Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
རྣམ་དག་སྒོམ་ལམ་བཤད་པ།
   
  expand section
  expand section
  expand section
  expand section
  expand section


 
previousརྣམ་དག་སྒོམ་ལམ་བཤད་པ། next

རྣམ་དག་སྒོམ་ལམ་བཤད་པ།


GLG013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་སྒོམ་ལམ་བཤད་པ། གཉིས་པ་ལ། རྒྱུའི་ཁྱད་པར། ཡུལ། འབྲས་བུ། ངོ་བོ་བཞི། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད། རྣམ་དག་སྒོམ་ལམ་འཆད་དེ། མཐུན་རྐྱེན་གང་ཞིག་ཡོངས་སུ་བཟུང་བ་དང་། འགལ་རྐྱེན་བོར་བས་འཐོབ་པར་འགྱུར་བའི་རྣམ་དག་སྒོམ་ལམ་འདི་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་གང་ཞིག་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་སྒོ་ནས་འཆད་པའི་ཕྱིར། གཉིས་པ་ནི། ཕྱིའི་རྐྱེན་སངས་རྒྱས་བསྟེན་པ་དང་། ནང་སྦྱིན་སོགས་དང་། ཞི་ལྷག་ཟུང་འབྲེལ་གྱི་ཐབས་ལ་མཁས་པ་གང་ཡིན་པ་རྣམས་ནི་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཡིན་ཏེ། དེ་སྐྱེ་བའི་མཐུན་རྐྱེན་ཡིན་པའི་ཕྱིར། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། ཟབ་མོའི་ཆོས་སྟོང་ཉིད་ལ་མ་མོས་པ་དང་། ཕུང་པོ་ལ་སོགས་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་རྣམས་ནི་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་སོགས་ཆོས་ཀྱིས་འཕོངས་པའི་རྒྱུ་དག་ཡིན་ཏེ། དེའི་འགལ་རྐྱེན་ཡིན་པའི་


GLG013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། གསུམ་པ་ནི། སངས་རྒྱས་མཉེས་པར་བྱེད་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་རྫོགས་པར་བྱེད་པ་དང་། ཞི་གནས་ལ་མཁས་པ་ཞེས་བྱ་བ་རྣམས་ནི་ཆོས་ཅན། ཁྱོད་དེ་སྐྱེ་བའི་རྒྱུ་རྣམ་དག་ཡིན་ཏེ། དེའི་མཐུན་རྐྱེན་ཡིན་པའི་ཕྱིར། སྔོན་དགེ་བ་དམན་པའི་བདུད་ཀྱིས་གནོད་པ་བྱས་པ་དང་། ཆོས་ཟབ་མོ་ལ་མ་མོས་པ་དང་། བདེན་གྲུབ་ཀྱི་དངོས་པོར་འཛིན་པ་དང་། མི་དགེ་བའི་གྲོགས་པོ་དང་འགྲོགས་པ་ནི་ཆོས་ཅན། ཁྱོད་དེ་མི་སྐྱེ་བའི་རྒྱུ་ཡིན་ཏེ། ཁྱོད་དེའི་འགལ་རྐྱེན་ཡིན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་དག་སྒོམ་ལམ་འཐོབ་པ་དང་མི་འཐོབ་པའི་རྒྱུ་དག་བཤད་པ་ཡིན་ཏེ། སྐབས་སུ་བབ་པའི་རྣམ་པར་དག་པ་སྤྱིར་བསྟན་པའི་ཕྱིར། ལྷག་མ་རྣམས་འཆད་ཚུལ་ཡོད་དེ། དེའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་ངོ་སྐལ་གྱི་དྲི་མས་དག་པ་ན་དེའི་ཡུལ་གཟུགས་ལ་སོགས་པ་ཡང་དེ་ཉིད་ཀྱི་དག་པ་ཉིད་ཡིན་ཏེ། གང་གི་ཕྱིར་ན་དག་བྱ་གཅིག་གིས་དབེན་པའི་དག་པ་དེ་གཉིས་ངོ་བོ་ཐ་དད་མ་ཡིན་ཞིང་། རིགས་ཐ་དད་པའི་གཅད་དུ་མེད་པའི་རིགས་གཅིག་པའི་དག་པར་བརྗོད་པའི་ཕྱིར། གཉིས་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །འབྲས་བུ་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་བསལ་བྱའི་དྲི་མས་དག་པ་ན། ཁྱེད་ཀྱི་ཡུལ་གཟུགས་སོགས་ཀྱང་རང་རྒྱུ་བར་ཆད་མེད་ལམ་གྱི་བསལ་བྱའི་དྲི་མས་དག་པ་ཡིན་ཏེ། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་བསལ་བྱའི་དྲི་མས་དག་པའི་དག་པ་དང་། གཟུགས་སོགས་དེས་དག་པའི་དག་པ་གཉིས། རང་མཚན་ལ་རྫས་ཐ་དད་མ་ཡིན་ཞིང་། སྤྱི་མཚན་ལ་ལྡོག་པ་སོ་སོར་དཔྱད་རྒྱུ་མེད་པའི་


GLG013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཟེར་ན། རྣམ་མཁྱེན་རྒྱུན་མཐའི་བར་ཆད་མེད་ལམ་གྱི་བསལ་བྱའི་དྲི་མས་དག་པ་ན་དེའི་ཡུལ་གཟུགས་སོགས་དེས་དག་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་དེ་དག་པ་ན་སེམས་ཅན་ཐམས་ཅད་དག་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེ་དག་པ་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ། འདོད་པའི་ཕྱིར། གཞན་ཡང་། ས་བརྒྱད་པའི་རྣམ་གྲོལ་ལམ་གྱིས་བདེན་འཛིན་ཆུང་ངུའི་ཆེན་པོ་སྤངས་པ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱིས་དེ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེས་བུ་གཅིག་སངས་རྒྱས་པ་ན་སྐྱེས་བུ་ཕྱི་མ་རྣམས་ལམ་སྒོམ་པའི་འབད་པ་ལ་མི་ལྟོས་པར་སངས་རྒྱས་ཟིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་བཤད་ལས། རྣལ་འབྱོར་པ་རང་ཉིད་ཀྱི་དྲི་མ་མཐའ་དག་ཟད་པ་ན། དེའི་ཡུལ་མཐའ་དག་དྲི་མ་མཐའ་དག་གིས་དབེན་པར་སྟོན་པ་མ་ཡིན་ཏེ། དེ་ལྟ་ན། སྐྱེས་བུ་གཅིག་སངས་རྒྱས་པ་ན། ཕྱི་མ་རྣམས་ལམ་སྒོམ་པའི་འབད་པ་ལ་མི་ལྟོས་བར་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་འགྲེལ་པ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་འབྲས་བུ་དང་གཟུགས་ལ་སོགས་པ་དག་བྱ་གཅིག་གིས་རྣམ་པར་དག་པ་རིགས་གཅིག་ཏུ་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་དག་དེ་ཉིད་རང་དང་སྤྱིའི་མཚན་ཉིད་ངོ་བོ་ཐ་དད་པ་ཉིད་མ་ཡིན་པ་དེའི་ཕྱིར། དེར་ཐལ། གང་གི་ཕྱིར། འབྲས་བུ་དག་པ་གཟུགས་ལ་སོགས་པ་དེ་དག་གི་རྣམ་པར་དག་པ་ངོ་བོ་ཉིད་ཀྱིས་ཐ་མི་དད་ཅིང་། ཚད་མས་རིགས་ཐ་དད་དུ་གཅད་དུ་མེད་པ་ཉིད་ཀྱི་ཕྱིར། དེར་ཐལ། འབྲས་བུ་རྣམ་གྲོལ་ལམ་དང་དེའི་ཡུལ་གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་གཟུགས་ལ་སོགས་པ་ལ་རྣམ་གྲོལ་ལམ་དེའི་ངོ་སྐལ་གྱི་སྤང་བྱ་གཟུགས་ལ་སོགས་པ་ལ་


GLG013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་དག་བྱ་གཅིག་གིས་དབེན་པའི་དག་ཆ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། མདོ་ལས་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་རྣམ་པར་དག་པ་ཡིན་ཏེ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པའི་གང་ཟག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམ་གྲོལ་ལམ་གང་ཡིན་པ་དེའི་ངོ་སྐལ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་དེའི་ཡུལ་གཟུགས་སོགས་རྣམས་ཀྱང་དྲི་མ་མེད་པ་སྟེ་རྣམ་པར་དག་པ་ཡིན་པའི་ཕྱིར། གསུམ་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་པར་དག་པའི་སྒོམ་ལམ་སྤྱིར་བརྗོད་ནས། ད་ནི་ཐེག་གསུམ་གྱི་རྣམ་པར་དག་པ་ཁྱད་པར་དུ་འཆད་དེ། ལྷག་མ་རྣམས་ཀྱིས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཉན་ཐོས་དགྲ་བཅོམ་པའི་འགོག་བདེན་ཆོས་ཅན། སློབ་མ་ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། ཉོན་མོངས་སྤངས་པའི་ཉན་ཐོས་ཀྱི་བྲལ་བ་ཡིན་པའི་ཕྱིར། རང་རྒྱལ་དགྲ་བཅོམ་པའི་འགོག་བདེན་ཆོས་ཅན། བསེ་རུ་རང་རྒྱལ་གྱི་རྣམ་དག་ཡིན་ཏེ། གཟུགས་ཕྱི་རོལ་དོན་འཛིན་གྱི་ཤེས་བྱའི་སྒྲིབ་པའི་རྟོག་པ་སྤངས་པའི་རང་རྒྱལ་གྱི་བྲལ་བ་ཡིན་པའི་ཕྱིར། ས་གཉིས་པའི་འགོག་བདེན་ཆོས་ཅན། རྒྱལ་སྲས་རྣམས་ཀྱི་རྣམ་དག་ཡིན་ཏེ། ལམ་གསུམ་གྱི་སྒྲིབ་པ་ཉམས་པའི་བྱང་སེམས་ཀྱི་བྲལ་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་འགོག་བདེན་ཆོས་ཅན། རྣམ་ཀུན་ཤིན་ཏུ་བའི་དག་པ་ཡིན་ཏེ། སྒྲིབ་གཉིས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གཉིས་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ཉོན་སྒྲིབ་སྤངས་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་བྲལ་བ་ཉན་ཐོས་ཀྱི་རྣམ་དག་གི་མཚན་ཉིད་ཟེར་ན། ཉན་ཐོས་མཐོང་ལམ་རྣམ་


GLG013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལམ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་མཐོང་སྤང་སྤངས་པའི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་རྣམ་དག་ཡིན་ན། ཐེག་ཆེན་གྱི་མྱང་འདས་ཡིན་དགོས་པར་ཐལ། ཐེག་དམན་ལ་དེའི་ཕྱིར། འདོད་ན། བྱང་སེམས་ཀྱི་རྣམ་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སངས་རྒྱས་ཀྱི་མྱང་འདས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ལམ་གསུམ་གྱི་སྒྲིབ་པ་ཅི་རིགས་སྤངས་པའི་བྱང་སེམས་ཀྱི་བྲལ་བ་བྱང་སེམས་ཀྱི་རྣམ་དག་གི་མཚན་ཉིད་ཟེར་ན། དེའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེས་དེ་མ་སྤངས་པར་ཐལ། བྱང་འཕགས་ཀྱིས་དེ་མ་སྤངས་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྒྲིབ་པ་སྤངས་པའི་ཉན་ཐོས་ཀྱི་བྲལ་བ་དེ་ཉན་ཐོས་ཀྱི་རྣམ་དག་གི་མཚན་ཉིད། དེ་བཞིན་དུ་རང་རྒྱལ་དང་བྱང་སེམས་ལ་རིགས་འགྲེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་བྲལ་བ་དེ་རྣམ་དག་ཤིན་ཏུ་བའི་མཚན་ཉིད། གསུམ་པ་འགྲེལ་པ་ནི། གོ་རིམ་བཞིན་དུ། ཉན་ཐོས་དགྲ་བཅོམ་པའི་འགོག་བདེན་ཆོས་ཅན། དེའི་རྣམ་དག་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པའི་དེའི་བྲལ་བ་ཡིན་པའི་ཕྱིར། རང་རྒྱལ་དགྲ་བཅོམ་པའི་དེ་ཆོས་ཅན། རང་སངས་རྒྱས་ཀྱི་དེ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པུ་གཟུང་བ་ཕྱི་རོལ་དོན་དུ་འཛིན་པའི་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་པའི་རང་རྒྱལ་གྱི་བྲལ་བ་ཡིན་པའི་ཕྱིར། ས་གཉིས་པའི་འགོག་བདེན་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་ཅི་རིགས་སྤངས་


GLG013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་སེམས་ཀྱི་བྲལ་བ་ཡིན་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཉིད་དེ་ཐོབ་པའི་སངས་རྒྱས་ཀྱི་འགོག་བདེན་ནི་ཆོས་ཅན། བླ་ན་མེད་པའི་སངས་རྒྱས་ཀྱི་དག་པ་ཡིན་པར་འདོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། བཞི་པ་ལ། རྣམ་དག་ཤིན་ཏུ་བ་ཡིན་མིན་གྱི་ཁྱད་པར་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བསྒྲུབ་པའོ། །དང་པོ་ལ། དྲི་བ་དང་། ལན་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རྣམ་པར་དག་པ་དངོས་སུ་སྨོས་པའི་ཞར་ལ་གོ་རིམ་བཞིན་དུ་སངས་རྒྱས་ཀྱི་རྣམ་དག་དེ་རྣམ་དག་ཤིན་ཏུ་བ་ཡིན་པ་དང་། ཉན་ཐོས་ལ་སོགས་པའི་རྣམ་དག་དེ་ཅིག་ཤོས་རྣམ་དག་ཤིན་ཏུ་བ་མ་ཡིན་པར་བཤད་པ་དེ་ཇི་ལྟ་བུ་ཡིན་ཞེས་དྲི་བར་བྱ་བ་ཡིན་ཏེ། སྐབས་འདིར་ཉན་རང་གི་རྣམ་དག་འཆད་པ་སྐབས་སུ་མ་བབ་པ་ཡིན་པའི་ཕྱིར་སྙམ་དུ་འདྲི་བའི་ཕྱིར། གཉིས་པ་ལན་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་དང་ཉན་རང་གི་རྣམ་དག་ལ་ཤིན་ཏུ་བ་ཡིན་མིན་གྱི་ཁྱད་པར་འཐད་དེ། ཁམས་གསུམ་ས་དགུ་ལ་ནི་སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་ཆེན་པོའི་ཆེན་པོ་ལ་སོགས་པ་འཇོམས་བྱེད་དྲི་མ་ཡི་གཉེན་པོ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་སྒོམ་ལམ་ནི་སྒྲིབ་གཉིས་དག་བྱེད་ཡིན་ཞིང་། ཉན་རང་གིས་དེ་གཉིས་ཀ་སྤོང་མི་ནུས་པའི་ཕྱིར། གཉིས་པ་ལ། ཁ་ཅིག །ས་གཉིས་པའི་བར་ཆད་མེད་ལམ་བདེན་འཛིན་ཆེན་པོའི་ཆེན་པོའི་དངོས་གཉེན་ཡིན་པ་ནས། ས་བཅུ་པའི་བར་ཆད་མེད་ལམ་བདེན་འཛིན་ཆུང་ངུའི་ཆུང་ངུའི་དངོས་གཉེན་བར་ཆད་མེད་ལམ་ཡིན་ནོ། །ཟེར་ན། མི་འཐད་པར་ཐལ། རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་ཆེན་པོའི་ཆེན་པོའི་


GLG013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཉེན་ཡིན་ན། བདེན་འཛིན་ཆེན་པོའི་ཆེན་པོའི་དངོས་གཉེན་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་དེ་ཡོད་པའི་ཕྱིར། གཞན་ཡང་། ས་བཅུ་པའི་རྣམ་གྲོལ་ལམ་དེ་བདེན་འཛིན་ཆུང་ངུའི་ཆུང་ངུ་སྤངས་པའི་ཡེ་ཤེས་ཡིན་པར་ཐལ། དེ་འདྲའི་བར་ཆད་མེད་ལམ་དེ་དེའི་དངོས་གཉེན་ཡིན་པའི་ཕྱིར། འདོད་ན། དེ་བདེན་འཛིན་གྱི་ས་བོན་སྤངས་པའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཤེས་སྒྲིབ་སྤངས་པའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་འགྲེལ་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་རྣམ་པར་དག་པ་དེ་དག་རྣམ་དག་ཤིན་ཏུ་བ་ཡིན་པ་དང་། ཉན་རང་གི་དེ་ཅིག་ཤོས་མ་ཡིན་པར་འཆད་རིགས་ཏེ། འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་སྟེ་ཁམས་གསུམ་ས་དགུ་ལ་ཡོད་པའི་སྒོམ་སྤང་མི་མཐུན་པའི་ཕྱོགས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུའི་གཉེན་པོའི་ངོ་བོར་གོ་རིམ་བཞིན་དུ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ་སྒྲིབ་པའི་རྣམ་པ་ཐམས་ཅད་དག་བྱེད་ཡིན་ཞིང་། ཅིག་ཤོས་ཉན་རང་གི་སྒོམ་ལམ་ནི་སྤང་བྱ་ཉི་ཚེ་བ་ཙམ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ་པ་ལ། མཚམས་སྦྱར་བ། །རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྫོགས་པའི་སངས་རྒྱས་ཀྱི་རྣམ་དག་དེ་ཤིན་ཏུ་བ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དེའི་སྒྲུབ་བྱེད་མེད་པའི་ཕྱིར། ཞེ་ན། གཉིས་ནི། བྱང་སེམས་ཀྱི་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཁྱོད་ཁམས་གསུམ་གྱི་སྒྲིབ་པ་མ་ལུས་


GLG013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་བྱེད་ཀྱི་གཉེན་པོ་ཉིད་དུ་འདོད་པ་ཡིན་ཏེ། སྤང་གཉེན་གྱི་རིམ་པ་དེ་ལ་ཀླན་ཀ་སྤངས་པའི་སྒོ་ནས་དེའི་གཉེན་པོར་སྒྲུབ་པའི་ཕྱིར། དེར་ཐལ། ཁྱོད་འཇལ་བྱེད་ཀྱི་ཤེས་པ་དང་། གཞལ་བྱ་དག་དོན་དམ་པར་མ་གྲུབ་པར་མཉམ་པ་ཉིད་དུ་མངོན་སུམ་གྱིས་རྟོགས་པ་ཉིད་ཀྱི་སྤང་བྱ་དེ་དག་དངོས་སུ་འཇོམས་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། ཁོ་ན་རེ། ཇི་སྐད་བཤད་པའི་སྤང་གཉེན་གྱི་རིམ་པ་དེ་མི་འཐད་པར་ཐལ། དགྲ་སྟོབས་ལྡན་ལ་གཤེད་མ་སྟོབས་ལྡན་དགོས་པ་ལྟར། དེ་ལ་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་དང་པོར་རིམ་གྱིས་འགགས་ན། གཉེན་པོ་སྒོམ་ལམ་ནི་ཆེན་པོའི་ཆེན་པོ་ལ་སོགས་པའི་རིམ་ཅན་དུ་སྐྱེ་བ་འཐད་ལ། དགྲ་སྟོབས་ཆུང་ལ་གཤེད་མ་སྟོབས་ལྡན་མི་དགོས་པ་བཞིན་དུ་མི་མཐུན་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་འགགས་པ་ལ་གཉེན་པོ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིགས་པས། སྒོམ་སྤང་ཆུང་ངུའི་ཆུང་ངུ་མཐར་འགགས་ན། སྒོམ་ལམ་ཆུང་ངུའི་ཆུང་ངུ་ཡང་མཐར་སྐྱེ་བར་རིགས་སོ་སྟེ་རིགས་པའི་ཕྱིར། ཞེས་ཀླན་ཀ་སྨྲ་ན། ཤེས་བྱ་ཆོས་ཅན། སྔར་ཇི་སྐད་བཤད་པ་དེ་མི་འཐད་པའི་སྐྱོན་མེད་དེ། གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་བ་ལ་བཙོ་བླག་མཁན་ཆེ་ཐང་དུ་འབད་པའི་དཔེས་ཀླན་ཀ་སྤངས་པའི་སྒོ་ནས་སྤང་གཉེན་གྱི་རིམ་པ་དེ་ལྟར་གྲུབ་པའི་ཕྱིར། ཤེས་བྱ་ཆོས་ཅན། དེས་ན་སངས་རྒྱས་ཀྱི་རྣམ་པར་དག་པ་རྣམ་དག་ཤིན་ཏུ་བ་ཡིན་པར་རྣམ་པར་བཞག་པ་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་ཤིན་ཏུ་བ་ཇི་སྐད་དུ་བསྟན་པ་གང་ཡིན་པ་དེ་ཉིད་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་ཤེས་བྱ་དག་དོན་དམ་པར་མི་དམིགས་པ་སྟོང་པ་ཉིད་ཀྱིས་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་དྲི་མ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་


GLG013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་འགྲེལ་པ་སྟེ། གཉིས་པའི་ཚིག་དོན་ཀུན་གཏན་ལ་ཕབ་པ་ཡིན་ཏེ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལེགས་པར་བཤད་པའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། གྲངས་མེད་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཀ་ཤི་མཛེས་དགའི་བཞིན་རས་གང་། །འཆར་བར་བྱེད་པའི་བསྟན་བཅོས་མེ་ལོང་སྔ་རབས་ངག་བགྲོས་འཁྲུལ་པའི་གཡའ། །དྲུངས་ནས་འབྱིན་བྱེད་སེང་བཟང་བཞེད་དོན་སྣང་བརྙན་མ་ལུས་སྟོན་བྱེད་པའི། །མང་ཐོས་ལང་ཚོ་རྣམ་པར་རྒྱས་པའི་སྒེག་མོའི་འཕྱང་འཕྲུལ་ཨཱ་དཪྴ། །འདི་ལྟའི་རྒྱན་གྱིས་སྤུད་པས་མི་ངོམས་ཤིང་། །ལེགས་བཤད་ཟས་ལ་དུག་གི་ཆུ་བཞིན་ལྟ། །གཞུང་ལུགས་མཐོང་ཚེ་སྦྲུལ་ལ་གླ་རྩི་ཅན། །མཁས་པའི་དབུས་སུ་མི་སྨྲའི་བརྟུལ་ཞུགས་འཛིན། བླུན་པོ་ཚོགས་ནས་དྲེགས་པས་འགྱིང་བྱེད་པའི། །གངས་ཁྲོད་བསྟན་པ་འཛིན་པར་རབ་རློམ་པ། །དེ་འདྲ་ཡོངས་ཀྱི་སྤྱོད་ཡུལ་མ་ཡིན་ཡང་། །རིགས་ལམ་སྨྲ་བའི་བློ་གསལ་རྒྱན་དུ་མཛེས། ཁ་བའི་རྡུལ་བརྩེགས་ཆུ་ཤེལ་ཞུན་མའི་རི། །ཟླ་སྣང་གསར་པས་ཁྱབ་པའི་འོད་དཀར་ལ། །མིག་སྟོང་ཅན་གྱིས་བལྟས་ཀྱང་མཐོང་མིན་པའི། །ཕྲ་ཞིབ་རིག་པའི་གནས་འདི་བླ་མའི་དྲིན། །དཔལ་ལྡན་འདྲེན་མཆོག་མཆོག་གི་ལམ་བཟང་དེར། བགྲོད་པའི་ཐབས་ཚུལ་ཚུལ་བཞིན་འཆད་བྱེད་པའི། །རྒྱ་བོད་མཁས་ཀུན་ཀུན་གྱི་དགོངས་དོན་ལས། །འཁྲུལ་མེད་གཞུང་དོན་དོན་གྱི་སྙིང་པོར་དྲིལ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་གཉིས་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒ་ལཾ།། །།


previousརྣམ་དག་སྒོམ་ལམ་བཤད་པ། next