Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

2 occurrences of ཁྲོལ་བུ་
[Clear Hits]


  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས།
  


2 occurrences of ཁྲོལ་བུ་
[Clear Hits]

 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས།


JLAZ011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས་བཞུགསཿ


JLAZ011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཀློང་ལ་ཕྱག་འཚལ་ལོཿ འོད་གསལ་རྫོགས་པ་ཆེན་པོའི་ལམཿ ཆོས་སྐུ་གཏད་མེད་རང་གྲོལ་ཏེཿ བཙན་ས་ཟིན་པའི་གང་ཟག་ནིཿ འཕོ་བྱ་འཕོ་བྱེད་ལས་འདས་ཀྱངཿ སྤྲོས་ཅན་མྱ་ངན་འདའ་དོན་དུཿ འཕོ་བ་མ་སྒོམས་སངས་རྒྱས་བསྟནཿ སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱཿ བདག་དོན་གཞན་དོན་གང་ལ་ཡངཿ ཚད་མེད་རྣམ་བཞིས་ཟིན་པ་གཅེསཿ དངོས་གཞི་རང་ལུས་རྣལ་འབྱོར་མཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟརཿ དེ་ཡི་ཁོང་དབུས་རྩ་དབུ་མཿ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལཿ སྟོང་སངས་འོད་ཀྱི་སྦུ་གུ་ཅནཿ ཡར་སྣ་ཚངས་བུག་གནས་སུ་ཧརཿ མར་སྣ་ལྟེ་བར་ཟུག་པ་ཡིཿ སྙིང་ཁ་ཚིགས་ཀྱིས་བཅད་པའི་སྟེངཿ རླུང་གི་ཐིག་ལེ་ལྗང་སྐྱའི་དབུསཿ རིག་པ་ཧྲཱིཿཡིག་དམར་པོར་གསལཿ སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེངཿ སངས་རྒྱས་སྣང་བ་མཐའ་ཡས་ནིཿ མཚན་དཔེ་རྫོགས་པའི་ཕུང་པོར་གསལཿ མོས་གུས་དྲག་པོས་གསོལ་བ་གདབཿ ཤེས་པ་གཞན་དུ་མ་ཡེངས་པརཿ རྩེ་གཅིག་འདུན་པའི་ཤུགས་ལ་དྲངསཿ རྐན་གྱི་སྦུགས་ནས་ཧྲཱིཿཧྲཱིཿཞེསཿ ལྔ་ཚར་ཕྲུགས་གཅིག་བརྗོད་པ་དངཿ ལྷན་ཅིག་སྟོད་གཅུམ་མགོ་བོ་སྒྲིམཿ དེ་ཚེ་རིག་པ་ཧྲཱིཿདམར་པོཿ ཤོག་སྐྱ་རླུང་གིས་བཏེགས་པ་བཞིནཿ ཡར་ཡར་འགྲོ་བའི་ངང་དེ་ལཿ ཕཊཿཅེས་དྲག་པོས་མདའ་ལྟར་འཕངསཿ འོད་དཔག་མེད་པའི་


JLAZ011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་བསྟིམཿ དེ་ལྟར་ཡང་ཡང་འབད་པ་ཡིསཿ འབྱོངས་རྟགས་ཚངས་བུག་འཕར་བ་དངཿ མགོ་ན་ཆུ་སེར་ཟིལ་པ་ཕྲུམཿ འཇག་མ་འདལ་གྱིས་ཚུགས་སོགས་འབྱུངཿ དེ་ཚེ་འོད་དཔག་མེད་པའི་སྐུཿ འོད་དུ་ཞུ་ནས་རང་ལ་བསྟིམཿ རྐྱེན་དེས་སྐད་ཅིག་དྲན་རྫོགས་སུཿ རང་ཡང་ཚེ་དཔག་མེད་དུ་གྱུརཿ ཨ་མཱ་ར་ཎི་ཚར་བརྒྱ་བརྗོདཿ དགེ་བ་བསྔོ་ཞིང་སྨོན་ལམ་གདབཿ དེས་ནི་ཚེ་ལ་མི་གནོད་སྟེངཿ རྟེན་འབྲེལ་བདེན་པས་ཚེ་གེགས་ཞིཿ གསང་སྔགས་ཐབས་ཀྱིས་ཆེ་བའི་ལམཿ མ་བསྒོམས་སངས་རྒྱས་འཕོ་བའི་གནདཿ སྙིང་དང་མིག་ལས་གཅེས་པར་ཟུངསཿ ས་མ་ཡཿ གསོལ་འདེབས་ནིཿ ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ནཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློངཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ་འདེབསཿ ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཕཊཿ སྤྲུལ་སྐུཿ ཕཊཿ ལོངས་སྐུཿ ཕཊཿ ཆོས་སྐུཿ ཕཊཿ མི་འགྱུརཿ ཕཊཿ མངོན་བྱངཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ འཕོ་བ་མ་བསྒོམ་སངས་རྒྱས།next