Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས།
   
   
   
   
   
   
   
   
   
   
   
   


 
previousདཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས།next

དཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས།


JKT020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ། ཨཀྟརསདཱསཧིནྡྷནཱདྷཱཏབརཾབིལྕཌནིནྣཱཀཱཡཡེ༔ ཛཱ་ཏི་འཕགས་མའི་དབྱངས་སོ། །སཾཔུཎཤཱསནཱཙྪེརྨཧཱརབིབནཱཡབཛ྄དྷརཏཱཛཡནྟུ། །འགྱུར་མེད་རྟག་པ་དམ་པའི་ཡེ་ཤེས་ནི། །རྨད་བྱུང་སྤྲུལ་པ་མཆོག་གི་རྣམ་རོལ་ཅན། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་སྣང་བྱེད་ཆེ། །རྣམ་འདྲེན་རྡོ་རྗེ་འཆང་དངོས་རྒྱལ་གྱུར་ཅིག ༡ །རིགས་ཀྱི་རང་བཞིན་བྲལ་དང་སྨིན་པ་ཡི། །ཡོན་ཏན་མཆོག་གིས་ལྕི་བའི་


JKT020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དཀར་གྱིས། །དྭངས་པའི་བློ་གྲོས་པདྨོ་ཁ་ཕྱེས་པས། །བསྔགས་བརྗོད་མགྲིན་པའི་རྒྱུད་མང་ཅུང་ཟད་བརྡུངས། ༢ །གང་ཚེ་བསོད་ནམས་བྱེ་བའི་འདུ་འགོད་དང་། །ཡེ་ཤེས་གཟིགས་པ་དྲི་མེད་ཟུང་འཇུག་པའི། །རང་གཟུགས་མཚན་དཔེའི་ཉི་མ་སྲིད་པ་འདིར། །ཤར་བ་ཙམ་གྱིས་དགེ་ལེགས་སྣང་བ་རྒྱས། ༣ །དེ་ཚེ་ལུང་གི་ཨུཏྤལ་དར་བབས་རྩེར། །རྟོགས་པའི་སྦྲང་རྩི་འཇོ་བས་ཡིད་ཅན་ཀུན། །ཐར་པ་དམ་པའི་ངལ་འཚོ་ལ་སྦྱར་བས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་རྣམ་ཐར་རྫོགས། ༤ །ཕྲ་རབ་རྡུལ་གྱི་ཆོས་ཉིད་ལས་འདས་པ། །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་དབྱིངས། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེར། །མཁྱེན་པ་གཉིས་ཀྱི་མཚར་སྡུག་ཅིར་ཡང་འབར། ༥ །བསླབ་དང་གྲོལ་བའི་པདྨའི་ནགས་ཀླུང་ནི། །ཏིང་འཛིན་བདུད་རྩིའི་བརླན་གྱིས་བསྐྱེད་བསྲིངས་པས། །མངོན་དང་ལྐོག་དང་ཤིན་ཏུ་ལྐོག་གྱུར་གྱི། །ཤེས་རབ་འབྲས་བུས་དུད་པ་བདག་གིར་མཛད། ༦ །ཀློག་སྤངས་བྱ་བ་ལས་ཀྱི་བརྟུལ་ཞུགས་ཀྱིས། །རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེའི་ཐེག །ཉིན་ལ་ཉིན་མོ་བཞིན་དུ་གསལ་མཛད་པའི། །བྱེད་པོ་ཁྱོད་ལས་གཞན་དུ་དམིགས་སུ་མེད། ༧ །མདོར་ན་མངོན་སུམ་ཉིད་དང་རྗེས་དཔག་བློས། །བསྔགས་འོས་ཚངས་པའི་བློས་ཀྱང་གཞལ་དཀའ་བར། །སྒོ་གསུམ་ཤིན་ཏུ་གུས་པའི་དད་


JKT020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱར་རྟག་ཏུ་བསྙེན། ༨ །དངོས་དང་ཡིད་ཀྱི་འདུ་བྱས་མཆོད་སྤྲིན་ནི། །ཀུན་བཟང་རྣམ་པར་འཕྲུལ་པས་མདུན་བདར་ཏེ། །བྱང་ཆུབ་སེམས་གཉིས་བཟུང་བའི་གཡར་དམ་གྱིས། །རྒྱལ་བ་དགྱེས་པའི་ལམ་སྲོལ་གཅིག་ཏུ་དབྱེ། ༩ །ཟླ་ཤེལ་བདུད་རྩི་བྱེ་བའི་འཛུམ་འོད་དང་། །རིན་ཆེན་སྣང་བས་འཕྲོག་མིན་སྡིག་ལྟུང་སྒོ། །མུན་ལས་མུན་པར་གྱུར་གང་སྟོབས་བཞི་ཡི། །ཉིན་མོར་བྱེད་པའི་གཟི་ཡིས་ཡུད་ལ་སྦྱར། ༡༠ །གང་གི་ཚོགས་གསུམ་ཡོན་ཏན་བྱེ་སྙེད་དང་། །འཕགས་དང་སོ་སྐྱེའི་ལེགས་སྤྱད་འཛའ་ན་མོར། །ཡི་རང་ཟུར་མིག་འཕེན་པའི་དེ་མ་ཐག ། བསོད་ནམས་ཕུང་པོའི་བརྟན་པ་བདག་གིར་བགྱིད། ༡༡ །ཇི་ལྟར་ཚ་བས་གདུང་ལ་ག་བུར་དང་། །སྣང་མིན་ལམ་དུ་འཕྱན་ལ་སྒྲོན་མེ་བཞིན། །རིགས་ཅན་གསུམ་གྱི་དབུལ་བ་བསལ་བའི་སླད། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་མཛོད། ༡༢ །ལྷག་པར་ཕན་བདེའི་སྨན་ལྗོངས་ཉམས་དགའ་བ། །མཛེས་སྟེར་བཤད་སྒྲུབ་ཆར་ཆེན་འབེབས་མཁས་པ། །སྔོན་མེད་གདེངས་ཅན་དབང་པོ་ཁྱོད་ཉིད་ཕྱིར། །བསྐལ་པ་རྒྱ་མཚོར་འཚོ་གཞེས་འབར་གྱུར་ཅིག ༡༣ །དེ་ལྟར་བསགས་ལས་བྱུང་བའི་རྣམ་དཀར་དང་། །དུས་གསུམ་ལེགས་བྱས་ཕུང་པོ་ཇི་སྙེད་ཀུན། །དམིགས་པའི་འཛིན་སྟངས་དབུ་མར་བསྙིལ་བ་ཡིས། །


JKT020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙིང་པོའི་རྒྱ་མཚོར་འཇུག་པར་བགྱི། ༡༤ །དགེ་ལེགས་དཔལ་གྱི་དུམ་བུས་འཇིག་རྟེན་གྱི། །རྨོངས་པའི་རབ་རིབ་མཐའ་དག་འཕྲོག་བྱས་ཏེ། །མཁྱེན་གཉིས་ལང་ཚོ་རྒྱས་པས་ས་གསུམ་ན། །བཀྲ་ཤིས་སྣང་བས་རྟག་ཏུ་མཛེས་གྱུར་ཅིག ༡༥ །སླར་ཡང་འཇིག་རྟེན་དགེ་བའི་ཕུལ། །དཀར་པོའི་ཕྱོགས་ཀྱི་ཟླ་ཤེལ་བཞིན། །གང་ཞབས་བསྐལ་བརྒྱར་འཚོ་གཞེས་སླད། །ཤིས་པའི་མེ་ཏོག་འདི་སྐད་ཡཱའཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། རྒྱུ་དང་འབྲས་བུ་གཉིས་སུ་མི་ཕྱེད་པའི། །ཚོགས་གསུམ་བྱེ་བས་བསྐྲུན་པའི་མཚན་དཔེའི་སྐུ། །ཁྱབ་ཅིང་རྟག་པ་དམ་པའི་བདག་ཉིད་དུ། །འཆི་མེད་གྲུབ་པའི་དགེ་མཚན་འབར་གྱུར་ཅིག ༡ །ཡེ་ཤེས་རྒྱ་མཚོ་ལས་བྱུང་དམ་པའི་ཆོས། །འདོད་འབྱུང་ནོར་བུའི་རེག་བྱས་ལྷ་དང་མིའི། །ཕོངས་པ་གཅིག་ཅར་འཕྲོག་པའི་གྲགས་སྙན་གྱིས། །ཡིད་སྲུབས་སྡེར་བཅས་ཁེངས་པ་བསྙིལ་བར་མཛོད། ༢ །སྣང་གསུམ་འཕོ་བའི་བག་ཆགས་རྒྱུན་བཅས་པ། །ཨེ་ཝཱ་མཱ་ཡཱའི་ཕྱག་རྒྱར་བསྡམས་པ་ལས། །མཁའ་ཁྱབ་མཁའ་ལྟར་རབ་ཞི་གཉུག་མའི་ངང་། །སྐྱེ་འགགས་མཚན་མའི་སྤྲོས་པ་སིམ་གྱུར་ཅིག ༣ །མདོར་ན་ཡོངས་རྫོགས་བསྟན་འགྲོའི་ཉི་མ་མཆོག །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་ནས། །འཇིག་རྟེན་གསུམ་ན་གྲགས་པའི་སྣང་བ་ཡིས། །ཐར་བདེའི་པདྨོ་ཅི་ཡང་རྒྱས་པར་


JKT020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག ༤ །གང་ཞིག་མཚོན་གྱི་ཡི་གེས་རེག་པས་འདི་གཏན་ཕོངས་པ་སེལ་བ་ལ། དཔག་བསམ་རྐང་པས་འཐུང་བས་མཚོན་མིན་མཆོག་གསུམ་འདུས་ཞལ་བླ་མ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །རྫོགས་ལྡན་གཞོན་ནུའི་དཔལ་གྱིས་འབྱོར་པའི་དགེ་མཚན་དུས་སྟོན་འབར་གྱུར་ཅིག །ཅེས་པའང་གསང་བདག་གྲུབ་པའི་དཔྱིད་རྨོག་སྟོན་རྡོ་རྗེ་འཆང་ཆེན་པོའི་བཀའི་ཅོད་པན་སྤྱི་བོར་བཅིངས་པ་ལས་རིག་པར་སྨྲ་བའི་ཆུ་སྐྱེས་གཞོན་ནུའི་བློ་གྲོས་ཀྱི་འདབ་མ་ལས་ཕྱུང་བའོ།། །།


previousདཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས།next