Nitartha Digital Library
Tibetan
སྦྱོར་བ་ཡན་ལག་དྲུག་གི་ངོ་སྤྲོད།

40 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


 
39  expand section
 expand section
  
འཇུག་ཡོངས་སུ་རྫོགས་པའི་བྱ་བ།


40 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousའཇུག་ཡོངས་སུ་རྫོགས་པའི་བྱ་བ།no next

འཇུག་ཡོངས་སུ་རྫོགས་པའི་བྱ་བ།

དག་བྱེད་སྡིག་སེལ་རྣམ་དག་ལེགས་པའི་ལམ། །རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད། །ཚང་ལ་མ་ནོར་རྫོགས་པའི་རིམ་པ་འདི། །རྣམ་འདྲེན་ཁྱད་འཕགས་ཆོས་རྗེ་རིན་པོ་ཆེའམ། །ཞལ་གདམས་བླ་ན་མེད་པས་ལེགས་སྤྲས་ཤིང་། །མདོ་རྒྱུད་བསྟན་བཅོས་ཚད་མར་གྱུར་རྣམས་ཀྱི། །མདོ་ཙམ་སྙིང་པོའི་དོན་རྣམས་སྡུས་ནས་བཀོད། །ཐུན་མོང་ཀུན་ལ་གྲགས་རྒྱུའི་ཆོས་མིན་པས། །ཟབ་དོན་ཡི་གེར་བཀོད་པ་དཀའ་མོད་ཀྱང་། །ཟབ་མོ་དོན་གཉེར་སྐྱེས་མཆོག་དམ་པ་འགས། །ནན་གྱིས་བསྐུལ་བའི་གསུང་མ་ཆོག་པའི་ཕྱིར། །ཞལ་གདམས་གསང་དོན་མངོན་དུ་གྱུར་པ་འདི། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བཟོད་མཛད་ཅིང་། །སེམས་རྒྱུད་ཟབ་མོས་བྱིན་གྱིས་བརླབས་པ་དང་། །སྣོད་མིན་རྣམས་ཀྱིས་སྡིག་རྐྱེན་མི་འགྱུར་ཞིང་། །སྐལ་ལྡན་རྣམས་ཀྱི་སྙིང་པོ་གནས་པར་མཛོད། །འདིར་འབད་དགེ་བ་རྒྱ་ཆེན་རབ་དཀར་འདིས། །མཁའ་གཏུགས་སྐྱེ་དགུའི་ཕུང་གྲོལ་དྲི་མ་རྣམས། །རྣམ་དག་དག་པའི་བྱང་ཆུབ་མཆོག་ཐོབ་ནས། །རྟག་བརྟན་ཆོས་སྐུའི་ཕུན་ཚོགས་དབྱིངས་དེར་རོལ། །དེ་ལྟར་སྔོན་འགྲོ་དངོས་གཞི་ངོ་སྤྲོད་རྨད་བྱུང་མཆོག །རྗེས་ཁྲིད་འཕོ་བ་བར་དོའི་གདམས་པ་ཡིད་འོང་འདི། །དུས་འཁོར་རྒྱུད་འགྲེལ་ཆེ་སོགས་རྒྱལ་བའི་བཀའ་བཞིན་ཡོད། །ཐར་པ་དོན་གཉེར་ཐར་ལམ་ཆ་ལག་ཚང་པ་ལགས། །འགའ་ཞིག་ཉམས་ལེན་མེད་པར་རྟོགས་པའི་ངོ་སྤྲོད་བྱེད། །འགའ་ཞིག་ངོ་སྤྲོད་མེད་པར་ཁྲིད་རིམ་དུ་མ་སྟོན། །འགའ་ཞིག་གཉིས་ཀ་མེད་པར་ཉམས་ཁྲིད་ཀློག་ལུང་བྱེད། །གང་དུ་སུ་ལ་ཕན་པའི་ཡན་ལག་ཅི་ཞིག་སྨོས། །འོད་གསལ་ཕྱག་རྒྱ་ཆེན་པོ་མ་ང་ན། །རླུང་སྦྱོར་ལུས་སྦྱོང་འཁྲུལ་འཁོར་དུ་མ་དང་། །རྟོག་བཅས་སྤྲོས་པའི་དགས་སྐོར་མང་པོ་རྣམས། །བྱང་ཆུབ་མཆོག་ལ་ཅུང་ཟད་ཉེ་མི་སྲིད། །དེས་སླད་སྤྲོས་པའི་ནད་རབ་ཞི་བྱེད་པའི། །མི་རྟོག་ཏིང་ངེ་འཛིན་ཟབ་མོ་མཆོག་གི་ལམ། །རིགས་སྔགས་བླ་ན་མེད་པའི་རྣལ་འབྱོར་འདིར། །ཐར་པ་དོན་ཉེར་རྩེ་གཅིག་བརྩོན་པར་རིགས། །དེ་ཕྱིར་བདག་ནི་བྱང་ཆུབ་སྙིང་པོའི་བར། །ཚེ་རབས་ཀུན་ཏུ་སྐད་ཅིག་མ་གོལ་བར། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པར་ཤོག །འཇིག་རྟེན་ཆོས་བརྒྱད་སྐྱོན་གྱིས་མ་གོས་ཤིང་། །ལུས་དང་སྲོག་ལ་ན་ཡང་ལྟོས་མེད་པར། །དེས་ཤིང་ནམ་མཁའི་རྣལ་འབྱོར་དམ་པ་ལ། །མི་ལ་རས་པ་བཞིན་དུ་བརྩོན་གྱུར་ཅིག །མི་དགེའི་གྲོགས་སྤངས་དགེ་བའི་བཤེས་ཀྱིས་ཟིན། །དམ་ཚིག་རྣམ་དག་བྱམས་དང་སྙིང་རྗེར་ལྡན། །རིག་གནས་ལ་མཁས་ཤེས་རབ་སྣང་བས་བརྒྱན། །མཁས་པའི་རིགས་སུ་སྐྱེ་ཤིང་སྐྱེ་བར་ཤོག །དུས་གསུམ་རྒྱལ་བའི་སྨོན་ལམ་ཀུན་སྡུད་ཅིང་། །རྒྱལ་སྲས་རྣམ་པར་ཇི་སྙེད་མཐར་ཐུགས་པ། །ཀུན་ཏུ་བཟང་དང་འཇམ་དབྱངས་ལ་སོགས་བཞིན། །འཁོར་བ་ཇི་སྲིད་རོ་སྤྱོད་གྱུར་ཅིག །འཕགས་པའི་སྤྱོད་ཟབ་མོའི་དོན། །འདི་ལྟར་སྟན་ལ་དངོས་པོའི་ཚོགས་གང་མཚམས། །དཀོན་མཆོག་མཁའ་འགྲོས་ཆོས་སྐྱོང་རྣམས་ལ་བཤགས། །དགེ་བ་ཇི་ལྟར་སྨོན་བཞིན་འགྲུབ་གྱུར་ཅིག །དེ་ལྟར་ཟབ་ལམ་བླ་མའི་རྣལ་འབྱོར་ཡན་ལག་དྲུག་གམ་ཁྲིད། །ཐར་པ་རྣལ་འབྱོར་པའི་ཉམས་ལེན་མ་ཚང་པ་མེད་པ། །སྔོན་འགྲོ་དངོས་གཞི་དང་བཅས་པ་ཡི་གེར་བཀོད་པ་འདི་ཉིད། །དཔལ་ལྡན་བླ་མ་འབའ་རོམ་རིན་པོ་ཆེས་བཀའ་ནན་པོ་ཆེའི་གསུང་གིས་བསྐུལ་བ་པོ་སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་པ་དང་། བླ་མ་ཡར་ལེ་རོལ་པ་དང་། བླ་མ་བློ་གྲོས་དཔལ་དང་། བླ་མ་བསམ་རིན་པ། བླ་མ་སྦྱོར་དྲུག་པ་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡང་ཡང་བསྐུལ་བས། ངེས་དོན་ཟབ་མོ་ལ་། བློ་གྲོས་རྒྱལ་མཚན་ཞེས་བྱ་བས་བྱེད་ཀྱི་ལོ་ལྕགས་མོ་ཕག་ལ། དཔལ་ལྡན་འབའ་རོམ་གྱི་དབེན་གནས་རྫ་དེའུ་རིན་ཆེན་སྤུངས་པ་ཞེས་བྱ་བར་སྦྱར་བ་མན་ངག་ཟབ་མོ་འདི་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་གནས་པ་དང་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཡན་ལག་དྲུག་ཁོ་ན་ཕུན་སུམ་ཚོགས་པར་གྱུར་ཅིག། །།ཞུ་དག་ཚར་གཅིག །


previousའཇུག་ཡོངས་སུ་རྫོགས་པའི་བྱ་བ།no next