རྒྱུན་ཁྱེར་བསྡུས་པ་ཉི་ཟླའི་ཞགས་པ།
འོད་ཟེར་ཅན་མའི་ཐུགས་སྒྲུབ་ཟབ་མོ་ལས༔ རྒྱུན་ཁྱེར་བསྡུས་པ་ཉི་ཟླའི་ཞགས་པ་བཞུགས་སོ༔
དྲན་པ་ཙམ་གྱིས་དགྲ་སྡེའི་དཔུང་༔ འཇོམས་མཛད་འོད་ཟེར་ཅན་མར་འདུད༔ དེ་ཡི་རྒྱུན་ཁྱེར་ཡང་ཟབ་ནི༔ སྐལ་ལྡན་དོན་དུ་འདི་རུ་བཀོད༔ ས་མ་ཡཱ༔ ལྷ་མོ་འོད་ཟེར་ཅན་མ་ལ༔ བརྩོན་པའི་སེམས་ཀྱིས་སྒྲུབ་འདོད་པ༔ སྤྲོས་པ་མེད་པའི་གང་ཟག་གི༔ རྒྱུན་ཁྱེར་ཟབ་མོ་འདི་ཉིད་ལ༔ སྦྱོར་དངོས་རྗེས་དང་རྣམ་པ་གསུམ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་༔ ཡན་ལག་བཅུ་པས་ཚོགས་གཉིས་བསགས༔ གཉིས་པ་ལྷ་བསྐྱེད་སྤྱན་དྲངས་དང་༔ བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཟླས༔ རྗེས་ལ་བསྡུ་རིམ་བསྔོ་སྨོན་དང་༔ ཤིས་པ་བརྗོད་པས་མཐའ་བརྒྱན་ནོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་སོགས་འགྲོ་བ་མ་ལུས་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ དཀོན་མཆོག་གསུམ་གྱི་རང་བཞིན་ཅན༔ འོད་ཟེར་ཅན་མར་སྐྱབས་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཕྱིར༔ འཕགས་མ་འོད་ཟེར་ཅན་མ་ཡི༔ བསྐྱེད་རྫོགས་བསྒོམ་བཟླས་ཉམས་བླངས་ནས༔ རྩེ་གཅིག་བརྩོན་པར་དམ་བཅའ་འོ༔ གསུམ་པ་ཡན་ལག་བཅུ་པ་ནི༔ ཧོ༔ རྒྱལ་ཀུན་བསྐྱེད་ཡུམ་འོད་ཟེར་ཅན༔ མདུན་གྱི་ནམ་མཁར་གཤེགས་ཤིང་བཞུགས༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ གུས་པས་ཕྱག་འཚལ་ཕྱི་ནང་གི༔ མཆོད་སྤྲིན་བསམ་ལས་འདས་པས་མཆོད༔ སྒོ་གསུམ་དམ་སྡོམ་ཉམས་པ་བཤགས༔ སྐྱེ་འཕགས་དགེ་ལ་ཡིད་རབ་སྤྲོ༔ བླ་མེད་གསང་ཆེན་ཆོས་འཁོར་བསྐོར༔ འགྲོ་མགོན་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་མཁའ་ཁྱབ་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་ཐོབ་པར་བསྔོ༔ དེ་ཡིས་སྦྱོར་བའི་ལས་རྣམས་རྫོགས༔ ས་མ་ཡཱ༔ གཉིས་པ་དངོས་གཞི་རྣམ་གྲངས་བདུན༔ དང་པོ་ལྷ་བསྐྱེད་རིམ་པ་ནི༔ ཨཱ༔ ཆོས་ཀུན་རང་བཞིན་སྟོང་པའི་ངང་༔ རང་སེམས་མཱུཾཿཡིག་གསེར་མདོག་ལས༔ འོད་འཕྲོས་ཕྱི་སྣོད་དག་པའི་ཞིང་༔ ནང་བཅུད་དཔའ་བོ་མཁའ་འགྲོའི་གྲོང་༔ མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ པད་ཉི་བདུད་དགྲ་བསྣོལ་མའི་ཁྲིར༔ སྐད་ཅིག་དྲན་རྫོགས་འཕགས་མ་ནི༔ འོད་ཟེར་ཅན་མ་གསེར་མདོག་མཛེས༔ ཞི་འཛུམ་ཡུད་ཙམ་ཁྲོས་པའི་ཉམས༔ སྟོད་གཡོགས་སྔོན་པོ་ཨཾ་རག་དཀར༔ དམར་སེར་དབུ་སྐྲ་ཐོད་པས་བཅིངས༔ ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ ཞབས་གཉིས་དོར་སྟབས་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུ་རྒྱན་ཅན༔ ཕྱོགས་བཞིར་ལས་བཞིའི་ཕྲིན་ལས་བདག༔ དགྲ་སྡེ་འབྱུང་བ་ཆེན་པོ་བཞིས༔ བརླག་མཛད་རིགས་བཞི་ཕྱོགས་ཀྱི་མདོག༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་བཅས༔ དངོས་མེད་མཁའ་ལ་སྒྱུ་མའི་སྤྲིན༔ སྣ་ཚོགས་སྤྲོ་བསྡུ་གནས་གསུམ་ལས༔ ཡིག་འབྲུའི་འོད་ཀྱིས་རྒྱལ་བ་ཀུན༔ བདུད་དགྲ་འོད་ཟེར་ཅན་མ་ཡི༔ རྣམ་པར་མདུན་མཁར་སྤྱན་དྲངས་གྱུར༔ གཉིས་པ་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ༔ རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་འཕྲུལ༔ དྲན་པ་ཙམ་གྱིས་བདུད་སྡེའི་དཔུང་༔ འཇོམས་མཛད་དཔའ་མོ་འོད་ཟེར་ཅན༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་རི་ཙྱཻ་ས་པ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ལྷར་སྣང་བདེན་མེད་སྒྱུ་མའི་འཕྲུལ༔ དབྱིངས་ནས་སྤྱན་དྲངས་དོན་དམ་ལྷ༔ འཕོ་མེད་རྟག་ཁྱབ་ལྷུན་གྲུབ་ཏུ༔ བྱང་ཆུབ་བར་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་གུས་པས་ཕྱག་འཚལ་བ་ནི༔ ཧོ༔ སྐྱེ་མེད་ཤེས་རབ་དབྱིངས་ཀྱི་ཡུམ༔ འགགས་མེད་གཟུགས་སྐུའི་རྣམ་པར་ཤར༔ རྩོལ་མེད་ཐུགས་རྗེའི་བདག་ཉིད་ཅན༔ ལྷ་མོ་འོད་ཟེར་ཅན་མར་འདུད༔ ན་མོ་ན་མ་ཡ་དྷི༔ ལྔ་པ་མཆོད་ཚོགས་འབུལ་བ་ནི༔ ཧོ༔ ཕྱི་མཆོད་སྲིད་པའི་འདོད་ཡོན་ལྔ༔ ནང་མཆོད་སྦྱོར་སྒྲོལ་སྨན་རཀ་གཏོར༔ གསང་མཆོད་ཆོས་ཉིད་གཉུག་མའི་ངང་༔ འཕགས་མའི་གསང་གསུམ་མཉེས་གྱུར་ཅིག༔ མ་ཧཱ་སརྦ་པུ་ཛ་ཧོ༔ དྲུག་པ་གསང་གསུམ་བསྟོད་པ་ནི༔ ཨེ་མ་ཧོ༔ སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ ཉོན་མོངས་ཉེས་ཕོངས་མ་ལུས་འཇོམས༔ བདེ་ཆེན་ཡེ་ཤེས་སྣང་བ་སྩོལ༔ རྒྱལ་ཡུམ་འོད་ཟེར་ཅན་མར་བསྟོད༔ ཉི་མ་ཟླ་བའི་མདུན་ནས་འགྲོ༔ འོད་ཀྱིས་སྲིད་གསུམ་སྣང་བས་འགེངས༔ སུས་ཀྱང་རྒོལ་བར་མི་ནུས་པའི༔ ཕྱོགས་ལས་རྣམ་རྒྱལ་ཆེན་པོར་བསྟོད༔ བདུན་པ་བཟླས་པ་བྱ་བ་ནི༔ རང་ཉིད་འོད་ཟེར་ཅན་མ་ཡི༔ ཐུགས་ཀར་ཉི་སྟེང་མཱུཾ་ཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་ནུས་བསྡུས༔ དུས་གསུམ་དགྲ་སྡེ་ཚར་བཅད་ནས༔ ཚེ་བསོད་སྟོབས་ནུས་རང་ལ་བསྡུས༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ༔ རྣམ་རྒྱལ་དཔའ་མོ་ཆེན་པོར་བསམ༔ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ རྩ་སྔགས་འབྲུ་དྲུག་འབྲུ་འབུམ་བཟླ༔ སྒྲུབ་སྔགས་ནི༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ ལས་སྦྱོར་སྔགས་ནི་འདི་བཞིན་ནོ༔ ཨོཾ་མ་རི་ཙྱཻ་བ་ད་ལི་བ་ད་ལི་བྷ་ར་ཧ་མུ་ཁི༔ སརྦ་དུཥྚན་པྲ་དུཥྚན་དགྲ་སྡེའི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ སྒྲུབ་སྔགས་འབུམ་ལ་ལས་སྦྱོར་ཁྲི༔ སངས་རྒྱས་བྱང་སེམས་ཞལ་མཇལ་དང་༔ རྨི་ལམ་ཉི་ཟླའི་གདན་ལ་འདུག༔ བུད་མེད་མཛེས་མས་ཟས་གོས་སྦྱིན༔ ཉམས་དགའ་བག་སྤྲོ་རྟགས་འབྱུང་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་བསྡུ་རིམ་བྱ་བ་ནི༔ ཧཱུྃ༔ སྣང་བ་ལྷ་ཡི་ཆོ་འཕྲུལ་ཀུན༔ སྟོང་གསལ་སེམས་ཀྱི་དབྱིངས་སུ་བསྡུ༔ རང་བཞིན་མེད་ལ་བསལ་བཞག་དང་༔ འགྲོ་འོང་གཉིས་མེད་ཀློང་དུ་ཨཱ༔ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧོ༔ བདག་གི་དུས་གསུམ་རྣམ་དཀར་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་བསྔོ༔ དེ་མཐུས་ལྷ་མོ་འོད་ཟེར་ཅན༔ ཚེ་འདིར་འགྲུབ་པའི་རྒྱུ་རུ་སྨོན༔ ཤིས་བརྗོད་མཐའ་རྒྱན་བྱ་བ་ནི༔ ཨེ་མ་ཧོ༔ གྲངས་མེད་གོང་ནས་ཐུགས་བསྐྱེད་མཐུས༔ བསྐལ་མང་བྱང་ཆུབ་སྤྱོད་པ་སྤྱད༔ དྲན་པ་ཙམ་གྱིས་བདུད་དཔུང་འཇོམས༔ འོད་ཟེར་ཅན་མའི་བཀྲ་ཤིས་ཤོག༔ བརྟན་གཡོའི་ཁམས་ཀུན་བདེ་ཞིང་སྐྱིད༔ རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས༔ བསྟན་འཛིན་ཞབས་བརྟན་མཛད་ཕྲིན་རྒྱས༔ ཅི་བསམ་འགྲུབ་པའི་ཤིས་པ་སྩོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འོད་ཟེར་ཅན་མ་ཡི༔ རྒྱུན་ཁྱེར་ཡང་ཟབ་གཏམས་པ་འདིས༔ གང་འབྲེལ་བར་ཆད་བདུད་ལས་རྒྱལ༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ དགེའོ།།