Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། སངས་རྒྱས་དཔའ་བོ་བདུན་གྱི་བཀྲ་ཤིས། བཀྲ་ཤིས་གཞན་བཅས་བཞུགས་སོ། །


 
previousདེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། སངས་རྒྱས་དཔའ་བོ་བདུན་གྱི་བཀྲ་ཤིས། བཀྲ་ཤིས་གཞན་བཅས་བཞུགས་སོ། །no next

དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། སངས་རྒྱས་དཔའ་བོ་བདུན་གྱི་བཀྲ་ཤིས། བཀྲ་ཤིས་གཞན་བཅས་བཞུགས་སོ། །

རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མངྒ་ལཾ་གཱ་ཐ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང༌། ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང༌། །འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །། ༈ དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང༌། འཛམ་གླིང་ཉིད་དུ་གླང་ཆེན་ཐལ་དཀར་ལྟར་གཤེགས་གང༌། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པ་ཟས་གཙང་སྲས། །བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལུམ་བིའི་ཚལ་ནི་དབེན་ཞིང་ཉམས་དགའ་བཱ་ལ་ཤའི། །ཡལ་ག་ནས་བཟུང་བལྟམས་གྱུར་ཚངས་དང་བརྒྱ་བྱིན་འདུད། །མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་བྱུང་གྱུར་གང༌། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི་མདུན་བཞག་ནས། །མཚན་ལྟས་ཤིས་པར་བརྗོད་དེ་སྟོན་པ་བྱུང་གྱུར་པ། །ཤཱཀ་རིགས་བུད་མེད་འཁོར་ལྡན་ཀུན་འདུས་རྒྱན་བཏགས་གང༌། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞོན་ནུའི་སྟོབས་ནི་སྒྱུ་རྩལ་ཡིག་རྩིས་འཕོང་ལས་ནི། །ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས་ཀུན་ལས་མཆོག །ཤཱཀྱའི་རིགས་འཁྲུངས་ལོག་རྟོག་སེལ་ཕྱིར་བཙུན་མོའི་འཁོར། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་ནས་བྱུང་རྒ་ནད་འཆི་བ་ལས་བྱུང་གཟིགས། མི་རྣམས་དགོས་མཛད་ལྷ་ཡི་མདུན་བདར་མཁའ་ལ་ནི། །སྲིད་གསུམ་དག་ལས་བརྒལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷ་རྣམས་རྫུ་འཕྲུལ་གྱིས་ལྷགས་ངུར་སྨྲིག་གོས་རྣམས་ཕུལ། །ནེ་ར་ཛ་ནའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས། །ཐུབ་པ་བསམ་གཏན་ནས་བཞེངས་བཀྲ་ཤིས་འོ་ཐུག་གསོལ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨོ་ལས་བྱུང་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས། །ཐོ་རངས་བདུད་རྩི་མི་འགྱུར་ཕུན་ཚོགས་སངས་རྒྱས་པ། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར། །ཀུན་ཤེས་ལ་སོགས་བདེན་བཞི་ལྔ་སྡེ་བཟང་ལ་བསྟན། །ལྷ་ཀླུ་ལྷ་མིན་ལ་སོགས་མི་མིན་བཏུད་གྱུར་གང༌། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ང་རྒྱལ་བསྙེམས་པ་ལྡན་པའི་སྟོན་པ་དྲུག་བརྟུལ་ཞིང༌། །གླང་ཆེན་རབ་མྱོས་མི་བཟད་ལྷས་བྱིན་གྱིས་རྦད་བཏུལ། །དྲང་སྲོང་མཆོག་ལ་སྤྲེའུ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨོ་གཞོན་ནུ་ལྟ་བུའི་མཚན་ལྡན་ཤཱཀྱའི་རིགས། །ཟས་གཙང་སྲས་སུ་རྒྱལ་རིགས་འཁོར་ལོས་སྒྱུར་རྒྱལ་བལྟམས། །བལྟམས་པ་ནས་བཟུང་སཱ་ལའི་ཚལ་དུ་མ་ལུས་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ་མཛད་ཅིང༌། སེམས་ཅན་མཐའ་ཡས་ཞི་བདེའི་ལམ་ལ་རབ་བཀོད་ནས། །གྲོང་ཁྱེར་ཙྭ་མཆོག་དམ་པར་དགོངས་པ་ཡོངས་རྫོགས་གང༌། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །།

༈ བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་ཉེ་ལྡན་དུ། །པོ་ཏ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་ལེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚོ་ལོ་བདུན་ཁྲིའི་དུས་ན་ཀ་ནིའི་གྲོང་ཁྱེར་དུ། །ཤིང་མཆོག་སིནྡྷུའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུ་དུམ་བཱ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སྐྱོབ་པ་འོད་སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་གྲོང་ཁྱེར་བཱ་ར་ཎ་སི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭ་ཏ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུའི་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་རིན་ཆེན་ཡོན་ཏན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོང་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡིས་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག། །། ༈ ཨོཾ་སྭ་སྟི། བཀྲ་ཤིས་པར་གྱུར་ཅིག །སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་ཞིང༌། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུད། །གོ་འཕང་སྟོན་པའི་ཆོས་ཀྱི་ཆར་འབེབས་པ། བཀྲ་ཤིས་དེས་ཀྱང་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །སྐྱོབ་པའི་ཆོས་ལ་ལེགས་པའི་ཚོགས་མངའ་ཞིང༌། །ཤིན་ཏུ་ཕན་དང་བདེ་དང་དེས་གསུངས་པ། །འཁོར་བ་རྟག་བདེ་མྱ་ངན་མེད་ཐོབ་པའི། །བཀྲ་ཤིས་དེས་ཀྱང་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དགེ་འདུན་ཆོས་ལ་མཐུ་རྩལ་རྨད་མངའ་ཞིང༌། །བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་ཅན། །བདག་གཞན་དོན་ཆེན་སྒྲུབ་པས་ལམ་ཞུགས་པ། །བཀྲ་ཤིས་དེས་ཀྱང་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག། །།སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།


previousདེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། སངས་རྒྱས་དཔའ་བོ་བདུན་གྱི་བཀྲ་ཤིས། བཀྲ་ཤིས་གཞན་བཅས་བཞུགས་སོ། །no next