Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
འགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ།
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousའགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ།next

འགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ།


GLG014_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་འགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ་ལ། ལུས་ཚད་བཤད་པ་དང་། ཚེ་ཚད་བཤད་པ་གཉིས། དང་པོ་ལ། མིའི་ལུས་ཚད་དང་། ལྷའི་ལུས་ཚད་གཉིས། དང་པོ་ནི། གླིང་བཞིའི་མི་རྣམས་ཀྱི་ལུས་ཚད་ཡོད་དེ། འཛམ་བུ་གླིང་པ་རྣམས་ཀྱི་ཚད་ནི། ཁ་ཅིག་ཁྲུ་བཞི་དང་། ཕལ་ཆེར་ཁྲུ་ཕྱེད་དང་བཞི་ཡིན་ལ། ཤར་ཁྲུ་བརྒྱད། བ་གླང་སྤྱོད་པ་བཅུ་དྲུག །སྒྲ་མི་སྙན་པ་སོ་གཉིས་ཞེས་བྱ་བ། སྔ་མ་ལས་ཕྱི་མ་ཉིས་འགྱུར་དུ་བསྐྱེད་པའི་ཕྱིར། གཉིས་པ་ལ་འདོད་ལྷའི་ལུས་ཚད་དང་། གཟུགས་ཀྱི་ལུས་ཚད་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་དང་ལྡན་པའི་ལྷའི་ལུས་ཚད་ཡོད་དེ། རྒྱལ་ཆེན་རིགས་བཞི་པ་རྒྱང་གྲགས་ཀྱི་བཞི་ཆ་ནས། དགའ་ལྡན་པ་གཅིག་དང་། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་རྒྱང་གྲགས་བཞི་ཆ་རེ་བསྐྱེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན།


GLG014_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་དེ། གཟུགས་ཅན་དང་པོ་ཚངས་རིགས་པ་ལ་དཔག་ཚད་ཕྱེད་དང་། དེའི་གོང་མ་ཕྱེད་ཕྱེད་བསྐྱེད་ཅིང་། འོད་ཆུང་བ་རྣམས་ཀྱི་ལུས་ཚད་དཔག་ཚད་གཉིས། དེའི་ལྟག་ཚད་མེད་འོད་ཡན་ཆད་ཀྱི་ལུས་ནི། འོག་མ་བས་གོང་མ་ཉིས་འགྱུར་ཉིས་འགྱུར་གྱི་ཆེ་བ་ལ། སྤྲིན་མེད་བས་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ། འོག་མིན་པ་ཁྲི་དྲུག་སྟོང་གི་བར་ཡོད་པའི་ཕྱིར། གཉིས་པ་ཚེ་ཚད་ལ། བདེ་འགྲོའི་ཚེ་ཚད། ངན་འགྲོའི་ཚེ་ཚད། མ་ངེས་པའི་འཆི་བ་ཡོད་མེད་ལ་དཔྱད་པ་དང་གསུམ། དང་པོ་ལ། མིའི་ཚེ་ཚད་དང་། ལྷའི་ཚེ་ཚད་གཉིས་དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། སྒྲ་མི་སྙན་ན་ཚེ་ལོ་སྟོང་། ནུབ་དང་ཤར་གཉིས་ན་དེའི་ཕྱེད་ཕྱེད་སྤངས་པ་སྟེ་ལྔ་བརྒྱ་དང་། ཕྱེད་སུམ་བརྒྱ། འཛམ་བུ་གླིང་འདིར་མ་ངེས་པ་སྟེ། ཐ་མར་ལོ་བཅུ་དང་། བསྐལ་པ་དང་པོའི་ཚེ་དཔག་ཏུ་མེད་པ་ཡོད་པའི་ཕྱིར། གཉིས་པ་ལ་འདོད་ལྷའི་ཚེ་ཚད་དང་། གཟུགས་ཀྱི་ཚེ་ཚད། གཟུགས་མེད་ཁམས་པའི་ཚེ་ཚད་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་ལྷའི་ཚེ་ཚད་ཡོད་དེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པའི་ལྷ་འོག་མ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡིན་ཞིང་། གོང་མ་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་ལ། མི་ལོ་བརྒྱ། ཉིས་བརྒྱ་སོགས་དང་། རང་ལོ་གཉིས་ཀ་ཉིས་འགྱུར་དུ་བྱས་པས། མཐར་རང་ལོ་ཁྲི་དྲུག་སྟོང་འབྱུང་བའི་ཕྱིར། རྒྱལ་ཆེན་རིགས་བཞི་པ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་མི་ལོའི་གྲངས་ཡོད་དེ། དེ་ལ་མི་ལོ་ས་ཡ་དགུ་ཡོད་པའི་ཕྱིར། སུམ་ཅུ་རྩ་གསུམ་པ་ཆོས་ཅན། ཡོད་དེ། བྱེ་བ་གསུམ་དང་ས་ཡ་དྲུག་ཡོད་པའི་ཕྱིར། འཐབ་བྲལ་བ་ཆོས་ཅན། ཡོད་དེ། དུང་ཕྱུར་གཅིག །བྱེ་བ་བཞི། ས་ཡ་བཞི་ཡོད་པའི་ཕྱིར། དགའ་ལྡན་པ་


GLG014_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། ཡོད་དེ། དུང་ཕྱུར་ལྔ། བྱེ་བ་བདུན། ས་ཡ་དྲུག་ཡོད་པའི་ཕྱིར། འཕྲུལ་དགའ་བ་ཆོས་ཅན། ཡོད་དེ། ཐེར་འབུམ་གཉིས། དུང་ཕྱུར་གསུམ། ས་ཡ་བཞི་ཡོད་པའི་ཕྱིར། གཞན་འཁྲུལ་དབང་བྱེད་པ་ཆོས་ཅན། ཡོད་དེ། ཐེར་འབུམ་དགུ །དུང་ཕྱུར་གཉིས། བྱེ་བ་གཅིག །ས་ཡ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། གཟུགས་ཀྱི་ལྷ་ཆོས་ཅན། ཁྱོད་རྣམས་ལ་ཉིན་མཚན་གྱི་ཐ་སྙད་མེད་ཀྱང་། ཚེ་ཚད་ནི་གཞག་ཏུ་ཡོད་དེ། རང་གི་ལུས་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་བསྐལ་པས་འཇལ་བའི་ཕྱིར། དཔེར་ན། ཚངས་རིགས་པ་ལུས་དཔག་ཚད་ཕྱེད་ཡིན་པ་བཞིན་དུ། ཚེ་བསྐལ་པ་ཕྱེད་ཡིན་པས་མཚོན་ནུས་པའི་ཕྱིར། གསུམ་པ་ནི། གཟུགས་མེད་ཀྱི་ལྷ་རྣམས་ཁྱོད་ཀྱི་ཚེ་ཚད་ཡོད་དེ། དང་པོའི་ཚེ་ཚད་བསྐལ་པ་སྟོང་ཕྲག་ཉི་ཤུ་དང་། ལྷག་མ་གསུམ་པོ་ཉི་ཤུ་རེས་ལྷག་པས་ལྷག་པ་ཡིན་པའི་ཕྱིར། སྔར་བཤད་པའི་བསྐལ་པ་དེ་རྣམས་ཆོས་ཅན། ངོས་གཟུང་དུ་ཡོད་དེ། འོད་ཆུང་ནས་བཟུང་སྟེ་བསྐལ་ཆེན་དང་། དེའི་འོག་མ་ཚངས་ཆེན་སོགས་ནི་ཕྱེད་བསྐལ་ཏེ་བསྐལ་ཆེན་ཕྱེད་ལ་བསྐལ་པར་བྱེད་པའི་ཕྱིར། གཉིས་པ་ངན་འགྲོའི་ཚེ་ཚད་ལ། ཚ་དམྱལ་བ། ཡི་དྭགས། དུད་འགྲོ །གྲང་དམྱལ་གྱི་ཚེ་ཚད་དང་བཞི། དང་པོ་ནི། ཡང་སོས་ལ་སོགས་པའི་དམྱལ་བ་དྲུག་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། རིམ་པ་བཞིན་འདོད་ལྷ་རིགས་དྲུག་གི་ཚེ་ཚད་དང་། རང་གི་ཉིན་ཞག་མཉམ་ལ། ཞག་དེ་གྲངས་པའི་དེ་རྣམས་ཀྱི་ཚེ་ནི་འདོད་ལྷ་རིགས་དྲུག་དང་ལོ་གྲངས་འདྲེན་ཚུལ་འདྲ་བ་ཡིན་པའི་ཕྱིར། རབ་ཏུ་ཚ་བ་དང་མནར་མེད་གཉིས་ཚེ་ཚད་ཡོད་དེ། སྔ་མ་བར་བསྐལ་ཕྱེད་དང་། ཕྱི་མ་བར་བསྐལ་གཅིག་ཡིན་པའི་ཕྱིར། ཡང་སོས་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། དེ་མི་ལོ་ཁྲག་ཁྲིག་ཆེན་པོ་གཅིག་དང་། ཁྲག་ཁྲིག་དྲུག་དང་། ཐེར་འབུམ་ཆེན་པོ་གཉིས་ཡོད་པའི་ཕྱིར། ཐིག་ནག་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་


GLG014_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་། ཁྲག་ཁྲིག་ཆེན་པོ་གཉིས། ཁྲག་ཁྲིག་དགུ །ཐེར་འབུམ་ཆེན་པོ་དྲུག་ཡོད་པའི་ཕྱིར། བསྡུས་འཇོམས་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་ཆེན་པོ་གཅིག་དང་། ཁྲག་ཁྲིག་ཆེན་པོ་གསུམ། ཁྲག་ཁྲིག་དྲུག །ཐེར་འབུམ་ཆེན་པོ་བརྒྱད་ཡོད་པའི་ཕྱིར། ངུ་འབོད་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་ཆེན་པོ་བརྒྱད། རབ་བཀྲམ་གཉིས། ཁྲག་ཁྲིག་ཆེན་པོ་དགུ །ཁྲག་ཁྲིག་བཞི། ཐེར་འབུམ་ཆེན་པོ་བཞི་རྣམས་ཡོད་པའི་ཕྱིར། ངུ་འབོད་ཆེན་པོ་ཆོས་ཅན། དེ་ཡོད་དེ། དེ་གཏམས་དྲུག །རབ་བཀྲམ་ཆེན་པོ་དྲུག །རབ་བཀྲམ་གསུམ། ཁྲག་ཁྲིག་ཆེན་པོ་ལྔ་དང་། ཁྲག་ཁྲིག་ལྔ། ཐེར་འབུམ་ཆེན་པོ་གཉིས་ཡོད་པའི་ཕྱིར། ཚ་བ་ཆོས་ཅན། དེ་ཡོད་དེ། དེ་གཏམས་ཆེན་ལྔ། གཏམས་གསུམ། རབ་བཀྲམ་བརྒྱད། ཁྲག་ཁྲིག་ཆེན་པོ་བཞི། ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། དུད་འགྲོ་རྣམས་ཆོས་ཅན། དེ་ཡོད་དེ། ཁྱོད་ཚེ་མཆོག་ཏུ་རིང་བ་ལ་བར་བསྐལ་གཅིག་ཡོད་པའི་ཕྱིར། གསུམ་པ་ནི། ཡི་དྭགས་རྣམས་ཆོས་ཅན་། དེ་ཡོད་དེ། དེ་མིའི་ཟླ་བ་ལ་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཡིན་པའི་ཕྱིར། མི་ལོ་དང་སྦྱོར་ཚུལ་ཡོད་དེ། ཁྲི་ལྔ་སྟོང་ཡིན་པའི་ཕྱིར། བཞི་པ་ནི། གྲང་དམྱལ་གྱི་ཚེ་ཚད་ཡོད་དེ། མ་ག་དྷའི་ཏིལ་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་སྦྱངས་ནང་ཕྱུར་བུར་བཀང་བའི་ནང་ནས་མི་ལོ་བརྒྱ་རེ་ན་ཏིལ་ཉག་གཅིག་རེ་ཕྱུང་བས་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། གཞན་ལྷག་མ་བདུན་ལ་ཉི་ཤུ་ཉི་ཤུས་འཕར་བའི་ཕྱིར། ཆུ་བུར་ཅན་ཆོས་ཅན། དེ་ཡོད་དེ། མི་ལོ་ཁྲག་ཁྲིག་བརྒྱད་དང་། ཐེར་འབུམ་གཅིག་ཡོད་པའི་ཕྱིར། ཆུ་བུར་རྡོལ་བ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་གཅིག །ཁྲག་ཆེན་དྲུག་དང་། ཐེར་ཆེན་གཉིས་ཡོད་པའི་ཕྱིར། སོ་ཐམ་པ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་
གསུམ་དང་། ཁྲག་ཆེན་གཉིས། ཐེར་ཆེན་བཞི་ཡོད་པའི་ཕྱིར། ཨ་ཆུ་པ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་བཞི། ཁྲག་ཆེན་བརྒྱད། ཐེར་ཆེན་དྲུག་ཡོད་པའི་ཕྱིར། ཀྱེ་ཧུད་པ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་དྲུག །ཁྲག་ཆེན་བཞི། ཐེར་ཆེན་བརྒྱད་ཡོད་པའི་ཕྱིར། ཨུཏྤལ་ལྟར་གས་པ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་བརྒྱད། ཁྲག་ཁྲིག་གཅིག་ཡོད་པའི་ཕྱིར། པདྨ་ལྟར་གས་པ་ཆོས་ཅན། དེ་ཡོད་དེ། དེ་རབ་བཀྲམ་དགུ །ཁྲག་ཆེན་དྲུག །ཁྲག་ཁྲིག་གཅིག་དང་། ཐེར་ཆེན་གཉིས་ཡོད་པའི་ཕྱིར། པད་ཆེན་ལྟར་གས་པ་ཆོས་ཅན། དེ་ཡོད་དེ། དེ་རབ་ཆེན་གཅིག །རབ་བཀྲམ་གཅིག །ཁྲག་ཆེན་གཉིས། ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་བཞི་ཡོད་པའི་ཕྱིར། །གསུམ་པ་མ་ངེས་པའི་འཆི་བ་ཡོད་མེད་ལ་དཔྱད་པ་ནི། སྒྲ་མི་སྙན་པ་ཆོས་ཅན། ཁྱོད་མ་གཏོགས་ཞེས་དམིགས་ཀྱིས་བསལ་བ་ལ་དགོས་པ་ཡོད་དེ། ཁྱོད་ཀྱིས་ངེས་པར་ལོ་སྟོང་ཐུབ་ལ། གཞན་རྣམས་དུས་མིན་དུ་འཆི་བ་ཡོད་པའི་ཕྱིར། སྨྲས་པ། རིགས་དྲུག་ལས་ཀྱིས་འཕངས་པའི་ཚེ་ཡི་ཚད། །ཤིན་ཏུ་ཕྲ་བས་གཏན་ལ་ཕབ་པ་འདི། །ཐ་སྙད་རིག་པའི་ཚུལ་ལ་མ་སྦྱངས་པའི། །མཁས་རློམ་གཞན་གྱི་རྣ་བའི་སྤྱོད་ཡུལ་མིན། །འདི་ལྟར་བརྗོད་པ་རང་ཉིད་གྲགས་འདོད་ཙམ། །དོན་དུ་གཉེར་མིན་གཞན་དག་བློ་གསལ་ཚོགས། །སྤྲོ་བ་བསྐྱེད་དང་ཡོངས་འཛིན་བླ་མ་ལ། །ཆོས་ཕྱིར་ལེགས་བཤད་རོལ་མོ་འཁྲོལ་བ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousའགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ།next