Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་།
   
   
   
   
  expand section
   
   
   


 
previousགཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་།next

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་།


JKT001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ཛ བུ ག ག ན ཤུ རྒྱུ རྒྱུ རྒྱུ ། སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅུ་གཅིག་པ་གསུམ་བསྔགས་སམ་ཟླ་༢༢པའི་མཚམས་ནས་ཟིན་པའི་ཕྲ་སྣ་རས་མཛེས་པའོ། །དགབག་བཛྲ་ཀོ་ཊི་བི་དྱ་དྷ་ར་རྩྭ་ཌགྲོ བཛྲ་ཡཱ་ན་ཤཱསཱིཔ་སོ་མཱནཾ། བཛ྄དྷཱརཏཱཀྐརཙསིདྡྷཤཱི བཛྲདེཧིཔཱརླསུཤུབྷཱཙཱརླ རྡོ་རྗེའི་རིག་འཛིན་བྱེ་བའི་ཟུར་ཕུད་རྩེར། །རྡོ་རྗེ་ཐེག་པའི་ལམ་བཟང་སྟོན་མཁས་པ། །རྡོ་རྗེ་འཆང་དངོས་འགྱུར་མེད་གྲུབ་པའི་དཔྱིད། །རྡོ་རྗེའི་སློབ་དཔོན་མཆོག་དེས་དགེ་ལེགས་སྩོལ། ༡ །གང་གི་རྨད་བྱུང་བསྔགས་འོས་རྣམ་ཐར་བྱིས་བློའི་ཡུལ་ལས་རིང་འདས་པ། །རྗེས་སུ་དཔག་པའི་ངག་གིས་བརྗོད་ལས་གྲུབ་པའི་ངང་ཚུལ་མ་ཡིན་ཀྱང་། །དད་པའི་གཞན་དབང་ཁོ་ནས་བརླན་གྱུར་རྣམ་དཔྱོད་


JKT001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འཛིན་དགའ་མ་ཡིས། །བསྟོད་ཚིག་མེ་ཏོག་གསར་པའི་དོ་ཤལ་ཅུང་ཟད་གཡོ་བས་བསྙེན་བཀུར་བྱ། ༢ །གཟོད་ནས་སྲིད་དང་ཞི་བའི་ཆུ་གཏེར་ལས། །ཕ་རོལ་སོན་པའི་སྙིང་རྗེའི་ཟླ་རིས་ནི། །གྲངས་མེད་འགྲོ་བའི་མོས་པ་དང་འཚམས་པར། །སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཅིར་ཡང་བསྒྱུར། ༣ །ཤིན་ཏུ་རྣམ་དག་འོད་གསལ་དབུ་མའི་དབྱིངས། །འཇུག་དང་ལྡང་བ་བྲལ་བར་མཉམ་བཞག་ཀྱང་། །བདེ་ཆེན་ཀླུ་ཀིས་བསྐུལ་བའི་དེ་མ་ཐག །ཁ་བའི་རྡུལ་བརྩེགས་ཁྲོད་དུ་དལ་གྱིས་གཤེགས། ༤ །དེ་ཚེ་གྲུབ་པའི་རིགས་ཀྱི་འཁྲི་ཤིང་ལ། །རྣམ་པར་འཆེལ་བའི་མཚན་བཟང་ཨུཏྤལ་གསར། །དགོད་པའི་མོད་ནས་ཡིད་སྲུབས་དཔུང་བཅས་ཀྱི། །ཚུལ་མིན་མཛེས་པ་མཐའ་དག་ཟུམ་པར་བྱས། ༥ །ཐོག་མ་ཉིད་ནས་དམ་པའི་ཡོན་ཏན་གྱི། །བདུད་རྩིས་མགྲིན་པ་བརྒྱན་པའི་ཆུ་བ་ལས། །དད་དང་བརྩེ་བའི་གེ་སར་འཛུམ་པ་ཡང་། །དྲི་མེད་མཁྱེན་པའི་མཚར་སྡུག་སར་པས་སྒེག ༦ །དེ་ཚེ་སྤྲིན་སྔོན་བཞད་པའི་རོལ་མོ་ཡིས། །ཡིད་ལ་སིམ་པ་ཐོབ་པའི་མདོངས་མཐའ་ལྟར། །རིགས་ལས་བྱུང་བའི་བསྔགས་འོས་བརྒྱ་ཕྲག་གིས། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་ཕྱོགས་དེར་དྲངས། ༧ །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་གསང་བའི་བདག །དོན་གཉིས་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཅན། །འཁོར་ལོའི་མགོན་པོར་བསྙེན་པའི་དགེ་མཚན་ལས། །


JKT001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དང་གྲོལ་བའི་དགའ་སྟོན་ཅིར་ཡང་འཕེལ། ༨ །ཁྱད་པར་བག་མེད་འགོག་པའི་བརྟུལ་ཞུགས་ཀྱིས། །ཉེས་པར་སྤྱོད་པའི་གཞན་དབང་རིང་བཏང་ནས། །ཨུ་པ་སཱི་ཀ་རྒྱ་མཚོའི་ཐོར་ཚུགས་རྩེར། །ཞབས་སེན་དམར་བའི་རྡུལ་ཕྲེང་ངང་གིས་བཏབ། ༩ །འཇམ་མགོན་དཔྱིད་ཀྱི་དཔལ་མོའི་བརླན་ཆགས་པའི། །བློ་མཆོག་སིནྡྲ་ཝཱ་རའི་འགྲམ་པ་རུ། །ལུགས་གཉིས་ཚོན་ཆགས་བཀྲ་བའི་དོ་ཤལ་ཞིག །ཐུན་མོང་ལྷ་མིའི་ཐེག་པའི་ཚལ་ན་བརྗིད། ༡༠ །ཇི་ལྟར་འདམ་ལས་སྐྱེས་པའི་པདྨོ་དང་། །ཆུ་མཚོར་ལུས་རྟེན་མཚམས་ཀྱི་སྤྲིན་པ་བཞིན། །མགོན་ཁྱོད་སྲིད་དང་མཐུན་པར་ཉེར་འཇུག་ཀྱང་། །ཟག་པར་བཅས་པའི་ཀུན་དཀྲིས་རིང་དུ་བཏང་། ༡༡ །འཁོར་དང་མྱ་ངན་འདས་པའི་གོ་ས་ན། །སྣ་ཚོགས་གཟུགས་དང་ཡི་གེའི་རྣམ་འགྱུར་སོགས། །ཇི་སྙེད་གྲུབ་པའི་སྤུན་ཟླ་བསྐྲུན་པ་ལ། །ཟླ་མེད་བི་ཤྭ་ཀརྨའི་ཁེངས་པ་བསྙིལ། ༡༢ །རྣམ་པར་མ་གྱུར་ཡུན་དུ་འཚོ་བ་དང་། །རྣམ་འགྱུར་གསོ་བའི་ཐབས་ཚུལ་མ་རྨོངས་པའི། །ཡན་ལག་བརྒྱད་ལྡན་རིག་པའི་གྲིབ་བསིལ་དུ། །མཐའ་ཀླས་འགྲོ་བའི་དབུགས་ཆེན་ འབྱིན་ལགས་གྲང་། ༡༣ །རང་བཞིན་ཁམས་ཀྱི་གནས་ཚུལ་ཇི་སྙེད་པར། །སྣ་ཚོགས་རྐྱེན་གྱི་སྦྱོར་བས་ཉེར་བསྐྲུན་པས། །མིང་དང་ཚིག་གི་རྒྱུད་མང་སྟོང་འཁྲོལ་བའི། །བྱེད་པོ་དཔལ་ལྡན་ཟླ་བ་གཉིས་


JKT001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྲུལ། ༡༤ །མངོན་སུམ་རྗེས་དཔག་ལུང་གི་ཚད་མ་སོགས། །དྲི་མེད་རིག་པའི་འོད་རྡུལ་ལྷུང་བའི་མོད། །ཚུལ་མིན་སྨྲ་བའི་མུན་སྟུག་ཀུན་བཅོམ་ནས། །དོན་མཁས་སྣང་བའི་རི་མོ་སྲིད་ན་འབར། ༡༥ །གང་ལ་གང་གིས་ཇི་ལྟར་ལོངས་སྤྱོད་པའི། །ཕྱི་རོལ་དུས་ཀྱི་འཁོར་ལོའི་གནད་གསང་དང་། །སྤོར་ཐང་དབྱངས་འཆར་བཅས་པའི་རྩིས་རིག་གིས། །ལྐོག་གྱུར་རྗེན་པ་གཟིགས་མཁས་ཁྱོད་ལས་སུ། ༡༦ །ཐུན་མོང་ལམ་གྱི་རྣམ་པར་དབྱེ་བ་ནས། །དོན་དང་སྒྲ་ཡི་དཔྱད་པ་ཡོངས་རྫོགས་པའི། །སྐྱོན་བྲལ་སྙན་པར་སྨྲ་བའི་རོལ་མོ་ཡིས། །དཔལ་ལྡན་དཎྜིའི་སྤུན་ཟླར་འཛེགས་ལ་དབང་། ༡༧ ། ལྕི་དང་ཡང་བའི་ཡི་གེའི་གུར་གུམ་ཚལ། །བྲྀཏྟ་ཛཱ་ཏིའི་དོ་ཤལ་ལ་བཀོད་པར། །ངོ་མཚར་ཡོན་ཏན་དྲུག་གིས་སྒེག་པའི་ཕྱིར། །དམར་སེར་ཅན་གྱིས་བློ་ཡི་མཛེས་པ་ཕྲོགས། ༡༨ །འདོད་རྒྱལ་ཉིད་དང་རྗེས་སུ་གྲུབ་པ་ཡི། །མིང་དང་དོན་གྱི་མངོན་པར་བརྗོད་པའི་མཐའ། །གཟིགས་ལ་འཆི་བ་མེད་པའི་སེང་གེ་ཞེས། །བསྔགས་བའི་རྣམ་དཔྱོད་དེ་ཡང་མ་བྱིན་བླངས། ༡༩ །སྲིད་ན་སྔོན་བྱུང་རྣམ་པར་ཐར་པས་མཚོན། །མཐའ་ཀླས་ངོ་མཚར་གཟུགས་སུ་ཟློས་པའི་གར། །ཚུར་མཐོང་མིག་གི་བདུད་རྩི་གསར་པ་ཡང་། །བྱིན་པའི་མཚུངས་ཟླ་གུད་ན་དབེན་པ་བཞིན། ༢༠ །དེ་ལྟར་ཐུན་མོང་རིག་པའི་པད་རྩ་ཡིས། །བློ་གྲོས་


JKT001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཚུགས་རྒྱས་པའི་གཉིས་འཐུང་དབང་། །ལེགས་བཤད་རིན་ཆེན་དྲྭ་བས་གདོང་གཡོགས་ཏེ། །ཁྱད་པར་རིག་པའི་སྤོ་ལ་རིངས་པར་གཤེགས། ༢༡ །ཤེས་པར་བྱ་བའི་ཆོས་ཁམས་ཇི་སྙེད་པ། །གཟུགས་སེམས་སེམས་བྱུང་ལྡན་མིན་འདུ་བྱེད་དང་། །འདུས་མ་བྱས་ཀྱི་གཞི་ལྔར་གཏན་དབབས་ནས། །ཟག་བཅས་ཟག་པ་མེད་པ་གཉིས་སུ་བསྡུ། ༢༢ །དེ་ཡང་ཐམས་ཅད་རྫས་གྲུབ་འདོད་པ་ཡི། །ཉན་ཐོས་མདོ་སྡེ་པ་དང་དེ་ལས་གཞན། །བཏགས་ཡོད་ཙམ་དུ་ཁས་ལེན་བྱེ་སྨྲ་བའི། །གྲངས་མེད་གཞུང་བཟང་འཆད་ལ་ཐོགས་པ་སྤངས། ༢༣ །ཁམས་གསུམ་སྣང་བ་འདི་ཀུན་སེམས་ཙམ་དུ། །ངེས་པ་རྙེད་པས་རབ་དྲངས་འཁོར་འདས་ཆོས། །མཚན་ཉིད་གསུམ་དུ་གཏན་ལ་དབབ་པའི་གཏམ། །དངོས་པོར་སྨྲ་བའི་གྲུབ་མཐའི་རྩེ་མོར་སྒྲོག ༢༤ །ཆོས་ཀུན་དབུ་མའི་རིགས་ཆེན་རྣམ་དྲུག་གིས། གཟོད་ནས་སྟོང་པ་ཆེན་པོར་རབ་དཔྱད་ནས། །མཐར་ཐུག་བདེན་གཉིས་ཁས་ལེན་བྲལ་བའི་དངོས། །ཐལ་འགྱུར་འཆད་ལ་དཔལ་ལྡན་ཀླུ་དབང་དངོས། ༢༥ །ཁྱད་པར་ལྟ་གཞི་མཐའ་དག་བཟློག་པའི་ལམ། །འཁོར་ལོ་ཐ་མའི་དགོངས་དོན་རྨད་བྱུང་གི །ངེས་གསང་གཏམ་གྱི་བདུད་རྩིས་རབ་མྱོས་གང་། །མ་ཕམ་ཞབས་དང་གཉིས་སུ་དབྱེ་བ་བྲལ། ༢༦ །དེ་སླད་བློ་བུར་སྒྲིབ་ཚོགས་ལས་གྲོལ་བའི། །རྟག་བརྟན་ཡོངས་གྲུབ་


JKT001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོའི་ཞལ། །མངོན་སུམ་གཟིགས་པ་དམ་པའི་གོམ་སྟབས་ཀྱིས། །ཐམས་ཅད་མཁྱེན་པའི་རྒྱལ་སར་ཡུད་ལ་འགྲོད། ༢༧ །གཞན་ལ་ཕན་པར་དགོངས་པའི་དམ་བཅའ་དང་། །རབ་འགྲོགས་སྨོན་འཇུག་བྱང་ཆུབ་སེམས་ཀྱི་དངོས། །ལེགས་པར་བཟུང་བའི་དགེ་མཚན་ཡིད་འོང་དེར། །རྒྱལ་ཀུན་བསྔགས་པའི་མེ་ཏོག་འཐོར་ལ་བྲེལ། ༢༨ །ཆོས་དོན་གཉེར་ལ་ཞི་བའི་ལམ་མཆོག་དང་། །ཕོངས་པ་རྣམས་ལ་འདོད་དགུའི་དཔལ་སྟེར་ཞིང་། །འཇིགས་བཅས་བདེ་བའི་མལ་དུ་དབུགས་དབྱུང་བའི། །བརྩེ་བའི་སྙིང་སྟོབས་བླ་ན་མེད་པ་སྦྱིན། ༢༩ །ཉེས་སྤྱོད་རྡུལ་ལ་ཟ་བའི་དག་བྱེད་ནི། །དགེ་ཆོས་ཡོངས་སུ་སྡུད་པ་ལས་བྱུང་ཞིང་། །དེས་ཀྱང་སེམས་ཅན་དོན་རབ་བགྱིད་པའི་ཕྱིར། །རྣམ་པར་གྲོལ་བའི་ཚུལ་ཁྲིམས་ཕུང་པོས་མཛེས། ༣༠ །གནོད་པའི་ཡུལ་གྱིས་ནམ་ཡང་མི་བརྫི་དང་། །ཆོས་ཕྱིར་དཀའ་བ་སྤྱད་ལ་བཟོད་པ་ཡིས། །ཟབ་མོའི་དོན་ལ་སྐྲག་པ་མི་མངའ་བའི། །ཕུལ་བྱུང་སྤོབས་པའི་མཆོག་ཀྱང་མགྲོན་དུ་བོས། ༣༡ །བྱང་ཆུབ་སྤྱོད་ལ་ཞུམ་པའི་བློ་སྤངས་ཏེ། །ཆོག་མི་ཤེས་པའི་འཇུག་པ་དང་བཅས་པས། །མི་ཕྱེད་བརྟན་པ་བསྐྱེད་པའི་རྣམ་ཐར་གྱིས། །བྲལ་སྨིན་ཡོན་ཏན་བྱེ་སྙེད་ལག་རྩེར་བླངས། ༣༢ །ལུས་སེམས་ཤིན་སྦྱངས་བདེ་བ་ལ་བརྟེན་ཏེ། །ལམ་གྱི་སྣང་ཚུལ་རིམ་པར་བགྲོད་པ་ལས། །ཟག་པར་བཅས་


JKT001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞན་དབང་རིང་བཏང་ནས། །སེམས་བྱུང་འཇུག་པ་ཞི་བའི་བསམ་གཏན་གྲུབ། ༣༣ །གང་ཞིག་ཐོས་པས་ལམ་མིན་ལས་ལྡོག་ཅིང་། །བསམ་པས་དྲང་ངེས་དགོངས་པའི་གཏིང་འཇལ་ཏེ། །སྒོམ་བྱུང་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །ལྷག་མཐོང་བདེན་པ་གཟིགས་པའི་ངོ་མཚར་འཛིན། ༣༤ །དེ་མཐུན་ལམ་ལྔ་ས་བཅུའི་ཆུ་གཏེར་ལས། །བྱང་ཆུབ་སྤྱོད་པའི་རིན་ཆེན་གྲུབ་བརྒལ་ཏེ། །མི་གནས་མྱ་ངན་འདས་པའི་གྲོང་ཁྱེར་དུ། །སྐུ་དང་ཡེ་ཤེས་མཆོག་གི་ངལ་བསོ་བསྟེན། ༣༥ །ཁྱད་པར་དབང་རྣོན་གདུལ་བྱའི་བགོ་སྐལ་དུ། །མ་རྨོངས་ཐབས་མང་དཀའ་བ་མེད་ལྡན་པའི། །རིག་འཛིན་སྡེ་སྣོད་བྱེ་བའི་སྨིན་གྲོལ་གྱིས། །སྔགས་རྒྱུད་རྒྱ་མཚོའི་དེད་དཔོན་གཅིག་ཏུ་གྱུར། ༣༦ །དེ་ཡང་རྫོགས་ལྡན་བལྟས་པའི་སིམ་པ་དང་། །རྗེས་མཐུན་ཆུ་དང་ཅོད་པན་དབང་བསྐུར་ནས། །དེ་ཁོ་ན་ཉིད་རྣམ་བཞིར་མཉམ་བཞག་པས། །རིགས་གསུམ་རྡོ་རྗེ་འཛིན་པའི་རྒྱལ་སར་གཤེགས། ༣༧ །སུམ་ལྡན་དགོད་པའི་བདེ་བ་ལམ་བྱས་ཏེ། །རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་པའི་རྗེས། །མཚན་བཅས་མཚན་མ་བྲལ་བའི་བསམ་གཏན་གྱིས། །རིགས་བཞི་དབྱེར་མི་ཕྱེད་པའི་གོ་འཕང་ལེན། ༣༨ །གཉིས་ལྡན་ལག་པའི་འཁྲི་ཤིང་འབྲེལ་བའི་ཆེད། །རྡོ་རྗེ་སློབ་དཔོན་དབང་གིས་དབུགས་དབྱུང་ནས། །བསྙེན་དང་སྒྲུབ་པའི་ཐབས་ཀྱིས་འོག་མིན་


JKT001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཡེ་ཤེས་རྣམ་ལྔའི་རོལ་རྩེད་གསར་དུ་བཟུང་། ༣༩ །རྩོད་ལྡན་གཉིས་གཉིས་འཁྱུད་སྦྱོར་ཆགས་པའི་སླད། །དབང་བཞིའི་རྗེས་མཐུན་བསྐྱེད་རྫོགས་སྡོམ་པ་དང་། །སྦྱོར་དང་ཉེ་རྒྱུའི་བརྟུལ་ཞུགས་ལ་gབརྟེན་ནས། །ཁ་སྦྱོར་ཡན་ལག་བདུན་གྱི་གསང་བ་འཛིན། ༤༠ །ཁྱད་པར་སྐུ་གསུམ་སྟོན་པའི་ས་འཛིན་ལས། །ལེགས་འོང་ནང་རྒྱུད་སྡེ་གསུམ་དགའ་བའི་ཚལ། །སྙིགས་སྤྱོད་སོས་ཀའི་གདུང་བས་ཉམ་ཐག་ཡ ཚེ། །ཁྱོད་ཀྱི་ཐུགས་རྗེའི་ཆར་གྱིས་སླར་ལ་གསོས། ༡ །དེ་ལྟའི་རྣམ་ཐར་ཁོ་ནའི་སྤྲིང་ཡིག་ཀྱང་། །ཕྱོགས་ཀྱི་བུ་མོའི་རྣ་བར་བྱིན་པའི་མོད། །དད་དང་བཀའ་དྲིན་དྲན་པའི་མེ་ལྕེ་ཡིས། །སྙིང་ནས་གུས་པའི་ཆུ་གཏེར་མི་ཁོལ་སུ། ༤༢ །གང་ཞིག་དད་བརྩོན་བརྟུལ་ཞུགས་ལྡན་པ་ལ། །ཕན་ནུས་ཟབ་མོའི་དབང་གིས་སྨིན་བྱས་ནས། །རྟོགས་དང་དག་མཉམ་བདག་ཉིད་ཆེན་པོ་ཡིས། གཞི་འབྲས་རོ་གཅིག་བལྟ་བའི་གནས་ལུགས་མཐོང་། ༤༣ །འཆི་བར་སྐྱེ་བའི་བག་ཆགས་སྦྱོང་བའི་ལམ། །གཡོ་ཐོབ་གོམ་བརྟན་ཉམས་ལྔའི་ཕ་མཐར་སོན། །ཐབས་གྲོལ་ལམ་གྱི་བགྲོད་པ་ལ་བརྟེན་ནས། །རིག་འཛིན་རྣམ་པ་བཞི་ཡི་ཟློས་གར་རྩེན། ༤༤ །ལྟ་སྤྱོད་དཀྱིལ་འཁོར་དབང་དང་དམ་ཚིག་སྡོམ། །ཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་ཕྱག་རྒྱ་སྟེ། །རྒྱུད་ཀྱི་དངོས་པོ་རྣམ་བཅུར་དབང་འབྱོར་བས། །རྡོ་རྗེ་འཛིན་པ་ཡོངས་


JKT001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོས་སྒྱུར། ༤༥ །ཉེ་རྒྱུའི་སྤྱོད་པའི་ཐབས་མཁས་ལ་བརྟེན་ནས། །སློབ་པ་མིན་པའི་གོ་སར་མྱུར་སྤྱད་ཏེ། །སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་རྣམས། །རྟག་ཅིང་ཁྱབ་དང་ལྷན་གྲུབ་རོལ་པར་སྤྱོད། ༤༦ །རྒྱུད་དང་མན་ངག་རྗེས་སུ་འགྲོ་བ་ཡི། །དབང་བསྐུར་ཟབ་མོའི་འཇུག་པས་སྨིན་བྱས་ཏེ། །ཡུལ་དང་ཡུལ་ཅན་གཉིས་སུ་མི་ཕྱེད་པའི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དངོས་སུ་མཐོང་། ༤༧ །དེ་ཚེ་ཀུན་རྫོབ་དོན་དམ་དབྱེར་མེད་པའི། །ཟུང་འཇུག་ཐིག་ལེ་ཆེན་པོར་མཉམ་བཞག་པས། །ལྷན་སྐྱེས་བདེ་བའི་སྒྱུ་ཐབས་དང་འགྲོགས་པའི། །མངོན་སུམ་རིག་པའི་ཡེ་ཤེས་ཉིད་ལ་སྦྱོར། ༤༨ ། ཟླ་མེད་མྱུར་ལམ་རྐང་མགྱོགས་གྲུབ་པ་ཡིས། །ས་བཅུ་ལམ་ལྔའི་རྩེ་མོར་ལེགས་བགྲོད་དེ། །འབྲས་བུའི་ཆོས་ཁམས་ཉེར་ལྔར་དབང་འབྱོར་པའི། །རྗེས་སུ་རྣལ་འབྱོར་གནས་ལུགས་སྨྲ་ལ་མཁས། ༤༩ །མཚོན་བྱ་དོན་གྱི་ཆོས་ཉིད་རྗེན་པའི་དབྱིངས། །མཚོན་བྱེད་རྣམ་བཞིས་སྨིན་པར་བྱེད་པའི་ཆུས། །བརླན་པའི་མོད་ནས་གྲུབ་པའི་མེ་ཏོག་གིས། །ཡིད་དཔྱོད་ཐེག་པའི་མཛེས་པ་ཡོངས་སུ་ཕྲོགས། ༥༠ །འདི་ལྟར་འཁོར་དང་འདས་པའི་བྱེད་རྒྱུ་ཀུན། །སེམས་ཉིད་གཅིག་གི་རོལ་པ་ལས་བྱུང་བའི། །བརྗོད་བྲལ་གཉུག་མའི་རང་ཞལ་ལྟ་བའི་ལམ། །སེམས་ཕྱོགས་རྒྱུད་སྡེ་རྒྱ་མཚོ་ལེགས་པར་འཛིན། ༥༡ །ཆོས་


JKT001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཅན་འཇུག་ལྡང་མཐའ་ཀླས་ཀྱང་། །རང་གྲོལ་རིག་པ་ཀུན་ཏུ་བཟང་པོའི་ཀློང་། །འགྲོ་འོང་བྲལ་བའི་ངང་དུ་མཉམ་བཞག་པས། །དཔག་ཡས་ཀློང་དགུའི་ཟབ་དོན་འཆང་ལ་དབང་། ༥༢ །གཟོད་ནས་རྣམ་གྲོལ་ཀ་དག་རྡོ་རྗེ་སེམས། །ལྷུན་གྲུབ་མངོན་སུམ་མཐོང་བ་རྣམ་པ་བཞིར། །མི་ཕྱེད་འདྲེས་པའི་དབྱིངས་སུ་ངལ་བསོ་བ། །མན་ངག་སྙིང་པོའི་བསྟན་འཛིན་ཁྱོད་ཁོ་ན། ༥༣ །ལྷག་པར་འདའ་དཀའི་ཕྱག་རྒྱས་བཏབ་པ་ཡི། །མཆོག་གསང་གདམས་པའི་ཙིནྟ་མ་ཎི་ཡང་། །རྡོ་རྗེའི་བརྟུལ་ཞུགས་ཁོ་ནས་ཉེར་བླངས་པས། །གངས་ཅན་ཕན་བདེའི་དགའ་སྟོན་སྲིད་རྩེར་འཕེལ། ༥༤ །གང་ཚེ་ཡེ་ཤེས་གཟིགས་པའི་གཡར་ལམ་དུ། །འཕུར་འགྲོའི་སློབ་དཔོན་མངོན་སུམ་ཉིད་བསྙེན་ནས། །སྨིན་གྲོལ་སིམ་འོད་དཀར་པོས་སྙིང་བརླན་པས། །གྲུབ་གཉིས་ཀུནྡའི་ཐིག་ལེ་ཅི་དགར་དགོད། ༥༥ །གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས། །དགྱེས་པའི་ཞལ་བཟང་ལྷུག་པར་བསྟན་ནས་ཀྱང་། །རྡོ་རྗེ་ཡེ་ཤེས་འཕོ་བའི་དབང་བསྐུར་གྱིས། །ཤིན་ཏུ་ཕྲ་བའི་བདེན་དོན་ཉེ་བར་སྨིན། ༥༦ །དེ་སླད་ཚངས་སོགས་ཆེ་དགུས་རྟག་མཆོད་པའི། །ལྷར་བཅས་འགྲོ་བའི་བླ་མ་ཆེན་པོས་ཀྱང་། །ཞབས་ཀྱི་རྡུལ་ཕྲན་སྤྱི་བོར་བསྙེན་པ་དང་། །ཟབ་གསང་གདམས་པའི་བཀའ་དྲིན་དཔག་ཡས་བཟུང་། ༥༧ །རིགས་གཟུགས་ཐོས་དང་ཤེས་རབ་འབྱོར་


JKT001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཉེ་བར་མཐོ་བའི་མཆོག་དམན་མཐའ་ཀླས་པས། །བསྔགས་པའི་རྔ་ཡབ་དལ་བུར་གཡོབ་པ་ཡིས། །གྲགས་སྙན་རི་བོའི་ཁོངས་སུ་རླུང་ལྟར་རྒྱུ། ༥༨ །དེས་ཀྱང་མི་མཚོན་ཕྱོགས་དུས་འདྲེན་པ་དང་། །ཡེ་ཤེས་ཌཱ་ཀིའི་ཚོགས་ཀྱི་དད་ཕྱག་གིས། །ཉིན་བཞིན་བཏུད་པའི་ཡ་མཚན་ཟླ་ཤེལ་ལ། །གུས་པའི་སྟེང་འཐུང་མི་གྲོལ་ཤེས་ལྡན་སུ། ༥༩ །ཁྱད་པར་ངེས་དོན་སྙིང་པོའི་བཤད་སྒྲུབ་ཉིན་མོའི་སྣང་བ་ལྟར་གསལ་ཕྱིར། །འཁོར་ལོ་གསུམ་གྱི་ཕྱག་རྒྱས་མཛེས་ཤིང་རྡོ་རྗེའི་རྣལ་འབྱོར་ཆེར་གཞོལ་བའི། །ཨོ་རྒྱན་མཁའ་འགྲོའི་དགའ་ཚལ་གཉིས་པ་གངས་རིའི་ཁྲོད་དུ་འཕོས་པའི་གཏམ། །སྲིད་པའི་མཐའ་ཡང་ནུབ་པ་མེད་པ་སྨིན་གྲོལ་གྲུབ་པའི་གླིང་ཞེས་བསྐྲུན། ༦༠ །དེ་སོགས་ཚངས་པའི་བློ་ཡིས་དཔྱད་པས་ཀྱང་། །ཤིན་ཏུ་དཔག་དཀའི་རྣམ་པར་ཐར་པ་ལ། །ཚད་མེད་གུས་པའི་སྦྱོར་བ་ལས་བྱུང་བའི། །ཚོ ཐལ་མོའི་འདམ་སྐྱེས་ཟུམ་པའི་དད་ཕྱག་སྟོབ། ༦༡ །བླ་ན་ཡོད་དང་མེད་པའི་མཆོད་སྤྲིན་དང་། །ཁྱད་པར་གཞན་ཕྱིར་དམིགས་པ་ལ་གོམས་པའི། །བསླབ་གཞིའི་གཡར་དམ་སྙིང་ནས་ལེན་པ་ཡིས། །མགོན་ཁྱོད་བྱང་ཆུབ་བར་དུ་མཉེས་པར་བགྱིད། ༦༢ །ཡོངས་གྲུབ་སེམས་ཀྱི་རྡོ་རྗེའི་གཤིས་ལུགས་ལ། །གློ་བུར་དྲི་མས་ནོངས་པའི་སྒྲིབ་གཉིས་རྒྱུན། །རང་གྲོལ་རིག་པའི་གཤིས་སུ་མཉམ་བཞག་ནས། །


JKT001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འོང་མེད་པའི་ངང་དུ་ཡང་དག་མཐོལ། ༦༣ །འཕགས་དང་སོ་སྐྱེའི་རྣམ་དཀར་ཇི་སྙེད་དང་། །གང་གི་བསྔགས་འོས་ཡོན་ཏན་རྒྱ་མཚོའི་སྤྲིན། །གདུལ་བྱའི་བསོད་ནམས་མཁའ་ལ་ཉེར་དཀྲིགས་པར། །རྗེས་སུ་ཡི་རང་མདོངས་མཐའ་སྙིང་ནས་དགོད། ༦༩ །འགོག་བདེན་རྟག་པ་དམ་པའི་ནཱ་དའི་སྒྲ། །ལམ་བདེན་མིང་ཚིག་ཡི་གེར་འཕོས་པ་ཡིས། །འགྲོ་ཀུན་མ་རིག་གཉིད་ལས་བསླང་བགྱིད་ཕྱིར། །མཐའ་ཀླས་སྡེ་སྣོད་རྒྱལ་རྔ་བརྡུང་བར་མཛོད། ༥ །གང་ཞིག་སྐྱེ་བའི་འཇུག་པ་མ་དམིགས་ན། །དེ་ལ་འགགས་པའི་ཕ་མཐར་སུ་ཡིས་དྲང་། །དེ་ཕྱིར་འཆི་མེད་གཉུག་མའི་རྡོ་རྗེ་རུ། །བརྟན་པར་མཛོད་ཅིག་ཕྱོགས་བཅུའི་རྒྱལ་བ་ཀུན། ༦༦ །འདི་ལྟར་བསགས་ལས་གྲུབ་པའི་དགེ་ཚོགས་གང་། །དམིགས་པའི་མཚན་མ་ཕྲ་མོར་བགྱིད་མཛད་པ། །སྲས་བཅས་རྣམ་འདྲེན་ཀུན་གྱི་ཡོངས་བསྔོ་དང་། །འཇུག་པ་མཉམ་པ་ཉིད་དུ་འདྲེས་གྱུར་ཅིག ༦༧ །དེ་མཐུས་བདག་གཞན་ཡིད་ཅན་རྡུལ་སྙེད་ཀུན། །སྲིད་པའི་ཕ་མཐར་འགྲིམ་པ་དེ་སྙེད་དུ། །དལ་འབྱོར་རིན་ཆེན་སྙེ་མ་གཡུར་ཟ་བས། །དོན་གཉིས་འདོད་པ་ལྷུག་པར་འཇོ་བར་ཤོག ༦༨ །ཁྱད་པར་བཅོས་མིན་ངེས་འབྱུང་སྙིང་རྗེ་དང་། །མི་ཕྱེད་དད་པ་མཆོག་གིས་ལེགས་བསྐུལ་ཏེ། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་གྱི། །ཞབས་རྡུལ་གཙུག་གི་ནོར་བུར་


JKT001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གྱུར་ཅིག ༦༩ །ཐོག་མའི་འཇུག་སྒོ་བག་མེད་འགོག་པའི་ལམ། །ཡོན་ཏན་གཞི་རྟེན་སོ་སོར་ཐར་པ་ནི། །ཡང་དག་བླངས་ལ་ཉེས་པའི་སྐྱོན་བྲལ་ཞིང་། །དྲི་མེད་ཚུལ་ཁྲིམས་ཕུང་པོ་གོང་འཕེལ་ཤོག ༧༠ །གང་ན་སྲས་བཅས་རྒྱལ་བ་འཁྲུངས་པའི་གཞི། །སྨོན་འཇུག་བྱང་ཆུབ་སེམས་ལ་ལེགས་གོམས་པས། །ལམ་ལྔ་ས་བཅུའི་ཕ་མཐར་ཕྱིན་ནས་ཀྱང་། །བྱང་ཆུབ་སྙིང་པོ་མངོན་དུ་བརྙེས་གྱུར་ཅིག ༧༡ །ཟབ་གསང་སྨིན་བྱེད་དབང་བཞིའི་གྲུ་ཆར་གྱིས། །རང་རྒྱུད་ཞིང་ས་གཤིན་པོ་བརླན་པ་དང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལ། །ཉེས་པར་སྤྱོད་པའི་གདུང་བ་ལས་བརྒལ་ཤོག ༧༢ །ཐ་མལ་སྣང་ཞེན་སྒྱུ་འཕྲུལ་དྲ་བའི་སྐུར། །རྣམ་བཞིས་བསྐྱེད་པའི་འགྲོས་ཀྱིས་བྱང་ཆུབ་པས། །ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་བླ་མའི་ཞལ། །འདུ་འབྲལ་མེད་པའི་ངང་དུ་མཇལ་གྱུར་ཅིག ༧༣ །ཕྲ་མའི་རྩ་ཡི་འཕོ་ཆགས་རྒྱུ་དང་བཅས། །ཟག་མེད་དྷ་ཏིའི་སྦུབས་སུ་འཇུག་པ་ཡིས། །གདན་གསུམ་གྲུབ་པ་ཧེ་རུ་ཀ་ཡི་གྲོང་། །བདེ་ཆེན་ཌཱ་ཀིའི་དགའ་མས་འཁྱུད་པར་ཤོག ༧༤ །ཀོ་ཊ་ཁུ་སོགས་འགྲོ་དང་ལྡོག་པ་ཀུན། །འོད་གསལ་དབུ་མའི་དཔའ་བོར་ཕྱག་བྱས་པས། །མི་ཤིགས་རྡོ་རྗེ་ནཱ་དའི་མཁའ་དབྱིངས་སུ། །གྲགས་སྟོང་སྔགས་ཀྱི་རོལ་མོར་འཁྲོལ་གྱུར་ཅིག ༧༥ །ཆར་ཡང་འཕོ་འཛག་སྤྲོས་པ་ལས་གྲོལ་


JKT001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཛ་ལནྡྷ་རའི་རྩེ་མོར་འཆིང་བ་ཡིས། །ཞུ་བདེའི་ཉམས་བརྒྱས་སྒེག་པའི་དེ་ཁོ་ནས། །རླུང་སེམས་ས་བོན་ཡོངས་སུ་བཅོམ་པར་ཤོག ༧༦ །ཁྱད་པར་ཡེ་ཤེས་སྐུ་ཅན་བླ་མ་ཡིས། །དོན་གྱི་དབང་བསྐུར་སྙིང་དབུས་བྱིན་པ་ལས། །ལྷན་སྐྱེས་ཀ་དག་བརྗོད་དུ་མེད་པའི་གཤིས། །དུས་གསུམ་དུས་མེད་ཆེན་པོར་མཇལ་གྱུར་ཅིག ༧༧ །དེ་ཚེ་སྣ་ཚོགས་རྟོག་པའི་འཕྲོ་འདུ་ཀུན། །གྲོལ་ལུགས་ཆེན་པོ་རྣམ་ལྔར་ཐིམ་པ་ལས། །ཅོག་བཞག་རྣལ་འབྱོར་བཞི་ཡི་ཉམས་ལེན་གྱིས། །གཞི་གྲོལ་གཉུག་མའི་གཏན་སྲིད་ཟིན་པར་ཤོག ༧༨ །མངོན་སུམ་ཆོས་ཉིད་མཐོང་ཞིང་གོམས་པ་ལས། །འཇའ་ཟེར་ཐིག་ལེའི་ཉམས་སྣང་གོང་འཕེལ་ཞིང་། །སྐུ་དང་ཡེ་ཤེས་རིག་པ་ཚད་ལ་ཕེབས། །ཆོས་ཀུན་ཟད་པའི་ཕ་རོལ་སོན་གྱུར་ཅིག ༧༩ །གལ་ཏེ་གོམས་པ་སྟོབས་སུ་མ་གྱུར་ན། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །འཆི་བ་འོད་གསལ་དོན་གྱི་མེ་ནཱ་ཀས། །རིང་དུ་འཁྱུད་པའི་རྩེ་དགས་སྐྱོང་བར་ཤོག ༨༠ །དེ་ལས་ཆོས་ཉིད་བར་དོའི་སྣང་ཆ་ནི། །ཐིམ་ལུགས་བརྒྱད་ཀྱི་རོལ་པར་འཆར་སྲིད་ན། །ཐམས་ཅད་རིག་པའི་རྩལ་དུ་ངོ་ཤེས་པས། །མི་ཕྱེད་འདྲེས་པའི་ངལ་བསོ་སྦྱིན་གྱུར་ཅིག ༨༡ །འོན་ཀྱང་ལས་ཀྱི་གཞན་དབང་ལ་འཆེལ་བས། །རླུང་སེམས་སྒྱུ་མའི་ཕུང་པོར་གྲུབ་པའི་ཚེ། །ཁྱབ་བདག་བླ་མའི་ཐུགས་རྗེའི་ཕོ་ཉ་ཡིས། །རང་


JKT001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྲུལ་པའི་ཞིང་དུ་འཁྲིད་པར་ཤོག ༨༢ །གཞན་ཡང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བཤད་སྒྲུབ་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པས། །འགྲོ་ཀུན་ཕན་བདེའི་དགའ་བས་སྙེམས་གྱུར་ཅིག ༨༣ །དེ་མཐུས་ཕྱི་སྣོད་འབྱུང་བའི་དཔྱིད་དཔལ་སྙོམས། །ནང་བཅུད་འགྲོ་རྣམས་དགེ་བཅུའི་སྤྱོད་པས་འཚོ། །ལྷར་བཅས་རྫོགས་ལྡན་གསར་པའི་དུས་སྟོན་ལ། །ངོམ་པ་མེད་པར་ཡོངས་སུ་སྤྱོད་པར་ཤོག ༨༤ །མདོར་ན་འགྱུར་བཅས་སྲིད་པའི་ཆོས་ཁམས་འཕོ་མེད་དབུ་མར་བསྡམས་པའི་སྐུ། །འཇུག་དང་ལྡང་བའི་རྒྱུ་བ་ཇི་སྙེད་མི་ཤིགས་ནཱ་དར་ཐིམ་པའི་གསུང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྡུལ་བྲལ་སྐྱེ་དང་འཇིག་པ་སྤངས་པའི་ཐུགས། །རྗེ་བཙུན་བླ་མའི་རྣམ་ཐར་རྒྱ་མཚོ་འགྲོ་བ་ཀུན་གྱིས་གྲུབ་གྱུར་ཅིག ༨༥ །དེ་ལྟར་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་བ གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་ཞེས་བྱ་བ་འདི་ནི། སྒྱུར་བྱེད་ཀྱི་ལོའི་སྨལ་པོ་ཟླ་༡༡པའི་དཀར་པོའི་ཕྱོགས་ཀྱི་དགའ་བ་དང་པོ་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན། ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་བླ་བྲང་ཆོས་འཁོར་ལྷུན་པོར་མགོན་པོ་གང་གི་གསང་བ་གསུམ་གྱི་བྱིན་རླབས་མཆོག་ཏུ་འབར་བའི་མཆོད་སྡོང་རིན་པོ་ཆེའི་མདུན་དུ་ཚོགས་ཀྱི་འཁོར་ལོའི་འདུ་བས་མཆོད་ཅིང་དབང་བླངས་པའི་ཚེ་ན། བཅོས་མིན་མོས་གུས་དྲག་པོས་མཚམས་སྦྱར་ཏེ་


JKT001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭ་དེ་ཉིད་ཀྱི་འདབས་རོལ་ཏུ་རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་རང་ལོ་ཉི་ཤུ་པར་གཙུག་ལག་སྨྲ་བའི་ཉི་མས་སྣང་གསལ་ཆུང་ངུ་ཞིག་གི་ངོགས་སུ་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་ལས། སླར་ཡང་ཅུང་ཟད་གསལ་བར་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


previousགཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་།next