བཅས་པ་རྣམས་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཡིན་ལ། དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པ་དང་། དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བ་གསུམ་ནི། རིམ་པ་བཞིན་བསམ་གཏན་དང་པོ་གསུམ་གྱི་སྐྱེ་བ་སྟེ། དེ་རེ་རེ་ལ་ས་གསུམ་གསུམ་སྟེ་དགུ་ཡོད་པའི་ཕྱིར། བཞི་པ་བར་གྱི་ཐག་ཚད་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། རྒྱལ་ཆེན་རིགས་ བཞི་པའི་གནས་ནས། དེའི་འོག་མ་འདོད་ཁམས་འཛམ་བུ་གླིང་ལ་དཔག་ཚད་བཞི་ཁྲི་ཡོད་པ་དེ་བཞིན་དུ། དེའི་གོང་མ་སུམ་ཅུ་རྩ་གསུམ་གྱི་བར་ལ་ཡང་དེ་ལྟར་ཡོད་པའི་ཕྱིར།
གནས་འོག་མའི་གང་ཟག་རྣམས་རང་སྟོབས་ཀྱིས་གནས་གོང་མ་རྣམས་སུ་བགྲོད་མི་ནུས་ཏེ། རྫུ་འཕྲུལ་དང་གཞན་ལ་བསྟེན་པ་མ་གཏོགས་པ་རྣམས་ཀྱིས་ས་གོང་མར་འགྲོ་བ་དང་དེ་དག་མཐོང་བ་མེད་པའི་ཕྱིར། དྲུག་པ་སྟོང་གསུམ་ངོས་གཟུང་བ་ནི། ཤེས་བྱ་ཆོས་ཅན། སྟོང་སྤྱི་ཕུད་ཀྱིས་འཇིག་རྟེན་གྱི་ཁམས་ཡོད་དེ། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་བསམ་གཏན་དང་པོ་མན་ཆད་སྟོང་ལ་ནི་ཡིན་པར་འདོད་པའི་ཕྱིར། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཆོས་ཅན། ཡོད་དེ། སྔར་བཤད་པའི་སྟོང་སྤྱི་ཕུད་དེ་སྟོང་ལ་ཤེས་པར་བྱ་བ་ཡིན་པའི་ཕྱིར། སྟོང་གསུམ་གྱི་འཇིག་རྟེན་ཆོས་ཅན། ཡོད་དེ། སྟོང་གཉིས་པ་དེ་སྟོང་ལ་བྱེད་པའི་ཕྱིར། སྟོང་གསུམ་པོ་དེ་ཆོས་ཅན། འཆགས་འཇིག་རིམ་ཅན་དུ་མི་འབྱུང་སྟེ། མེ་སོགས་ཀྱིས་འཇིག་པ་དང་། དེའི་རྗེས་སུ་འབྱུང་བ་སྟེ་མཉམ་དུ་འཆགས་པའི་ཕྱིར།


previousལྷ་རྣམས་ཀྱི་གནས་བཤད་པ།next