རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཤིང་བྱི་གནམ་གྱི་འཇམ་དབྱངས་གོང་མ་རྒྱལ་པོས་བློ་བཟང་དགེ་སློང་དང་ཆ་དཀར་བླ་མའི་དབོན་པོ་དགེ་སློང་གཉིས་ལ་བཀའ་ཤོག་གནང་སྦྱིན་དང་བཅས་རྫོང་བདའ་གནང་བའི་ལན་འབུལ་བར་སྤོམ་མདའ་མཁན་ཆེན་བློ་གྲོས་རིན་ཆེན་དང་བཀའ་བཅུ་ཡིད་བཞིན་མངགས་སྐབས་ཕུལ་བའི་ཞུ་ཡིག་ཕུན་ཚོགས་སྙན་གྲགས་གཡས་འཁྱིལ། (༢༨༧ན)
ཛི ཏྶ རྦ ཙཱ སཾ ཁྱ ནི དྷཱི བི ཙཱ ར རཻ ཀཾ པ ཉྩ ཙཱི ར པྲ ཛ བ ནྡྷུ བྷི རྨ ཧཱ། ཙ ཀྲཻ རྦ འ ཤཱ ལ དྷ རི ཏྲི བ པྲ ལ བ རྟཱི ན རཻ ནྡྲ སྶུ ར རཱ ཛྙ མཱུ ལ ཧྲི། །བགྲང་(སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅུ་གཉིས་པ་སྐྱེ་འགྲོ་ལ་རྣམ་གྲངས་བཞི་སྟོང་སོ་དྲུག་ཡོད་པ་ལས། སྟོང་དང་སུམ་བརྒྱ་གྱ་གཅིག་པ་དབང་པོའི་རྒྱུད་ཅེས་བྱ་བ།)ཡས་རྒྱལ་ཀུན་རྣམ་དཔྱོད་གཅིག་འདུས་གཏེར། །ཟུར་ཕུད་ལྔ་ལྡན་སྐྱེ་རྒུའི་དཔུང་གཉེན་ཆེར། །སྟོབས་འཁོར་ཚུལ་གྱིས་འཛིན་མའི་ཁྱོན་ཡངས་པོར། །དབང་སྒྱུར་མི་རྗེ་ལྷ་རྒྱལ་དམ་པའི་དྲུང་། །སྟོབས་བཅུའི་རྩལ་མངའ་བུ་རམ་ཤིང་པ་ཡི། །རིང་ལུགས་ཉེར་བཟུང་འགྲོ་ལ་ལྷག་པའི་སེམས། །ཆེས་དཀར་བགྱིད་འོས་སྭསྟི་ཀ་ཕྲེང་སྒྲ། །སྙན་གྱི་དབང་པོར་འདྲེན་པའི་སྔོན་འགྲོའི་སྒོར། །ཕུན་སུམ་ཚོགས་པའི་བཀྲ་ཤིས་མེ་ཏོག་ཆར། །རབ་འཐོར་ཙན་དན་སྡོང་པོའི་དྲི་དངར་པོ། །འཐུལ་བཞིན་དང་བའི་ཡིད་ཀྱིས་རྩེ་གཅིག་ཏུ། །ཡོངས་བསྒྲིམས་སྤོབས་མཐོ་བསྐྱེད་དེ་འདི་ལྟར་གསོལ། །ཚོགས་གཉིས་ཆུ་གཏེར་ཆེ་ལས་ཉེར་ཐོན་པའི། །ཕུལ་བྱུང་བདུད་རྩིའི་བཅུད་འཁྱིལ་མཚན་བཟང་སྐུ། །བདེ་སྐྱིད་འཆི་མེད་དཔལ་སྟེར་གཏམ་སྙན་པོ། །རྣ་རྒྱན་ཚངས་དབྱངས་དོ་ཟླར་བྱེད་པ་དང་། །ལྷན་ཅིག་གནམ་གྱི་ཤེ་མོང་བཀའ་རྟགས་ཆེ། །སྡེར་ལྔའི་གསེར་འབྲུག་སྐད་གསང་སྒྲོག་ལྟ་བུས། །ལེགས་བཏེག་དངོས་པོའི་གནང་སྐྱེས་གྱ་ནོམ་བཅས། །སོན་ཚེ་ཁྱོད་ཞལ་མཐོང་འདྲའི་དགའ་སྤྲོ་འཕེལ། །དཔག་གཡས་བསོད་ནམས་ཟིམ་ཆར་གྱིས་བརླན་པའི། །གསང་གསུམ་མི་ཟད་ཡོངས་འདུའི་ལྗོན་འབྲས་ཀྱིས། །ཅི་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ། །ལུས་ཅན་རྣམ་དཀར་མཐའ་ཀླས་ཟོང་གིས་བསྒྲུབས། །རྨད་བྱུང་མཛད་ཕྲིན་ཚ་ཟེར་འོད་པོ་ཆེ། །བསྟན་འགྲོའི་ཕན་བདེ་འབུམ་ཕྲག་པདྨའི་ཚལ། །ཡོངས་བཞད་རྒོལ་ངན་སྨག་རུམ་གཞིལ་བའི་སླད། །བྱེད་པོར་གནམ་གྱི་མཐོངས་ནས་ལྷ་ཁྱེད་བསྐོས། །ལོག་པར་འཁུ་བའི་ལྷ་མིན་སྒྲ་གཅན་སྐེ། །བརྟུལ་ཕོད་དམ་བཅའ་རྣམ་བཞིའི་འཁོར་ལོ་ཡིས། །བཅད་པས་མེས་པོ་ངལ་ཁུར་རབ་ལྕི་བ། །བཏང་སྟེ་ཟག་མལ་གཉིད་དུ་གཡུར་ལས་ཅི། །གཏིང་མཐའ་མི་མངོན་ཐུགས་ཀྱི་རྒྱ་མཚོ་ཆེར། །བརྟན་གཡོའི་(༢༨༧བ)
ལེགས་ཚོགས་ཡོལ་བ་དང་བྲལ་རླབས། །སྲིད་རྩེའི་བར་འཕྱུར་སྡེ་བཞིའི་ཡིད་བཞིན་ནོར། །བར་མཚམས་མེད་གང་མི་ལེན་སུ་ཞིག་བསྙོན། །ལྷར་བཅས་ཡིད་ཅན་ཀུན་གྱི་ཅོད་པན་དུ། །ཞབས་སེན་བཀོད་ལ་བྱིས་རྣམས་མཚར་འཛིན་ཀྱང་། །ཕྱོགས་བཅུའི་རྒྱལ་བ་མ་ལུས་གསུང་གཅིག་གིས། །བདེ་ལྡན་ཞིང་གི་མགོན་པོར་ཡང་དག་བསྔགས། །བསོད་ནམས་ཉ་ཕྱིས་རྒྱ་ཆེ་ཁྱོན་ཡངས་ལས། །ཚད་མེད་འབབ་པའི་ལེགས་བྱས་མུ་ཏིག་ཆར། །མི་འཛད་དབང་ཐང་དར་དྲག་རྫོགས་ལྡན་དུས། །སྔོན་བྱུང་གཏམ་ཙམ་དེང་སང་ཆེས་ཆེར་རྨད། །གྲུབ་མཐའི་བཞེད་གཞུང་ཕྱི་ནང་རིགས་ལམ་ནས། །ཉེར་དྲངས་སྨྲ་ངན་མང་ཡང་ལུས་ཅན་རྣམས། །གནས་སྐབས་མངོན་མཐོ་མཐར་ཐུག་ཐར་པ་དང་། །ཀུན་མཁྱེན་གོ་འཕང་ལ་སྦྱོར་ཤཱཀྱའི་བསྟན། །དེ་ཡི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་ཀྱིས། །བཀྲལ་བའི་ཟབ་རྒྱས་ཆོས་ཚུལ་ཆུ་ཀླུང་གཏེར། །རྣམ་དཔྱོད་ཧུབ་གཅིག་འདྲེན་པའི་དྲང་སྲོང་མཆོག །ཁམས་གསུམ་འགྲོ་བའི་བླ་མ་བཙོང་ཁ་པ། །སངས་རྒྱས་དེ་གསུང་ཐེག་གསུམ་དགེ་འདུན་བཅས། །བསྙེན་ཅིང་བཀུར་བར་གཟུགས་ཅན་སྙིང་པོ་དང་། །མྱ་ངན་མེད་དཔལ་མེས་དབོན་ཐང་རྒྱལ་སོགས། །སྔོན་བྱོན་རྣམ་ཐར་ཁྱོད་མིན་སུ་ཡིས་གཟུང་། །དེ་ཕྱིར་འོད་དཔག་མེད་མགོན་མཉམ་བཞག་སྟེ། །རྩི་བཅུད་ཀྱིས་གཏམ་བུམ་པས་མི་ཡི་རྗེར། །དབང་བསྐུར་བསྐལ་པ་རྒྱ་མཚོར་མི་འགྱུར་བའི། །སྲ་མཁྲེགས་ཀ་བ་བརྟན་པོ་ཉེ་བར་ཚུགས། །དཔག་དཀའི་ཚད་ཀྱིས་ཆོད་ཀྱང་ཟླ་བའི་འོད། །ཕོག་པའི་མོད་ལ་ཀུནྡ་ཉེར་བཞད་བཞིན། །མཐའ་ཡས་ས་ཡི་རིང་པོར་བསྐལ་ན་ཡང་། །ཐུགས་རྗེའི་མཛད་པ་བཟང་པོས་ཅིས་མི་སྐྱོང་། །(༢༨༨ན)
རྟ་བདུན་ཟེར་གྱིས་སྨག་རུམ་སངས་བྱེད་ན། །བསྟན་དང་འགྲོ་བ་ཉེར་འཚོ་འབྱུང་བའི་གཞིར། །རག་ལུས་བརྩེ་བའི་སྤྱན་དཀྱུས་ཆེས་ཡངས་པོས། །ལེགས་གཟིགས་མི་འཇིགས་སྤོབས་པ་དེང་འདིར་སྩོལ། །ཆོས་ནོར་འདོད་ཐར་གྱིས་གཙོས་གཙུག་ལག་གི །བརྒྱ་ཕྲག་ལུགས་བཟང་སྒོ་འཕར་ཡོངས་འབྱེད་པར། །བླར་མཐོའི་མངའ་ཐང་དཔལ་འབྱོར་ཆོས་བཙན་བཀས། །རང་གི་ལོངས་སྤྱོད་སྐལ་བཟང་སླར་ཡང་བསྐྲུན། །དུས་རྣམས་ཀུན་ཏུ་དགྱེས་པའི་སྤྱན་རས་ཀྱིས། །བཙའ་བའི་འཛུམ་ཞལ་ལྷུག་པར་རབ་བསྟན་ནས། །ནམ་མཁའ་གཟུགས་གཞན་མ་གྱུར་དེ་སྲིད་བར། །སྩོལ་བའི་དགའ་སྟོན་ཡིད་ལ་རྟག་འབེབས་མཛོད། །འདྲེན་བྱེད་ངང་མོ་རོལ་གར་བསྒྱུར་བའི་རྟེན། །རིན་ཆེན་དོ་ཤལ་སྣ་ལྔའི་སྣམ་འཕྲུལ་ཁྲེས། །འཇམ་མཉེན་པད་རྫིང་ངོགས་སུ་ཐུན་མཚམས་ཀྱི། །རྟགས་མཚན་འདབ་བརྒྱ་གསར་པ་རབ་ཏུ་གཡོ། །མརྒད་ཞུན་མར་འགྲན་བཟོད་བྱི་བའི་ལོ། །འབྱུང་བ་སུམ་ལྡན་ས་ག་ཟླ་བ་ཡི། །གྲལ་ཚེས་དགེ་བར་ཀུན་གྱིས་བཏུད་བྱའི་གནས། །ཕོ་བྲང་ཆེན་པོར་ཕུལ་བ་བི་ཛ་ཡ། །ཤིང་བྱི་ལོ་ནས་གསེར་ཡིག་པ་ཨ་ཆི་ཐུ་དགེ་སློང་དང་བསྟན་པ་གསལ་བྱེད་གཉིས་ཁལ་ཁ་ཛ་སག་ཐུའི་དོན་སྐོར་ལ་བཀའ་ཤོག་གནང་སྦྱིན་བཀའ་ངག་དང་བཅས་ཆེད་གཉེར་རྫོང་བདའ་གནང་བའི་ལན་འབུལ་བར་རབ་འབྱམས་པ་བློ་བཟང་ནོར་བུ་དཔལ་གདོང་ངག་དབང་གྲགས་པ་མངགས་པའི་ཚེ་ཕུལ་བ་སྐྱེ་རྒུའི་བདེ་སྐྱིད་ཉི་མ་དགུང་ཤར། ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། སྭསྟི་ཀའི་སྒྲ་ལས་ཉེ་བར་དྲངས་ཏེ་ཤིས་པ་བརྗོད་པའི་ཚིག་གི་མེ་ཏོག་ཕུན་སུམ་ཚོགས་པ་རབ་ཏུ་འཐོར་ཞིང་དང་བའི་མི་ཕྱེད་པ་དང་བཅས་པ་ཕུལ་དུ་བྱུང་བའི་(༢༨༨བ)
དད་ལྡན་བསྲེགས་པའི་དྲི་བཟང་གིས་ཕྱོགས་ཀུན་ཡོངས་སུ་ཁྱབ་པ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ། འཇིག་རྟེན་གྱི་མེས་པོས་གནམ་ཀ་བ་མེད་པའི་སྒོ་ཕྱེ་ནས་གང་ལའང་འཇིགས་མེད་སྟོབས་ཀྱི་དཔུང་གིས་མངའ་སྒྱུར་བ་མང་བཀུར་གྱི་ཁྲི་མི་ཤིགས་མི་འགྱུར་གཡུང་དྲུང་གི་རང་བཞིན་ཆེས་ཡངས་པོར་དབང་བསྐུར་བ་འཇམ་དབྱངས་གོང་མ་རྒྱལ་པོ་དེང་གི་དུས་ཉིད་ནའང་འཛམ་གླིང་སྐྱེ་རྒུ་མཐའ་ཀླས་པའི་བསོད་ནམས་བསམ་གྱིས་མི་ཁྱབ་ཅིང་ཟད་མི་ཤེས་པས་ཐོག་མ་མེད་པ་ནས་བསྒྲུབས་པའི་དཔལ་ཡོན་དམ་པ་སྐུ་མཐོང་ན་མི་མཐུན་པ་དང་བྲལ་བའི་མཚན་བཟང་པོ་ཉི་མ་བྱེ་བ་འབུམ་གྱིས་ཀུན་ནས་དཀྲིས་པས་མཆོག་དམན་བར་མའི་ཡིད་ཅན་མཐའ་དག་གི་བློ་མུན་མ་ལུས་པ་ཉེ་བར་བསལ་ལོ་ཞེས་པའི་གཏམ་སྙན་ཤིན་ཏུ་འཇེབས་པ་དྲུག་ཅུའི་དབྱངས་ཀྱི་རྗེས་འགྲོ་རྣ་བའི་བུ་གར་སོན་པ་དང་། ཆབས་ཅིག་པར་དགྱེས་པའི་སྤྱན་རས་ནམ་དུའང་ལྷོད་པ་མེད་པའི་རིང་ནས། ཚེ་རིང་གནམ་གྱི་ཤེ་མོང་གི་བཀའ་རྟགས་པད་རཱག་གི་གཟི་འོད་འཕྲོ་བཞིན་པ། གནང་སྦྱིན་བཀྲས་བཏགས་ཉིན་བདེ་མ་བཅུ། རྟགས་བརྒྱད་བཅུ་ཕྲག་གཉིས། རིན་པོ་ཆེའི་དཔྱད་པ་ལེ་ཚན། གསེར་མདོང་། དངུལ་གཞོང་། མཛོད་གོས་ཡུག་སྣ་ཚོགས་སུམ་ཅུའི་དངོས་པོ་གྱ་ནོམ་པ་དང་བཅས་ཨ་ཆི་ཐུ་དགེ་སློང་དང་བསྟན་པ་གསལ་བྱེད་ཆེད་དུ་རྫོང་བདའ་གནང་བ་སུག་པར་འབྱོར་བའི་གསེར་ཞལ་མཇལ་བ་ལྟར་ཡིད་ལ་སྤྲོ་དགའ་ཆེས་ཆེར་འཕེལ། འདི་ནའང་དགེ་སྦྱོང་སྡེ་སྣོད་འཆང་བ་པོ་ལུས་ཀྱི་ཟོ་མདོག་བདེ་ཞིང་། གང་གི་ཐུགས་རྗེར་བརྟེན་ནས་ཉི་མ་ནུབ་ཕྱོགས་ཀྱི་ལུགས་གཉིས་དང་འབྲེལ་བའི་ཁྱབ་ཆ་མི་དམན་ཞིང་། ལྷག་པར་ལུས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་(༢༨༩ན)
དཔུང་གཉེན་གཅིག་པུ་པ་བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་སྙིང་སྟོབས་འགྲན་ཟླ་མ་མཆིས་པ་སྙིགས་མའི་མགོན་པོ་སྟོན་པ་ཐུབ་པའི་དབང་པོ་རྒྱལ་བ་ཟས་གཙང་གི་སྲས་པོའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པའི་ཁུར་ལྕིའི་བརྩོན་པ་ཉེ་བར་བླངས་པའི་ཐུགས་རྗེ་ཆེན་པོའི་གྲིབ་མར་སྐྱེ་འགྲོ་མཐའ་དག་ངལ་གསོར་སྤྱོད་པའི་ལྷག་བསམ་ཀུནྡ་ལྟར་དཀར་བའི་བགྱི་བ་ཡར་ལྡན་དུ་གནས། ཛམྦྷུབྲྀཀྵའི་ལྗོན་པས་མཚན་པའི་གླིང་འདིར་ལྷ་མིའི་དྲང་སྲོང་རིགས་འཛིན་གྲུབ་ཐོབ་རྣམས་ཀྱིས་རྩོད་པའི་དུས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་འབྱོན་པར་ཡོངས་སུ་བསྔགས་པ་བཞིན་མིའི་བདག་པོ་ཁྱོད་ཀྱི་སྐུ་བསོད་ཀྱི་མཐུས་འཇིག་རྟེན་གྱི་ཁམས་སུ་ནད་འཁྲུག་མུ་གེ་སོགས་སྐལ་ངན་གྱི་ཆད་པ་ཐམས་ཅད་མིང་གི་ལྷག་མར་གྱུར་ཏེ་ཆར་ཆུ་དུས་བབས་ཀྱིས་རྩི་ཤིང་ནགས་ཚལ་རྒྱས་ཤིང་ལོ་ཏོག་སྦྲུམས་པ་ལས་སྒོར་ཁེ་སྤོབས་ཐོན་པས་མཚན་མི་འཛད་པའི་ལོངས་སྤྱོད་ཀྱི་གཏེར་སྒོ་བརྒྱ་ཕྲག་ཕྱེ་ཞིང་བསྐལ་འཚོའི་ཚེ་བསོད་ནམས་དབང་ཐང་གི་སིམ་མཚོར་ཤ་སྟག་གི་དགེ་མཚན་ལ་སྤྱོད་པའི་བསྟན་འགྲོའི་རྩ་ལག་དམ་པའི་གཞིར་འཚོ་བཞེས་ཚེ་མཐའ་ཡས་པའི་མགོན་པོ་ལྟར་སྐུ་ཚེ་བྱིན་གྱིས་བརླབས་པ་དེ་བཞིན་ལྷུན་གྱིས་གྲུབ་པར་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་དཔང་པོར་བགྱིས་ནས་བདེན་ཚིག་བརྗོད་ལགས་པ་དགོངས་པ་ཟབ་མོའི་ཀློང་དུ་བཞུགས་པའི་བཀའ་མཆིད་བསླབ་སྟོན་བཟང་པོ་འཆི་མེད་ལྷའི་ཆུ་བོའི་རྒྱུན་བཞིན་ཞུ། ཞེས་ལྷ་མིག་དག་པའི་སྤྱན་ཟུར་གཡོ་རྟེན་རིན་པོ་ཆེའི་ཤལ་དཀར། སྣམ་ཕྲུག་ཚོས་ཁ་སྣ་ཚོགས་ཀྱི་ཁྲེལ་སྔགས་ལ་རྟགས་ཀྱི་ཚིམ་བུས་སྤྲས་ཏེ་མིག་དམར་ཞེས་པ་ཤིང་བྱི་ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རི་ནས་ཕུལ།། །།