ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན།
༈ ཏྲེ་བོ་དཔོན་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱི་དྲི་ལན། སློབ་མར་དབང་བསྐུར་དང་རབ་གནས་སོགས་ལ་རས་བྲིས་སོགས་ཕྱི་དཀྱིལ་ལ་ངེས་པར་བརྟེན་དགོས་ཤིང་། ཚེས་བཅུ་སོགས་སྐབས་ཕྱི་དཀྱིལ་ཡོད་མེད་གང་རུང་སྟེ་ལས་བྱང་གི་ཟུར་དུ་སྨོས་པའི་དམིགས་བསལ་རེ་གཉིས་མ་གཏོགས་གང་གི་ཚེ་སྒོམ་དོན་ལ་བདག་མདུན་དབྱེར་མེད་ཡིན་པའི་ཕྱིར་རོ། །ནང་སྒྲུབ་གྱི་སྔགས་བླ་མའི་སྒེར་སྒྲུབ་ཀྱི་དབང་དུ་བྱས་ནས་མཚན་སྔགས་རྐྱང་པ་དང་ལས་བྱང་གི་སྐབས་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་དུ་དེ་ཝ་ཌཱ་ཀི་ནཱི་ཞེས་ཡི་དམ་མཁའ་འགྲོའི་སྔགས་
ཀྱང་སྦྲེལ་བ་ཡིན། བཟླས་པའི་སྐབས་ལས་བྱང་གི་དཀྱུས་སུ་ངག་བཟླས་སྨོས་པའི་རྗེས་སུ། འཁྲུལ་འཁོར་ལུས་དང་རླུང་གི་གནས་དང་བསྟུན༔ཞེས་པའི་དགོངས་པ་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་བ་སྔོན་དུ་འགྲོ་བས་རླུང་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་ལ་བརྟེན་ནས་ལྷ་སྔགས་ཀྱི་འཇུག་པ་ལ་སེམས་གཏད་ནས་བཟླ་བ་འགོག་བཟླས་དང་། ཡང་ན་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའམ་ཕྱིར་འབྱིན་སྣང་བ་ལྷའི་གསལ་སྣང་། ནང་འཇུག་རང་ཉིད་ལྷའི་གསལ་སྣང་ལྟོ་བར་གནས་པ་སྙིང་གའི་སྔགས་ཕྲེང་དང་ཁྱད་པར་ཏིང་འཛིན་སེམས་དཔའ་རྩེ་གཅིག་པས་རླུང་གདངས་སྒྲུབ་སྔགས་ཁོ་ནར་མོས་པས་ཀྱང་ཆོག །ཚེ་སྒྲུབ་ཀྱི་ངག་འདོན་གཏེར་གཞུང་གིས་མ་འཐུས་པ་ཅི་ལ་ཡོད་ཀྱང་གནས་སྐབས་སུ་ངག་བསྒྲིགས་ཉིད་ཉམས་ལེན་དུ་འཇུག་པ་བདེ་ཞིང་ཆ་ལག་ཚང་བ་ཡོང་། ཚེ་སྒྲུབ་ཀྱི་དཀྱིལ་འཁོར་སྙིང་པོའི་དཀྱིལ་འཁོར་ལ་དགོངས་ནས་འདབ་བརྒྱད་ཙམ་ལས་མ་གསུངས་ཀྱང་སྒོམ་དོན་ལ་ལྷ་བསྐྱེད་སྐབས། དེ་དབུས་ཕོ་བྲང་གཞལ་ཡས་ཁང༔ཞེས་བཤད་པས་སྒོ་རྫོགས་རང་དགོས་པར་གྲུབ། སྐྱེ་བདུན་སྒྲུབ་པའི་རྫས་ཀྱི་གཙོ་བོ་ཤ་ལྔ་སོགས་བདུད་རྩིའི་རིལ་བུའི་སྐབས་གཏོང་བ་དང་ཁྱད་མེད་ཅིང་གཏོང་ཚུལ་ཡིད་མ་ཆེས་ན། མི་རྟ་ཁྱི་སོགས་གཞན་རྣམས་གོང་མའི་དམ་རྫས་ལ་ཡོད་པས་སེལ་མེད་ཕབས་རྒྱུན་བཏང་བས་འཐུས་ཤིང་ཁྱད་པར་སྐྱེ་བདུན་དངོས་སམ། མ་རྙེད་ཀྱང་སྐྱེས་བུ་དམ་པ་དག་གི་སྐུ་ཤ་གཏོང་བ་ལག་ལེན་ལ་ཡོད་ཅིང་བྱེ་བྲག་ཏུ་ས་ལུགས་ཀྱི་ཐེག་ཆེན་ཆོས་རྗེ་སྐྱེ་བ་བདུན་པ་ཡིན་པས་དེའི་སྐུ་ཤ་རྙེད་ན་དེས་ཁྱབ། ཐུགས་ཐིག་སྐབས་ཆོས་སྐྱོང་དྲག་པོ་སྡེ་ལྔ་དང་གཏེར་སྲུང་ཞིང་སྐྱོང་གཉིས་ལ་དགོས། ལྟ་བའི་སྐོར་རྗེ་ས་པཎ་གྱིས་ཕར་ཐེག་དང་སྔགས་གཉིས་ཀ་ལྟ་བ་སྤྲོས་བྲལ་ལས་བོགས་འདོན་རྒྱུ་སྔགས་ལ་མེད་པར་སྡོམ་གསུམ་དུ་གསུངས་པ་དགོངས་པ་ཅན་ཡིན་འདྲ་སྟེ། ཕར་ཐེག་ལ་ཡང་དབུ་སེམས་ཀྱི་ལྟ་བ་ཐ་དད་པར་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱིས་བཤད་ཅིང་། ལམ་འབྲས་སུ་སྔགས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་སོགས་དབང་བཞི་ལ་ལྟ་གྲུབ་ཐ་དད་གསུང་བཞིན་པ་དང་། སྤྱིར་ཡང་རང་ངོས་ནས་བློ་རྟོགས་ཀྱིས་རྟོགས་ཚུལ་མཐར་ཐུག་
པ་གང་ཡིན་དེ་སྤྲོས་བྲལ་དུ་འཇོག་ཅིང་། དེ་ཐམས་ཅད་སྤྲོས་བྲལ་དུ་གཅིག་ཀྱང་དོན་མཐོ་དམའ་ཇི་སྙེད་པའི་མཐའ་གཞལ་དུ་མེད་པའི་ཕྱིར་རོ། །དེས་ན་རང་རིག་སྐུ་གསུམ་རང་ཆས་ཀྱི་དོན་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་པ་ལ། རྫོགས་ཆེན་སེམས་སྡེ་བ་དང་ཕྱག་ཆེན་སོགས་མཚན་མ་བཤིག་པས་ཐག་གཅོད་པ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་དང་། རྫོགས་ཆེན་མན་ངག་གི་སྡེའི་ལུགས་ལ་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་སྩོལ་བ་བཤིག་པས་ལ་ཟླ་བའམ་ཐག་གཅོད་པ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པ་ཡིན་ཞིང་། དེ་ཡང་མཚན་མར་སྣང་བ་ཐམས་ཅད་སྤང་བླང་དང་བྲལ་བ་སྣང་སྟོང་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་གང་དུའང་མ་ཆད་པའི་རིག་པའི་ཡེ་ཤེས་ཆོས་ཉིད་དབྱིངས་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་བ་རང་རིག་རང་གསལ་བྱ་རྩོལ་དང་བྲལ་བའི་གནས་ལུགས་གཏན་ལ་ཕབ་ནས་ཐག་གཅོད་པ་སྟེ། ཉམས་ལེན་གྱི་ཚེ་སེམས་ཆེད་དུ་མ་བསྒྲིམས་ཆེད་དུ་མ་གློད་པར་གང་ཤར་ལ་བཟོ་མེད་དུ་འཇོག་ཅིང་འདོན་ཡང་དེ་གའི་ངང་དུ་ཞི་ཆམ་མེ་བཞག་ན། ཕྱིའི་སྣང་བ་ནང་དུ་མ་བླངས་ནང་གི་རིག་པ་ཕྱིར་མ་འཕྲོས་ཀྱང་བར་དུ་བསམ་གཏན་གྱིས་བཅིངས་པར་འགྱུར་བས་ཞི་གནས་ཙམ་དུ་ཟད་པས་རྣམ་རྟོག་དྲུང་ནས་འབྱིན་མི་ནུས་པས་གཉེན་པོའི་རྩོལ་བའང་བཤིག་དགོས། བཤིག་ཚུལ་ཡང་སྔར་གྱི་གནས་ཆ་དེས་མཚམས་སྦྱར་ནས་གང་ཤར་གྱི་ཐོག་ཏུ་ས་ལེ་རྗེན་ནེ་གནས་པ་དེ་གའི་རང་ངོ་བལྟས་པས་སྒོ་ལྔའི་ཚོགས་དྲུག་གི་ཡུལ་མ་འགགས་པར་ས་ལེ་བ་དང་། བལྟ་བྱེད་ཀྱི་རིག་པ་ནང་ནས་ཤར་བ་སོ་སོ་མ་ཡིན་པ་སྣང་རིག་དང་བྲལ་བའི་རིག་པ་ཧར་སང་རྗེན་ལ་ཕུད་དེ་ཅེར་མཐོང་རང་གྲོལ་དུ་འཇོག་པ་འདི་ག་ལྟ་བའི་སྐྱོང་ལུགས་འཁྲུལ་མེད་དུ་རློམ་པ་ལགས། རླུང་དྲག་རླུང་འཇམ་རླུང་སོགས་རང་གཞུང་དང་བླ་མའི་གསུང་ངག་བཞིན་ཉམས་སུ་བླངས་པས་བོགས་སྐྱེད་གང་ཐོན་དེ་ག་ཟབ་པ་དང་། འཇམ་རླུང་ལས་དྲག་རླུང་གེགས་དང་བོག་གཉིས་ཀ་ཆེའམ་སྙམ། དམ་རྫས་ད་ལྟ་དང་ཐ་མར་ཟ་བ་ཁྱད་ཡོང་མདོག་མ་ཁ་ཡང་འཆི་ཁ་ཟ་བ་ཟབ་པར་བྱེད་འདུག །འཕོ་བའི་གསོལ་འདེབས་ཀ་དག་མ་འདི་ཕྱོགས་སུ་མི་དར་བས་བརྗོད་ངོ་མ་དོད་ཅིང་། ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་པའི་སྐབས་ཞིང་སྐྱོང་གི་གཏོར་འབུལ་གནང་དགོས་སོ། །