Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
ཚད་བཤད་པ།
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousཚད་བཤད་པ།next

ཚད་བཤད་པ།


GLG014_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཚད་དེ་གཞལ་ཐབས་ལ། འཇོག་གཞི་ངོས་གཟུང་བ་དང་། བསྐལ་པ་ངོས་གཟུང་བ་གཉིས། དང་པོ་ལ། དཔག་ཚད་རྒྱང་གྲགས་ངོས་གཟུང་བ་དང་། ལོ་ངོས་གཟུང་བ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། གཟུགས་དང་། མིང་དང་། དུས་ཀྱི་ཆུང་ཐ་


GLG014_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། རྡུལ་ཕྲ་རབ་དེ་གཟུགས་ཀྱི་ཆུང་ཐ། ཡི་གེ་ལྟ་བུ་མིང་གི་ཐུང་ཐ། དུས་མཐའི་སྐད་ཅིག་མ་དེ་དུས་ཀྱི་ཐུང་ཐ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ལུས་ཚད་གཞལ་བྱའི་རྒྱང་གྲགས་དང་། དཔག་ཚད་ངོས་གཟུང་དུ་ཡོད་དེ། ཕྲ་རབ་ཀྱི་རྡུལ་དང་། རྡུལ་ཕྲན་དང་། དེ་བཞིན་དུ་ལྕགས་རྡུལ་དང་། ཆུ་རྡུལ་དང་། རི་བོང་གི་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། དེ་ལས་བྱུང་བ་ཤིག་དང་། དེ་བཞིན་དུ་ནས་དང་། སོར་ཚིགས་རྣམས་ནི་གོང་ནས་གོང་དུ་བདུན་དུ་འགྱུར་བར་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཁྲུ་ཚད་སོགས་ཡོད་དེ། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་རྒྱང་གྲགས་ཏེ། དེ་ཙམ་གྲོང་ནས་འཕགས་པ་ལ་དགོན་པར་འདོད་པའི་ཕྱིར། དཔག་ཚད་ཆོས་ཅན། ཡོད་དེ། སྔར་བཤད་པའི་རྒྱང་གྲགས་བརྒྱད་ལ་བྱེད་པའི་ཕྱིར། གཉིས་པ་ལོ་ངོས་གཟུང་བ་ནི། ཤེས་བྱ་ཆོས་ཅན། ཐང་ཅིག་གི་རྩོམ་གཞི་ཡོད་དེ། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དེ་དག་ཀྱང་དྲུག་ཅུ་ལ་ནི་ཐང་གཅིག་གོ །ཞེས་འཇོག་པའི་ཕྱིར། ཡུད་ཙམ་ཆོས་ཅན། ཡོད་དེ། ཐང་གཅིག་སུམ་ཅུ་ལ་བྱེད་པའི་ཕྱིར། ཉིན་ཞག་ཆོས་ཅན། ཡོད་དེ། ཡུད་ཙམ་སུམ་ཅུ་ལ་བྱེད་པའི་ཕྱིར། ཟླ་བ་ཆོས་ཅན། ཡོད་དེ། ཉིན་ཞག་སུམ་ཅུ་ལ་བྱས་པས་སྔར་བཤད་པ་གསུམ་པོ་དེ་གོང་ནས་གོང་དུ་སུམ་ཅུར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། ལོ་ཡོད་དེ། ལོ་རེ་ལ་ཞག་མི་ཐུབ་དྲུག་དྲུག་དོར་བ་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་ལོར་འཇོག་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། བསྐལ་པ་ཆོས་ཅན། རྣམ་པ་མང་དུ་ཡོད་དེ། ཁྱོད་ལ་འཇིག་བསྐལ། སྟོང་བསྐལ། འཆགས་བསྐལ།


GLG014_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསྐལ། བསྐལ་པ་ཆེན་པོ་སོགས་བཤད་པའི་ཕྱིར། གཉིས་པ་ལ། འཇིག་བསྐལ། འཆགས་བསྐལ། གནས་བསྐལ། ཞིག་ནས་འདུག་པའི་བསྐལ་པ། བསྐལ་པ་ཆེན་པོ་དང་ལྔ། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། འཇིག་པའི་བསྐལ་པ་ནི་དམྱལ་བའི་སྲིད་པ་མེད་པ་སྟེ་དེར་སེམས་ཅན་གསར་སྐྱེ་མེད་པ་ནས། སྣོད་ཟད་པའི་བར་ལ་འཇོག་པའི་ཕྱིར། །གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། འཆགས་པའི་བསྐལ་པ་ནི་དང་པོ་རླུང་གི་དཀྱིལ་འཁོར་ཆགས་པ་ནས་ནི། དམྱལ་བའི་སྲིད་པ་གྲུབ་པའི་བར་ལ་འཇོག་པའི་ཕྱིར། གསུམ་པ་ལ། བར་བསྐལ་གྱི་ཚད་ཡ་ཐོག་གཞག་པ། བར་གྱི་ཁུག་པ། མཐའི་མ་ཐོག །ཡར་འཕེལ་བཅུ་དགུའི་འཚམས། དེ་རྣམས་གནས་པའི་བསྐལ་པར་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བར་གྱི་བསྐལ་པའི་ཚད་ཡོད་དེ། མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་འགྲིབས་ཏེ། ཚེ་ལོ་བཅུ་པའི་བར་ལ་བར་བསྐལ་གཅིག་དུ་འཇུག་པ་ཡ་ཐོག་རིང་མོ་ཞེས་གྲགས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བར་བསྐལ་དེ་ལ་བཅོ་བརྒྱད་དུ་འགྱུར་ཏེ། ཚེ་ལོ་བཅུ་པ་ནས་ཡར་སྐྱེ་སྟེ་བརྒྱད་ཁྲིའི་བར་དུ་འགྱུར་བ་དང་། བརྒྱད་ཁྲི་ནས་མར་བྲི་སྟེ་བཅུ་པར་གྱུར་པའི་བར་གྱི་བསྐལ་པ་གཞན་ནི་བཅོ་བརྒྱད་འབྱུང་བ་ལ་བར་གྱི་ཁུག་པ་ཞེས་བྱ་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བར་གྱི་བསྐལ་པ་ཉི་ཤུ་ལས་གཅིག་ནི་ཡར་ལ་སྐྱེ་བ་ཁོ་ནར་འགྱུར་ཏེ། མར་ལ་མི་འབྲི་བའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ཡར་འཕེལ་དེ་དག་ཀྱང་ཡོད་དེ། ཚེ་ལོ་བརྒྱད་ཁྲིའི་བར་དུ་ཡར་འཕེལ་བར་འགྱུར་བའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་འཇིག་རྟེན་འཆགས་པ་དང་ནི་གནས་པ་དང་། འཇིག་པ་དང་། ཞིག་ནས་འདུག་པ་དང་དུས་མཉམ་སྟེ། བར་བསྐལ་ཉི་ཤུར་འཆགས། ཉི་ཤུར་གནས། ཉི་ཤུར་


GLG014_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག །ཉི་ཤུར་སྟོངས་ནས་འདུག་པའི་ཕྱིར། ལྔ་པ་ལ་གཉིས། དངོས་དང་། ཞར་ལ་གང་ཟག་གསུམ་གྱི་འབྱུང་ཚུལ་ལོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བསྐལ་ཆེན་གྱི་ཚད་ཡོད་དེ། བར་བསྐལ་དེ་དག་བརྒྱད་ཅུ་ལ་དེར་འཇོག་པའི་ཕྱིར། གཉིས་པ་ལ་སངས་རྒྱས། རང་སངས་རྒྱས། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་འབྱུང་ཚུལ་ཡོད་དེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་དེ་འབྱུང་བའི་ཕྱིར། གྲངས་མེད་དེ་ནི་གྲངས་གཏན་མེད་མ་ཡིན་ཏེ། ལུང་སིལ་བུ་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པད་སྟེང་དེར་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིང་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་རྙེད་པས། །རང་གི་མིང་གང་རུང་བ་གཞུག །གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཞེས་པ་ལྟར་རོ། །སངས་རྒྱས་འབྱུང་བའི་དུས་ཡོད་དེ། མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པ་ལས་མར་ནི་འགྲིབ་པ་ཡི་བརྒྱ་ཡི་བར་ལ་དེ་དག་འབྱུང་བའི་ཕྱིར། གཉིས་པ་ལ་འབྱུང་བའི་དུས་དང་། ཚོགས་བསག་པའི་ཚད་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རང་སངས་རྒྱས་རྣམས་འབྱུང་བའི་དུས་ཡོད་དེ། དེ་ཡར་འཕེལ་མར་འགྲིབ་གཉིས་ཀ་ལ་འབྱུང་བའི་ཕྱིར། གཉིས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། བསྐལ་པ་བརྒྱར་བྱང་ཆུབ་ཀྱི་ཚོགས་བསགས་པ་ལས་འབྱུང་བའི་ཕྱིར། གསུམ་པ་འཁོར་ལོས་


GLG014_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བའི་རྒྱལ་པོ་འབྱུང་ཚུལ་ལ། ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ལ། འབྱུང་བའི་དུས། ཇི་ལྟར་འཁོར་ལོས་སྒྱུར་ཚུལ། སངས་རྒྱས་ཀྱི་མཚན་གྱི་ཁྱད་པར་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། འཁོར་ལོས་རྒྱལ་སྲིད་ལ་དབང་སྒྱུར་བའི་ངང་ཚུལ་ཅན་འབྱུང་དུས་ནི་ཡོད་དེ། དེ་ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུ་ཡན་ལ་འབྱུང་གི་དེ་མན་ཆད་ལ་མི་འབྱུང་བའི་ཕྱིར། །གཉིས་པ་ནི། ཤེས་བྱ་ཆོས་ཅན། འཁོར་ལོས་ས་ལ་དབང་སྒྱུར་ཚུལ་ཡོད་དེ། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་བཞི། དངུལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་གསུམ། ཟངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་གཉིས། ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་གཅིག་ལ་རིམ་བཞིན་དུ་དབང་སྒྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། གླིང་གཅིག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་སུ་ཅིག་ཅར་དུ་མི་འབྱུང་སྟེ། དེས་འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར། དཔེར་ན་བསྟན་པ་གཅིག་ལ་དེའི་བདག་པོ་སངས་རྒྱས་གཉིས་མི་འབྱུང་བ་བཞིན་ནོ། །ཤེས་བྱ་ཆོས་ཅན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཀུན་ལས་རྣམ་པར་རྒྱལ་ཚུལ་ཡོད་དེ། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ནི་རྒྱལ་ཕྲན་རྣམས་ཀྱིས་ཕར་བསུས་ནས་འདུད། དངུལ་ནི། རང་ཉིད་དེར་འགྲོ་བས་འདུད། ཟངས་ལ་ནི། གཡུལ་བཤམས་པ་ཙམ་གྱིས་འདུད། ལྕགས་ལ་ནི་མཚོན་གདེངས་པ་ཙམ་གྱིས་འདུད་ཅིང་། རང་ཉིད་རྒྱལ་ཡང་གཞན་ལ་གནོད་ཅིང་འཚེ་བ་མེད་པའི་ཕྱིར། གསུམ་པ་ནི། འཁོར་སྒྱུར་དང་། ཐུབ་པའི་མཚན་གྱི་ཁྱད་པར་ཡོད་དེ། ཕྱི་མ་ནི། རང་གི་ཡུལ་རྣམས་མ་འདྲེས་པར་གནས་པ་དང་། འོད་གསལ་ལ་ཆ་ཤས་རྫོགས་པས་ཁྱད་པར་དུ་འཕགས་པའི་ཕྱིར། གཉིས་པ་སྤྱིའི་དོན་ལ། འཁོར་ལོས་སྒྱུར་རྒྱལ་འབྱུང་བའི་རྒྱུ། དུས་ལ་དཔྱད་པ།


GLG014_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འབྱུང་ཚུལ། ཡོན་ཏན་གྱི་ཁྱད་པར་གང་དང་ལྡན་ཚུལ། དགོས་པ་ཅིའི་དོན་དུ་འཇིག་རྟེན་དུ་འབྱུང་བ་དང་ལྔ། དང་པོ་ནི། ཚོགས་གཉིས་ཀྱི་མཐུ་དཔག་ཏུ་མེད་པ་ལས་རྒྱལ་བའི་སྲས་པོ་རྣམས་སེམས་ཅན་གྱི་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་འཛིན་པ་ཡིན་ཏེ། ལུགས་གཞན་ལ་མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་དང་། མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་གནས་པ་ཕལ་ཆེར་འཛམ་བུ་གླིང་གི་དབང་ཕྱུག་སེར་སྣའི་དྲི་མ་དང་བྲལ་བ། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་བའི་བདག་པོར་གྱུར་ཏོ། །ཞེས་འབྱུང་བ་དང་ཆ་འདྲའོ། །གཉིས་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རྫོགས་ལྡན་གྱི་དུས་མ་གཏོགས་དེ་ལས་ཕྱི་བར་མི་འབྱུང་སྟེ། དུས་དེར་དེའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དེ་མི་རྫོགས་པའི་ཕྱིར། རང་འགྲེལ་ལས། མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་འབྱུང་ངོ་། །འོག་ཏུ་ནི་མ་ཡིན་ཏེ། དེ་བས་ཐུང་བའི་ཚེ་ནི་ཕུན་སུམ་ཚོགས་པ་དེའི་སྣོད་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཞེས་དང་། འདུལ་བ་ལུང་ལས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་པའི་དུས་སུ། རི་བོ་ཀུན་འཛིན་ནས་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་འོངས་ཏེ། རྒྱལ་པོ་ལ་སྨྲས་པ་ལས་ཀྱང་། ས་བདག་རྟོགས་པ་པོ་རྣམས་བློ་གྲོས་འཁྲུལ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་ཡང་། དུས་འོག་མ་རྣམས་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་འབྱུང་བ་ནི་མ་ཡིན་ཏེ། འཕགས་པའི་ཡུལ་དུ་


GLG014_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་མྱ་ངན་མེད། རྒྱ་ནག་པོའི་ཡུལ་དུ་ཇིང་གིར། གཞན་གངས་རིས་བསྐོར་བའི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་གསུམ་དང་། དཔལ་ཕག་མོ་གྲུ་པའི་སྡེ་སྲིད་ལྟ་བུ་བསོད་ནམས་ཀྱི་འཁོར་ལོ་ཡོངས་སུ་འབར་བའི་བདག་ཉིད་ཅན་དག་ཡོད་པའི་ཕྱིར། གསུམ་པ་ནི། ས་ཐམས་ཅད་ལ་དབང་སྒྱུར་བར་བྱེད་པའི་འཁོར་ལོ་དེ་ནི། མགར་བ་སོགས་བཟོ་བོས་ཆེད་དུ་མ་བྱས་པར། བརྒྱ་བྱིན་གྱིས་སྦྱིན་ཞིང་། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཚེས་བཅོ་ལྔའི་དུས་ན་རྒྱལ་པོ་གསོ་སྦྱོང་ལ་གནས་པའི་ཚེ་རང་བཞིན་གྱིས་འབྱུང་བ་ཞིག་དགོས་ཏེ། རྒྱ་ཆེར་རོལ་པ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་གཟུངས་སུ་གནས་ཤིང་། སྟེང་གི་ཁྱམས་ན་བུད་མེད་ཀྱིས་ཀུན་ནས་བསྐོར་ཞིང་འདུག་པའི་ཚེ། ཤར་གྱི་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས་སྟོང་ཡོད་པ་མུ་ཁྱུད་དང་ལྡན་པ་ལྟེ་བ་དང་བཅས་པ་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། འཕང་དུ་ཤིང་རྟ་ལ་བདུན་ཙམ་ནས་འབྱུང་སྟེ། ཞེས་འབྱུང་བ་ལྟར་འདིར་ཡང་འདོད་རིགས་པའི་ཕྱིར། བཞི་པ་ཡོན་ཏན་གྱི་ཁྱད་པར་ནི། འཁོར་ལོས་སྒྱུར་བ་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་འབྱུང་བ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་བཙས་པའི་དུས་ན། བྲམ་ཟེ་མཚན་མཁན་རྣམས་ལ་བསྟན་པའི་ཚེ། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཁྱིམ་ན་གནས་པའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་


GLG014_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ནོ། །ཞེས་འབྱུང་བ་འདིར་ཡང་མཚུངས་པའི་ཕྱིར། རིན་པོ་ཆེ་བདུན་པོ་དེ་ལ་ཡོན་ཏན་ཁྱད་པར་ཅན་མང་དུ་ཡོད་དེ། འཁོར་ལོ་ལ་ཡོན་ཏན་ལྔ། ནོར་བུ་ལ་ཡོན་ཏན་བརྒྱད། བུད་མེད་ལ་ཡོན་ཏན་ལྔ། ཁྱིམ་བདག་ལ་ཡོན་ཏན་བཞི། གླང་པོ་ལ་ཡོན་ཏན་བརྒྱད། རྟ་མཆོག་ལ་ཡོན་ཏན་བརྒྱད། བློན་པོ་ལ་ཡོན་ཏན་བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྩིབས་སྟོང་ལ་དཔག་ཚད་ལྔ་བརྒྱ་པ། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་ལ་ཐོགས་མེད་དུ་འགྲོ་བ། གླིང་གཞན་དང་རྒྱ་ཆེན་བཞིའི་གནས་ལ་ཕྱིན་པས་དཔུང་ཚོགས་གཞན་རྣམས་རྗེས་སུ་འབྲང་དགོས་པ། གཞན་མཐའ་དག་ངང་གིས་འདུ་དགོས་པ་སྟེ་ལྔ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མུན་པ་ལ་དཔག་ཚད་བརྒྱའི་བར་དུ་འོད་འབྱུང་བ། ཆུ་མེད་པའི་སར་ཡན་ལག་བརྒྱད་ལྡན་གྱི་ཆུ་འབྱུང་བ། དོན་རྣམས་བསམ་པ་ཙམ་གྱིས་འགྲུབ་པ། ཁ་དོག་སྣ་ལྔ་དང་ལྡན་པ། དཔག་ཚད་བརྒྱ་ཚུན་དུ་ནད་མི་འབྱུང་བ། ཡུལ་དགོན་པ་སྐྱེད་མོས་ཚལ་རྣམས་ཕུན་སུམ་ཚོགས་པ། ཆར་བཟང་པོ་དུས་སུ་འབབ་པ། འགྲོ་བ་རྣམས་དུས་མིན་དུ་མི་འཆི་བ་རྣམས་ཡོད་པའི་ཕྱིར།གསུམ་པ་ཡོད་དེ། བསམ་པ་མཐུན་པ། བུ་མང་པོ་བཙའ་བ། རིགས་མཐུན་པ། སྲིད་མཐོ་བ། །བུད་མེད་གཞན་ལ་ཕྲག་དོག་མི་བྱེད་པ་རྣམས་ཡོད་པའི་ཕྱིར། བཞི་པ་ཡོད་དེ། དཔག་ཚད་བརྒྱ་ཚུན་ཆད་མཐོང་བ། ཡིད་གཞུངས་པ། ལྷའི་མིག་དང་ལྡན་པ། འབྱོར་བ་ཟད་པ་མེད་པ་རྣམས་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། ཅང་ཤེས་པ། མཆོག་ཏུ་བཀའ་ཉན་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བ། ནམ་མཁའ་ལ་འགྲོ་བ། རྫུ་འཕྲུལ་དང་ལྡན་པ། ཐམས་ཅད་ཐལ་ཀར་དུ་གྱུར་པ། ཡན་ལག་ཤིན་ཏུ་གནས་པ། གསེར་གྱི་རྒྱན་དང་ལྡན་པ་རྣམས་ཡོད་པའི་ཕྱིར། དྲུག་པ་ཡོད་དེ། ཁ་དོག་མཛེས་པ། དབྱིབས་ཕུན་སུམ་ཚོགས་པ། ཉིན་གཅིག་ལ་འཛམ་བུ་གླིང་ལ་ལན་


GLG014_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྐོར་ནུས་པ། ལུས་ལ་ནད་མེད་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། ཞོན་ན་གུས་པར་བྱེད་པ། རྣམ་པར་འཕྲུལ་བའི་ཆོས་ཅན་རྣམས་ཡོད་པའི་ཕྱིར། བདུན་པ་ཡོད་དེ། ཤིན་ཏུ་རྫོགས་པ་དང་། དེ་བསགས་པ་དང་། མ་ཆགས་པ་དང་། ཆོས་མ་ཡིན་པ་རྣམ་པར་སྤངས་པ་དང་། ཤིན་ཏུ་རིགས་པར་བརྩོམ་པ་དང་། ཡུལ་དང་དུས་ལྡན་པ་དང་། ཉོན་མོངས་མེད་པ་དང་། སྐྱེ་བོ་ལ་རྣམ་པར་མི་འཚེ་བ་རྣམས་ཡོད་པའི་ཕྱིར། དེ་ཡང་མདོ་རྣམས་སུ་བློན་པོ་ལས། དམག་དཔོན་ཞེས་མིང་མ་བཤད་ཀྱང་། དོན་ལ་ཁྱད་པར་མེད་དེ། དཔག་བསམ་འཁྲི་ཤིང་ལས། དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་འབྱུང་འགྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང་། ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ཞེས་འབྱུང་བའི་ཕྱིར། ལྔ་པ་དགོས་པ་ཅིའི་ཕྱིར་དུ་འབྱུང་བ་ནི། མདོ་ལས། སྲོག་ཆགས་ཀུན་ལ་ཕན་པ་ཡི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ཞེས་པ་ནས། རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །གླིང་བཞི་དག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །ཞེས་གསུངས་པའི་ཕྱིར། །སྨྲས་པ། མི་དགེའི་རྙོག་མ་མཐའ་དག་རྒྱང་བསྲིངས་ཤིང་། །དགེ་བཅུའི་ཆུ་ཀླུང་དྭངས་པ་འཁྱིལ་བའི་ནང་། །རྫོགས་ལྡན་ཆ་ཤས་གང་བའི་ཟླ་བའི་ངོས། །འཁོར་ལོས་སྒྱུར་རྒྱལ་རི་དྭགས་གཟུགས་ཀྱིས་མཛེས། །སུ་ཞིག་གསར་པའི་གཏམ་དང་མི་ལྡན་པར། །སྔ་རབས་རྙིང་མའི་སྒྲོས་ལ་བདག་གིར་བྱེད། །ལ་ལ་གང་བྱུང་བྲིས་པའི་འགལ་སྡུམ་ལ། །བསྟན་བཅོས་ཡིན་ཞེས་བླུན་པོའི་དབུས་སུ་ངོམ། །སྔོན་ཆད་མཁས་ལ་ཅུང་ཟད་མ་གྲགས་པའི། །ལེགས་བཤད་བདག་འདྲས་སྨྲ་བ་ཆེས་དཀའ་ཡང་། །གཞུང་དོན་ལོག་པར་སྨྲ་བའི་བབ་ཅོལ་ཚིག །བརྗོད་པས་
མཁས་མང་དབུས་སུ་གནོང་མ་དགོས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཚད་བཤད་པ།next