རྣམ་སྲས་སྐྱ་བརྒྱད་ཀྱི་བསང་མཆོད།
རྣམ་སྲས་སྐྱ་བརྒྱད་ཀྱི་བསང་མཆོད་བཞུགས་སོ།། ཧཱུྃ། མགོན་པོ་ཚུར་གཤེགས་དམ་ཚིག་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །མཚམས་མེད་ལྔ་པོ་ཀུན་སྤྱོད་ཅིང་། ཐམས་ཅད་ཉོན་མོངས་འདམ་བྱིངས་པས། །གཟིགས་ཤིག་གཤེགས་པའི་གནས་ངན་ཀྱང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་ཞལ་བཞེས་འདིར་དགོངས་ལ། འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་ངོས་ན་བཞུགས་པ་ཀུན། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོ་བེ་ཤཱ་མ་ཎ་ཡེ་སྭཱ་ཧཱ། ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཨོ་བེ་སྭཱ་ཧཱ། དེ་ནས་མཆོད་རྫས་རྣམས་མཆོད་ལ། ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མི་འཇིགས་སེང་གེའི་ཁྲི་སྟེང་ནས། །དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །གསེར་གྱི་གོ་ཆས་རབ་བརྒྱན་པའི། །རིན་ཆེན་དབྱུག་ཐོ་ནེའུ་ལེ་འཛིན། །རྒྱལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །ཡུམ་ཆེན་ལྷ་མོ་གཙུག་ཕུད་ནི། །སྐུ་མདོག་དམར་ལ་འོད་
ཟེར་འཕྲོ། །ནོར་བུ་གཏེར་གྱི་བུམ་པ་འཛིན། །ཀླུ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་།འཁོར་ནི་གནོད་སྦྱིན་བརྒྱད་པོ་ཡང་། །རྒྱལ་མཚན་ནེའུ་ལེ་འཛིན་པ་ཡི། །ཛམ་བྷ་ལྷ་ནི་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །བུམ་པ་ནེའུ་ལེ་འཛིན་པ་ཡི། །གང་བ་བཟང་པོ་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་།ནོར་བུ་ནེའུ་ལེ་འཛིན་པ་ཡི། །ནོར་བུ་བཟང་པོ་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །རལ་གྲི་ནེའུ་ལེ་འཛིན་པ་ཡི། །ཀུ་བེ་ར་ནི་རྟ་ཡི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །གཏེར་དང་ནེའུ་ལེ་འཛིན་པ་ཡི། །ཡང་དག་ཤེས་ནི་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །མདུང་དང་ནེའུ་ལེ་འཛིན་པ་ཡི། །འབྲོག་གནས་ནག་པོ་གཏེར་གྱི་
བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །ཁང་བརྩེགས་ནེའུ་ལེ་འཛིན་པ་ཡི། །རྔས་རྩེན་སེར་སྐྱ་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །གྲི་ཕུབ་ནེའུ་ལེ་འཛིན་པ་ཡི། །ཀུཎྜ་ནཱི་ལི་གཏེར་གྱི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །འཁོར་ནི་གནོད་སྦྱིན་བྱེ་བ་ཡང་། །སྤྲུལ་པ་བསམ་གྱིས་མི་ཁྱབ་པ། །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡི་ཐུགས་དམ་བསྐང་། །མཁར་ཐབས་རི་རབ་གཏོར་མ་དང་། །ཡིད་བཞིན་ནོར་བུ་རྩེ་བརྒྱད་དང་། །སྤྱན་གཟིགས་ཁྱད་འཕགས་དུ་མ་དང་། །ཕྱི་ནང་གསང་བའི་རྟེན་རྣམས་ཀྱིས། །རྒྱལ་ཆེན་འཁོར་བཅས་ཐུགས་དམ་བསྐང་། །ཙནྡན་དཀར་དམར་ཨ་ག་རུ། །དུ་རུ་ཀ་དང་འབྲས་དཀར་དང་། །བཟང་དྲུག་ལ་སོགས་སྨན་སྣ་དང་། །ཤུག་པ་མཁན་དཀར་སྤོས་དཀར་དང་། །སྦ་སྨྱུག་ལ་སོགས་ལྷ་ཤིང་རྣམས། །ཕྱེ་མར་ཞལ་ཟས་འོ་སྐོལ་དང་། །ཇ་ཆང་ཟས་སྐོམ་ཤ་ཕུད་
རྣམས། །འབྱུང་བ་མེ་ལ་བསྲེགས་པ་ཡིས། །ནོར་ལྷ་འཁོར་དང་བཅས་པ་རྣམས། །དྲི་ཞིམ་ཡིད་འོང་འདིས་བསང་བས། །འདི་ལྟར་མཆོད་པའི་བྱིན་རླབས་ཀྱིས། །བདག་གི་འདོད་པའི་བསམ་པ་སྒྲུབས། །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །ཅི་བསམ་སྒྲུབས་ལ་རེ་བ་སྐོངས། །དགོས་འདོད་མ་ལུས་ཆར་ལྟར་ཕོབ། །མགོན་སྐྱབས་མཐུ་དཔུང་འཛིན་པར་མཛོད། །ཅེས་རྒྱལ་ཆེན་རྣམ་སྲས་ཀྱི་བསང་མཆོད་ཀརྨ་ཨ་རཱ་གས་སྦྱར་བའོ།། །།