Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽

165 occurrences of དགོངས་པ་
[Clear Hits]


 
 
 
  
 
  
  
 expand section
  
  
  
  
 
11   
 
 
  
  
expand section
  
  
 
  
 
expand section
 
 
11   
  
 
 
 
  
 
 
 
 
 
ཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ།
 
21   
11  expand section
expand section
  
 
expand section
 
 
  
  
 
 
 
  
 
 
  
 
 


165 occurrences of དགོངས་པ་
[Clear Hits]

 
previousཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། next

ཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ།

༄༅། །ཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

༄༅། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མགོན་པོ་གདོད་ནས་རྫོགས་སངས་རྒྱས། །འོད་གསལ་རིན་ཆེན་དག་པའི་སྐུ། །དྲི་མེད་ཟབ་ཅིང་རྒྱ་ཆེ་བ། །ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །གཞི་དང་གཞི་སྣང་ཁྱད་པར་ལས། །ཀུན་བཟང་སེམས་ཅན་གྲོལ་དང་འཁྲུལ། །འཁྲུལ་པ་བཟློག་ཚུལ་འབྲས་བུར་བཅས། །བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །འཁོར་དང་འདས་པ་གང་གིས་ཀྱང་། །གོས་པ་མེད་པའི་སྔོན་རོལ་ན། །རང་བྱུང་ཡེ་ཤེས་ཀ་དག་ཉིད། །ངོ་བོ་སྟོང་པ་མཚོན་བརྗོད་འདས། །རང་བཞིན་འོད་ལས་གཏིང་གསལ་ཚུལ། །ཐུགས་རྗེ་རིག་པའི་སྙིང་པོ་ཅན། །ནང་དབྱིངས་དག་པ་ཆེན་པོར་གནས། །ངོ་བོ་སྐུར་གནས་འཕོ་འགྱུར་མེད། །རང་བཞིན་འོད་ལས་གསུང་ཉིད་འཆར། །ཐུགས་རྗེ་ཐུགས་ཏེ་རིག་པར་གནས། །སྐུ་རུ་གནས་ཀྱང་ཞལ་ཕྱག་མེད། །འོད་དུ་གནས་ཀྱང་ཁ་དོག་མེད། །རིག་པར་གནས་ཀྱང་འཕྲོ་འདུ་མེད། །རང་ངོ་ནང་གསལ་འཆར་གཞིའི་ཆ། །སྐུ་ལས་སྐུ་གསུམ་ཉིད་དང་ནི། །འོད་ལས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རིག་པ་ཡེ་ཤེས་སུ། །ངང་གིས་འཆར་(༡༤༩)བའི་གཞི་མར་གནས། །འདི་ནི་གདོད་མའི་གནས་ལུགས་སོ། །གཞི་ལས་གཞི་སྣང་སྣང་ཚུལ་ལ། །ནང་དབྱིངས་གཏིང་གསལ་ལྷུན་གྲུབ་ཉིད། །རླུང་གིས་ཕྱིར་གཡོས་རང་གདངས་ཤར། །ལྷུན་གྲུབ་རྒྱ་ཁ་རལ་བའི་ཚེ། །ཤར་ལུགས་དྲུག་དང་སྒོ་གཉིས་སྣང་། །རིག་པ་ནང་གསལ་གཅིག་པོ་ལ། །རིག་གདངས་རླུང་གིས་གཡོ་བ་ཡིས། །ནང་མདངས་ཕྱི་རུ་བསྐྱོད་པ་སྟེ། །ཐུགས་རྗེ་ལྟ་བུར་རང་ཤར་བས། །རིག་པའི་རང་རྩལ་གདངས་ལ་འཇུག །འོད་ལྟར་ཤར་བས་འཇའ་ཚོན་བཞིན། །ཐམས་ཅད་དབྱིངས་སྣང་དག་པར་གདལ། །སྐུ་ལྟར་ཤར་བས་ཚོམ་བུའི་སྐུ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ། །ཡེ་ཤེས་ལྟ་བུར་རང་ཤར་བས། །དག་པའི་ཞིང་ཁམས་མངོན་དུ་གྱུར། །གཉིས་མེད་ལྟ་བུར་རང་ཤར་བས། །མི་རྟོག་ཏིང་འཛིན་རང་ངོར་གནས། །མཐའ་གྲོལ་ལྟ་བུར་རང་ཤར་བས། །ཐམས་ཅད་ཟང་ཐལ་མཐའ་དབུས་མེད། །མ་དག་འཁོར་བའི་སྒོ་ལྟར་ཤར། །འགྲོ་དྲུག་སྣང་བ་རྨི་ལམ་བཞིན། །འོག་ཏུ་གསལ་ཏེ་སྟོང་གཟུགས་བཞིན། །སྣང་བ་འདི་ཡོད་འཁྲུལ་རྒྱུར་གནས། །དག་པ་ཡེ་ཤེས་སྒོ་ལྟར་ཤར། །མྱང་འདས་རང་སྣང་ཀ་དག་གཞིན། །གྱེན་དུ་གསལ་ཏེ་ནམ་མཁའ་བཞིན། །སྣང་བ་འདི་ཡང་གྲོལ་རྒྱུར་གནས། །ཤར་ལུགས་དྲུག་ནི་གྱེས་གཞི་ལ། །སྒོ་གཉིས་རང་རང་འཇུག་སྒོར་སྣང་། །འཇུག་པ་འཁོར་འདས་སོ་སོའོ། །འདི་དག་གཞིར་སྣང་ཤར་ཚུལ་ལོ། །དེ་ཚེ་ཀུན་བཟང་གྲོལ་ཚུལ་ནི། །ཐུགས་རྗེའི་རྩལ་གྱི་གཞི་སྣང་ཀུན། །རིག་པའི་རང་སྣང་ཤེས་པ་ཡིས། །ཡུལ་ཕྱིར་མ་ཤེས་འགྱུ་བ་ཀུན། །རང་ཐག་ཆོད་པས་རྣམ་པར་གྲོལ། །རིག་གདངས་ཐུགས་རྗེའི་ཤར་ཚུལ་དེ། །འགྲོ་ལ་བརྩེ་བའི་ཐུགས་རྗེར་གྱུར། །འོད་སྐུ་ཡེ་ཤེས་ཤར་བ་ཡང་། །རང་དུ་རྟོགས་པས་ཐད་ཀར་ཆོད། །གཉིས་མེད་ལྟར་ཤར་དགོངས་པར་གསལ། །མཐའ་གྲོལ་ལྟར་ཤར་དབྱིངས་གཅིག་རྟོགས། །འཁོར་བའི་སྒོ་ཉིད་སྒྱུ་མར་རྟོགས། །དག་པའི་སྒོ་ལ་རང་ཐིམ་ནས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །གཞི་སྣང་བཅས་པ་ངོ་བོར་ཐིམ། །ཤེལ་འོད་ནང་དུ་བསྡུས་པ་བཞིན། །ཐོག་མའི་ནང་དབྱིངས་ཆོས་སྐུར་(༡༥༠)གནས། །ཐམས་ཅད་ཡེ་ཤེས་དག་པའི་ཀློང་། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས། །ཀུན་བཟང་གཞི་ལ་གྲོལ་ཚུལ་ནི། །དེ་ཡི་ཀུན་ལ་ལམ་བསྟན་པས། །འཁོར་འདས་ཀུན་གྱི་དཔལ་ཞེས་བྱ། །གྲོལ་ཚུལ་འདི་འདྲ་ད་ལྟ་ཡང་། །ཡོད་ཅེས་སྤྲུལ་པའི་སྐྱེས་མཆོག་གསུངས། །དེར་མ་ཟད་དེ་ཆོས་འདི་ཡིས། །གང་གྲོལ་རབ་འབྲིང་ཐ་མ་ཀུན། །གཞི་སྣང་གཞི་ལས་མཐར་ཕྱིན་ནས། །གྲོལ་བར་ཕྱོགས་མཐུན་ཤེས་པར་བྱ། །འོན་ཀྱང་གཞི་ཐོག་གྲོལ་བ་དེ། །འཁྲུལ་མ་མྱོང་བས་མ་རིག་དག །རང་མལ་གཡོས་པ་མེད་པར་གྲོལ། །རབ་འབྲིང་ཐ་མའི་གང་ཟག་རྣམས། །འཁྲུལ་ནས་ལམ་སྦྱངས་གྲོལ་བའི་ཕྱིར། །བྱེ་བྲག་དེ་ལྟར་ཤེས་པར་བྱ། །ཀུན་བཟང་གྲོལ་བའི་ཚུལ་བསྟན་པའོ། །མ་རིག་སེམས་ཅན་འཁྲུལ་ཚུལ་ལ། །གཞི་སྣང་ཤར་བའི་སྣང་བ་ལ། །རང་སྣང་ཡིན་པར་མ་ཤེས་ཏེ། །རྐྱེན་བཞི་དམིགས་པ་མ་དག་པས། །ཐག་པ་སྦྲུལ་འཛིན་བཞིན་དུ་འཁྲུལ། །རྒྱུ་ཡི་རྐྱེན་ནི་མ་རིག་གསུམ། །རང་ངོ་མ་ཤེས་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་མ་རིག་དང་། །མ་རིག་སྦགས་པའི་རིག་པ་དེ། །མ་རིག་ཉིད་དང་ལྷན་ཅིག་པས། །བདག་ཉིད་གཅིག་པའི་མ་རིག་དང་། །རིག་རྩལ་འགྱུ་བ་ཡུལ་ལ་སྤྱོད། །ཀུན་ཏུ་བརྟགས་པའི་མ་རིག་པ། །གསུམ་གྱིས་རྒྱུ་ཡིས་རྐྱེན་བྱས་ཏེ། །བདག་རྐྱེན་རིག་པ་སྔ་མ་ཉིད། །ནང་དབྱིངས་ཡེ་ཤེས་རྣམ་གསུམ་ལས། །ངོ་བོས་ཡུལ་གྱི་གོ་ཕྱེ་ལ། །རང་བཞིན་ལུས་དང་རྣམ་པར་ཕྱེ། །རིག་པ་སེམས་ཀྱི་འཁྲུལ་གཞིར་གྱུར། །དེ་ཕྱིར་བདག་རྐྱེན་རིག་པ་ཉིད། །ག་བུར་གཅིག་གིས་སྨན་དུག་བཞིན། །རྟོགས་ན་གྲོལ་བའི་རྐྱེན་ཡིན་ཡང་། །མ་རྟོགས་འཁྲུལ་རྐྱེན་ཉིད་དུ་སྣང་། །དམིགས་པའི་རྐྱེན་ནི་གཞི་སྣང་ཉིད། །རང་གདངས་ཡིན་ཡང་གཞན་ལྟར་སྣང་། །དམིགས་པའི་ཡུལ་དུ་རང་སྣང་བས། །ཐག་སྦྲུལ་ཐོ་ཡོར་མིར་སྣང་བཞིན། །བརྟགས་ན་ཐག་པ་ཐོ་ཡིན་ཡང་། །སྦྲུལ་དང་མིར་འཁྲུལ་འཇིགས་པ་བསྐྱེད། །གཞི་སྣང་རིག་གདངས་རང་ཡིན་ཡང་། །གཞན་དུ་བཟུང་བས་འཁྲུལ་རྐྱེན་བྱས། །མཚུངས་པ་དེ་མ་ཐག་པའི་རྐྱེན། །མ་རིག་སྦགས་པའི་རིག་པ་དང་། །གཞི་(༡༥༡)སྣང་དུས་མཚུངས་གྱུར་པ་ལས། །འཁྲུལ་པར་དངོས་སུ་གྲུབ་པ་སྟེ། །འོད་ལྔ་བསྒྲིབས་ཤིང་རིག་པ་བརླབ། །མ་རིག་སེམས་ནི་བག་ཆགས་པས། །ཡུལ་དོན་སེམས་ནི་འཁོར་བར་སྣང་། །དེ་ཕྱིར་དེ་མ་ཐག་རྐྱེན་ནི། །མཚོན་དང་ལུས་གཉིས་རེག་མཚུངས་པས། །རྨ་ཡིས་ཟུག་རྔུར་གྱུར་པ་བཞིན། །དེ་ལྟར་རྐྱེན་བཞི་མ་དག་པས། །རང་བྱུང་ཡེ་ཤེས་ཆེན་པོ་ཡང་། །གཟུགས་མེད་གཟུགས་དང་འདོད་པ་ཡི། །ཁམས་གསུམ་འཁོར་བའི་གནས་སུ་འཁྱམས། །ལུས་ངག་སེམས་ཀྱི་རྡོས་པས་བཅིངས། །འཁྲུལ་སྣང་བདེ་སྡུག་བག་ཆགས་དབང་། །རང་སྣང་འགྱུར་བས་གཡོས་པར་སྣང་། །འགྲོ་དྲུག་འགལ་མེ་བཞིན་དུ་འཁོར། །དཔེར་ན་རང་མལ་མ་གཡོས་པར། །རྨི་ལམ་ཡུལ་འཁོར་བརྒྱུད་པ་བཞིན། །བདེ་སྡུག་མཐོ་དམན་སྲིད་པར་སྣང་། །འདི་ནི་འཁྲུལ་པའི་བྱུང་ཚུལ་ལོ། །འཁྲུལ་པ་བཟློག་པའི་ཐབས་ལ་གཉིས། །རང་བཞིན་ཤེས་པར་བྱ་བ་དང་། །ཤེས་ནས་མངོན་དུ་བྱ་བའོ། །རང་བཞིན་ཤེས་པར་བྱ་བ་ནི། །འཁྲུལ་དུས་སེམས་ཅན་ཐམས་ཅད་ལ། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །ཏིལ་འབྲུ་ལས་ནི་མར་བཞིན་དུ། །ཡེ་ནས་ཀུན་ཁྱབ་ཆེན་པོར་གནས། །ཙིཏྟ་རིན་ཆེན་གཞལ་ཡས་ན། །དྭངས་མའི་རྟེན་ལ་གནས་པ་ནི། །སྣུམ་དང་སྡོང་བུ་ཞུན་མར་བཞིན། །རང་གདངས་འོད་ལྔའི་ཀློང་ན་བཞུགས། །ངོ་བོ་ཀ་དག་སྟོང་པ་ཉིད། །རང་བཞིན་ལྷུན་གྲུབ་གདངས་དང་བཅས། །ཐུགས་རྗེ་རིག་པ་རྩལ་དང་བཅས། །ཡེ་ཤེས་གསུམ་གྱི་ཚུལ་དུ་གནས། །དེ་ལས་ཟེར་གདངས་འཕྲོས་པ་ཡིས། །དུང་ཁང་ཁྲོ་བོའི་སྐུར་གསལ་ལ། །རྩ་རྣམས་ནང་ན་ཐིག་ལེར་གསལ། །རླུང་གིས་འཕྲོ་དང་འགྱུ་བར་གནས། །ཁྱད་པར་ཀ་ཏི་ཤེལ་སྦུགས་ཅན། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །འདི་བཞིའི་ནང་ན་འོད་དང་ཟེར། །ཐིག་ལེ་ཐིག་ཕྲན་ཡེ་ཤེས་རླུང་། །རྒྱུ་བས་ཡེ་ཤེས་སྣང་བ་སྟོན། །འོད་རྩའི་རང་གདངས་ལུ་གུ་རྒྱུད། །ཐིག་ལེས་བརྒྱན་པ་དེ་ཡིན་ནོ། །འདི་དག་འཕེལ་དང་དག་པ་ཡིས། །ལས་རླུང་ཟད་དེ་གཞི་སྣང་གྲོལ། །ཀ་དག་རང་གནས་དེ་བཞིན་ནོ། །ཡེ་ཤེས་གནས་ཚུལ་བསྟན་(༡༥༢)པའོ། །ཤེས་ནས་མངོན་དུ་བྱ་བ་ལ། །གཞི་ལམ་འབྲས་བུ་གསུམ་ཉིད་ལས། །གཞི་ནི་རིག་པ་བྱང་ཆུབ་སེམས། །སྒོ་གསུམ་དྲི་མས་བསྒྲིབས་པ་དེ། །དག་ཅིང་སྨིན་པར་བྱ་བའི་ཕྱིར། །དབང་བཞིས་རང་གི་རྒྱུད་སྦྱངས་ནས། །སྤྲོས་བཅས་ལུས་སྦྱངས་ངོ་བོ་སྐུར། །སྨིན་ཅིང་ཀ་དག་ས་ལ་སྦྱོར། །སྤྲོས་མེད་ངག་སྦྱངས་རང་བཞིན་གསུང་། །སྨིན་ཅིང་ལྷུན་གྲུབ་ནང་དབྱིངས་སྦྱོར། །ཤིན་ཏུ་སྤྲོས་མེད་རིག་པ་ཐུགས། །སྨིན་ཅིང་ཡེ་ཤེས་དབྱིངས་སུ་སྦྱོར། །རབ་ཏུ་སྤྲོས་མེད་སྒྲིབ་ཀུན་སྦྱངས། །ཤེས་རབ་སྐུར་སྨིན་རིག་བཞི་ཉིད། །འབྲས་བུ་སྦྱོར་བས་ཡེ་ཤེས་གསུམ། །སྐུ་གསུམ་དག་པས་མཐར་ཕྱིན་ནས། །ཀུན་བཟང་དབྱེ་བ་མེད་པ་ཐོབ། །དེ་ཕྱིར་དབང་བཞིས་སྨིན་པར་བྱ། །ལམ་ནི་ཁྲེགས་ཆོད་ཐོད་རྒལ་གཉིས། །ཁྲེགས་ཆོད་ཡེ་ཡིན་གཞི་ཐོག་དེ། །འཕྲོ་གནས་གང་ཡིན་རང་བཞག་གོ། །དེ་ཡང་ཤེལ་ལྟར་ཟང་ཐལ་གྱི། །རིག་པ་སྟོང་སངས་རྗེན་པ་ཉིད། །ཆོས་སྐུ་ཟང་མར་ཐག་བཅད་ལ། །ཤར་གནས་མཉམ་པའི་ཤེས་previous hit ་གསུམ། །དགོངས next hit་ཆེན་གསུམ་གྱིས་ཉམས་སུ་བླང་། །དེ་ལ་དང་པོ་གནས་པའི་དོན། །ཡུལ་ཕྱིར་མ་འཕྲོས་མི་རྟོག་པ། །དེ་ཉིད་རང་དུས་རིག་པ་ལ། །སྟོང་པས་ཆོས་ཉིད་སྐྱེ་མེད་དང་། །གསལ་བས་འཛིན་མེད་ལོངས་སྐུའི་ངང་། །རིག་ལ་མི་རྟོག་སྤྲུལ་སྐུའི་བདག །ངང་དྭངས་རང་བཞིན་བདག་ཉིད་དུ། །རང་མལ་གནས་ཚེ་ཤེས་པར་བྱ། །དེ་ལས་མི་གཡོ་previous hit དགོངས next hit་ཡིན། །ཤར་བ་ཐུགས་རྗེའི་རང་རྩལ་དུ། །གྲོལ་བ་བཞི་ཡིས་ཤེས་པར་བྱ། །གང་ལྟར་ཤར་བའི་རིག་པ་དེ། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་པས་མཐོང་སར་ཡལ། །ཤར་གྲོལ་ཡིན་པས་སྔ་ཕྱི་མེད། །ཡེ་གྲོལ་ཡིན་པས་བསྐྱར་གཞི་མེད། །རང་གྲོལ་གཉེན་པོ་མེད་པའི་གནད། །གང་ཤར་རང་གིས་རང་གྲོལ་ཕྱིར། །ཅེར་གྲོལ་མཐོང་སར་ཡལ་བའི་གནད། །གང་ཤར་ས་དེར་ཡལ་བའི་ཕྱིར། །ཤར་གྲོལ་སྔ་ཕྱི་མེད་པའི་གནད། །གང་ཤར་དུས་འདིར་གྲོལ་བའི་ཕྱིར། །ཡེ་གྲོལ་བསྐྱར་གཞི་མེད་པའི་གནད། །གང་ཤར་ཡེ་ནས་གྲོལ་བའི་ཕྱིར། །མཚངས་འདི་ཤེས་པའི་རྣལ་འབྱོར་ལ། །རྟོག་པ་ཆེད་དུ་སྤང་(༡༥༣)མི་དགོས། །རང་གྲོལ་ཆོས་སྐུའི་རོལ་པར་ཤར། །ཐུགས་རྗེའི་རྩལ་དུ་སྣང་བའི་ཕྱིར། །མཉམ་པའི་ཤེས་པ་བདེ་ཡངས་པ། །ཤར་དུས་རང་མལ་གནས་པ་ལ། །གནས་དུས་ངང་ལས་འཆར་བ་བཞིན། །རིས་མེད་གཅིག་ཏུ་མངོན་གྱུར་པས། །རྟོགས་དང་མི་རྟོགས་བར་མེད་འདྲེས། །དེ་ཚེ་རང་བབས་རིག་པའི་དོན། །གང་དུ་མ་གྲུབ་མེད་པ་ལ། །འཛིན་བྱེད་བྲལ་བས་ཕྱལ་པ་ཉིད། །རང་བབས་གནས་པས་ལྷུན་གྲུབ་ལ། །རིག་པར་གཅིག་པས་གཅིག་པུ་ཉིད། །ཐམས་ཅད་རང་བྱུང་ཡེ་ཤེས་ངང་། །སྣོད་བཅུད་ནམ་མཁའི་ངང་གནས་བཞིན། །རང་སྣང་རང་མལ་མ་གཡོས་པ། །མེད་པ་ཕྱལ་པ་ལྷུན་གྱིས་གྲུབ། །གཅིག་པུ་ཉིད་དུ་མངོན་གྱུར་པས། །གདོད་མའི་ཟད་སར་འཁྱོལ་བ་སྟེ། །ཀ་དག་དོན་ལས་མི་འགྱུར་བས། །ཁྲེགས་ཆོད་དོན་གྱི་མན་ངག་གོ། །ཐོག་མ་ཐ་མ་མེད་དུས་ནས། །བར་མེད་མཉམ་པར་གནས་པའི་ཕྱིར། །གནས་previous hit ་ཤར་བ་རིས་མེད་གསུམ། །ཀ་དག་བབས་ཀྱི་དགོངས next hit་དོན་དུ། །ཁྲེགས་ཆོད་དོན་གྱི་སྙིང་པོར་གནས། །དེ་ཉིད་རྟོགས་ནས་གང་བསྒོམ་པ། །འཁོར་བ་མིང་མེད་ཆེན་པོར་གྲོལ། །གསང་ཆེན་ངེས་པའི་མན་ངག་གོ། །ཐོད་རྒལ་ལྷུན་གྲུབ་རང་བཞིན་གདངས། །སྒྲོན་མ་བཞི་ཡིས་ཉམས་བླངས་པས། །མངོན་སུམ་གོང་འཕེལ་ཚད་ཕེབས་དང་། །ཟད་པའི་སྣང་བ་མཐར་ཕྱིན་ཏེ། །ཀ་དག་ནང་དབྱིངས་ཆེན་པོ་ལ། །གཞིར་སྣང་རང་གྲོལ་ཆོས་སྐུར་གནས། །རབ་རྣམས་ཚེ་འདིར་གྲོལ་ཚུལ་ལོ། །འབྲིང་རྣམས་ཆོས་ཉིད་བར་དོ་ལ། །འོད་གསལ་ཟུང་འཇུག་ཡེ་ཤེས་ངང་། །ལྷུན་གྲུབ་གཞི་སྣང་ཤར་བའི་ཚེ། །རང་ངོ་ཤེས་པས་རྣམ་པར་གྲོལ། །ཤར་ལུགས་བརྒྱད་ལ་གདེང་རྙེད་པས། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རྒྱུན་གྱི་ཏིང་འཛིན་ལ་སོགས་ཐོབ། །ཐིམ་ཚུལ་བརྒྱད་ཀྱིས་གདོད་མར་གྲོལ། །ཐ་མ་ཆོས་ཉིད་མ་ཟིན་པས། །སྲིད་པའི་བར་དོ་རྨི་ལམ་བཞིན། །ལམ་བྱུང་གཉིད་སད་ཚུལ་ཙམ་དུ། །མངོན་སུམ་མཐོང་བའི་རང་ཤུགས་ཀྱིས། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །དབང་པོ་(༡༥༤)གསུམ་གྱི་ལམ་དུ་བསྟན། །གསུམ་པ་འབྲས་བུའི་ཐོབ་ཚུལ་ནི། །གཞི་ལས་གཞི་སྣང་ཤར་བ་ཉིད། །རང་ངོ་ཤེས་པས་མ་རིག་དག །འཁྲུལ་པ་སངས་པས་མྱ་ངན་འདས། །སྣང་བ་དབྱིངས་སུ་ཐིམ་པ་ལས། །སྐུ་གསུམ་ཆོས་སྐུར་རོ་གཅིག་པས། །རང་ངོ་སྤྲོས་བྲལ་སྟོང་གསལ་ཀློང་། །ལྷུན་གྲུབ་ཐུགས་རྗེ་ནང་གསལ་ཏེ། །ཁ་དོག་རིས་མེད་འཆར་གཞི་ཙམ། །འབྱེད་མེད་ཐམས་ཅད་མཁྱེན་པར་བཞུགས། །གཞི་ཡི་ཡེ་ཤེས་ཡུལ་དག་པས། །འབྲས་བུ་གྲོལ་བ་ཉིད་དུ་འགྱུར། །ཆོས་སྐུའི་ཡེ་ཤེས་ཞེས་བྱའོ། །མཚན་ཉིད་འཛིན་པ་འཆར་གཞི་དང་། །ཤེས་བྱའི་ཡེ་ཤེས་འཆར་གཞི་ལས། །རང་ངོ་སྤྲོས་བྲལ་ཉིད་དུ་གནས། །དཔེར་ན་ཤེལ་འོད་ནང་གསལ་ལམ། །གནམ་གང་ཟླ་བ་དབྱིངས་འཁྱིལ་བཞིན། །དེ་ལྟར་ཆོས་སྐུ་ཀ་དག་ལས། །འབྱེད་མེད་ཐུགས་རྗེ་རང་གཡོས་པས། །གཏིང་གསལ་འཆར་གཞི་རང་གདངས་ཉིད། །ཕྱི་ནང་འོད་གསལ་འོག་མིན་ཞིང་། །ལྷུན་གྲུབ་སྟུག་པོ་བཀོད་པ་སྣང་། །རྒྱལ་བའི་རང་སྣང་ཆེན་པོ་ལས། །ཞི་ཁྲོ་རང་བཞིན་སྤྲུལ་པའི་ཞིང་། །ཕྱོགས་བཅུར་སྣང་བས་དོན་མཛད་པ། །མཁའ་ཟླ་ཆུ་ཟླ་སྣང་བ་བཞིན། །གདུལ་བྱ་དག་པའི་དོན་མཛད་དེ། །ཞིང་དག་རིན་ཆེན་སྙིང་པོ་ན། །འཁོར་དང་ལོངས་སྤྱོད་ཟད་མི་ཤེས། །སྐུ་ཚེ་མཐའ་ཡས་བསམ་མི་ཁྱབ། །ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད། །ཡེ་ཤེས་ལྔ་ཡི་མཚན་ཉིད་འཛིན། །ཆོས་དབྱིངས་མེ་ལོང་མཉམ་པ་ཉིད། །སོར་རྟོགས་བྱ་གྲུབ་ཡེ་ཤེས་སོ། །མ་དག་འགྲོ་དྲུག་འཇིག་རྟེན་དུ། །འགྲོ་འདུལ་སྤྲུལ་སྐུ་དཔག་མེད་ཀྱིས། །སོ་སོའི་འགྲོ་དོན་སྣ་ཚོགས་མཛད། །ཤེས་བྱའི་ཡེ་ཤེས་གཉིས་དང་ལྡན། །ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱིས། །སྤྱི་དང་ཆོས་ཉིད་སྟོང་པར་མཁྱེན། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །བྱེ་བྲག་ཆོས་ཅན་སྣང་བ་མཁྱེན། །གདུལ་བྱའི་ཁམས་དང་བསམ་པ་བཞིན། །ལས་བཞིན་དམ་ཆོས་ཆར་པ་འབེབས། །ཉེ་བར་ཞི་བའི་བདེ་ལ་འགོད། །འབད་པ་མེད་པར་སེམས་ཅན་གྱི། །དོན་ཀུན་ལྷུན་གྱིས་གྲུབ་པ་ནི། །འོད་གསལ་མཆོག་གི་འབྲས་བུའོ། །དེ་ལྟར་ཡང་ཟབ་སྙིང་པོའི་དོན། །

བླ་ན་མེད་པའི་ཐེག་པ་ལ། །(༡༥༥)བརྟེན་ནས་གྲོལ་བ་གཉེར་དོན་དུ། །ལེགས་པར་བཤད་འདི་བདག་གིས་སོ། །གླིང་འདིར་དམ་ཆོས་ཉི་མ་དག །ཤར་བ་གང་གི་རྩེ་མོའི་རྩེ། །འོད་གསལ་བླ་མེད་རྫོགས་པ་ཆེ། །སྲིད་པ་ཐ་མའི་དམ་ཆོས་ཉིད། །བསགས་པ་རབ་དང་སྐལ་བ་ཆེ། །དབང་པོ་ཡང་རབ་གྱུར་རྣམས་དང་། །འཕྲད་དེ་དེ་ལས་གཞན་དུ་མིན། །ངེས་གསང་མཆོག་འདི་ནོར་བུ་བཞིན། །རྙེད་ནས་དོར་བར་མི་བྱ་སྟེ། །འདོད་དགུ་བསྒྲུབ་ཕྱིར་གསོལ་བ་གདབ། །འབད་དེ་བརྩོན་པས་ནན་ཏན་བསྐྱེད། །རང་བཞིན་མི་ཟད་གཏེར་དང་འཕྲད། །ཚུལ་འདི་ཐེག་པ་རྒྱལ་པོ་ཡི། །དོན་ལ་མཁས་པའི་རྣལ་འབྱོར་པ། །སྣ་ཚོགས་རང་གྲོལ་ཞེས་བྱས་བཀོད། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།


previousཟབ་མོ་ཡང་ཏིག་ལས། མཐར་ཐུག་དོན་གྱི་སྙིང་པོ་ཞེས་བྱ་བ། next