Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བོད་དུ་འགྱུར་བ་རགས་རིམ་ཙམ།
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབོད་དུ་འགྱུར་བ་རགས་རིམ་ཙམ།next

བོད་དུ་འགྱུར་བ་རགས་རིམ་ཙམ།

བོད་དུ་འགྱུར་བ་རགས་རིམ་ཙམ་ནི།

སོ་ཐར་གྱི་མདོ། འདུལ་བ་ལུང་སྡེ་བཞི། གདགས་པའི་བསྟན་བཅོས། མདོ་སྡེ་ལས་བརྒྱ་པ། རྟེན་འབྲེལ་གྱི་མདོ། དོན་དམ་ངེས་པའི་མདོ་སོགས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མདོ་ཆེ་ཆུང་བསྡོམས་པ་ལྔ་བཅུ་ཙམ་ཡོད་པར་གདའ། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་འཁོར་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པའི་ཐེག་པ་ཆེན་པོའི་གདུལ་བྱ་རྣམས་ལ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བའི་བརྗོད་བྱ་དང༌། རྒྱལ་པོའི་ཁབ་དང་ཡངས་པ་ཅན་སོགས་སུ་བྱང་ཆུབ་སེམས་དཔའ་བློ་གྲོས་མཆོག་དང་ལྡན་པ་གཙོ་བོར་གྱུར་པ་རྣམས་ལ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་བསྐོར་བའི་བརྗོད་བྱ་ནི། བསམ་པ་གཞན་ཕན་བྱང་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་དངོས་བཞི། ལྟ་བ་བདག་མེད་གཉིས། བསྒོམ་པ་རྣམ་པར་མི་རྟོག་པ་སྟེ། དེ་རྗོད་བྱེད་གསུང་རབ་ནི་འབུམ་ཉི་ཁྲི་བརྒྱད་སྟོང་པ་སོགས་བཀའ་བར་པ་ཤེར་ཕྱིན་རྒྱས་འབྲིང་བསྡུས་པ་རྣམས་དང༌། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་གསུམ་སྟོན་པ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དགོངས་པ་ངེས་འགྲེལ་སོགས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་སྟོན་བྱེད་མདོ་ཉི་ཤུ་ཙམ་ཡོད་པ་དང༌། གཞན་ཡང་ཀུན་མཛེས་འདུས་པ་ཆེན་པོ། སྡོང་པོ་བཀོད་པ། ཕལ་ཆེན། སྐལ་བཟང༌། མ་སྐྱེས་དགྲའི་འགྱོད་ཚངས་བསལ་བ་སོགས་མང་པོ་དག་འཁོར་ལོ་ཐ་མའི་མདོ་ཡིན་པར་བཞེད། འཁོར་ལོ་བར་ཐ་གཉིས་བསྡོམས་པར་ཐེག་ཆེན་གྱི་མདོ་ཞེས་གྲགས་ཤིང༌། ཡོངས་སྒྲིལ་སུམ་བརྒྱར་ཉེ་བ་ཙམ་བཞུགས་པ་ཡིན་འདུག །འཁོར་ལོ་བར་ཐ་གཉིས་སྤྱོད་པ་ཕར་ཕྱིན་བཅུ་སོགས་ཁྱད་པར་མེད་ཀྱང་ནང་ཚན་དུ་ཐེག་པ་ཆེན་པོ་དབུ་སེམས་གཉིས་ཡོད་པས། སེམས་ཙམ་པ་རྣམ་རིག་ཙམ་ལ་མཐའ་དྲུག་ཏུ་འདོད་པ་དང༌། དབུ་མ་པ་སྤྲོས་བྲལ་དུ་འདོད་པ་སོགས་དང༌། གཞན་ཡང་སེམས་ཙམ་པའི་ནང་ཚན་དུ་རྣམ་བདེན་དང་རྣམ་རྫུན། དབུ་མ་པ་ལ་ཡང་ཐལ་འགྱུར་བ་དང་རང་རྒྱུད་པ། ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པས་དོན་དམ་ཀྱང་རང་གི་ངོ་བོས་སྟོང་པའི་རང་སྟོང་པ། ཀུན་རྫོབ་ཀྱི་ཆོས་རྣམས་དཔྱད་བཟོད་པས་རང་གི་ངོ་བོས་སྟོང་ལ། དོན་དམ་གནས་ལུགས་འགྱུར་མེད་ཡོངས་གྲུབ་སྲ་བརྟན་གཡུང་དྲུང་དཔྱད་མི་བཟོད་པས་རང་གི་ངོ་བོས་སྟོང་མི་དགོས་པའི་དོན་དམ་སྟོང་ཉིད་ཅེས་གཞན་སྟོང་ལུགས་སུ་གྲགས་པ་འདི་ཉིད་ད་ལྟའི་སྐབས་སུ་བློའི་ཡུལ་ལམ་ཚིག་ཏུ་བརྗོད་པའི་སྐབས་སུ་དགག་སྒྲུབ་མི་མཐུན་པ་འདུག་ཀྱང༌། མཉམ་པར་བཞག་པའི་ཚེ་གཞན་སྟོང་ཇི་ལྟ་བ་བཞིན་དུ་གནས་ལུགས་བརྗོད་བྲལ་ལམ་སྤྲོས་བྲལ་ལ་མཐུན་འགྲོ་བས་མཉམ་པར་འཇོག་པའི་སྐབས་ཀྱང་བློའི་རི་མོ་ཐམས་ཅད་སྟོང་ཉིད་དུ་ཐག་བཅད། ཡོད་མེད་རྟག་ཆད་སྟོང་མི་སྟོང་ཐམས་ཅད་ལས་འདས་པའི་གསལ་སེང་ངེ་རྗེན་ནེ་ལྷན་ནེ་ལྷོད་དེ་ཤིག་གེ་བསྐྱང་བ་རང་རིག་རྗེན་པར་རྟོགས་པའི་འཇོག་བསྒོམས་སྐབས། ཉམས་སུ་བླངས་ན་ཐམས་ཅད་མཐུན་པས། དོན་དམ་ལ་ནི་ཁྱད་པར་མེད་དོ། །བསྒོམས་ཤིང་རྟོགས་ན་མཐུན་འགྲོ། ཞེས་གསུངས་པའི་ཕྱིར་རོ། ། སྤྱིར་གྲུབ་མཐའ་འོག་མ་འོག་མ་གོང་མ་གོང་མའི་ལྟ་གྲུབ་གཏན་ལ་ཕབ་ཕྱིར་དུ་བཤད་ནས་གྲུབ་མཐའ་གོང་མ་ལ་རིམ་གྱིས་ཁྲིད་དགོས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཡང་ལང་ཀར་གཤེགས་པའི་མདོར་ཡང༌། གནས་སྐབས་སུ་སེམས་ཙམ་སྟོན་མོད་ཀྱི། མཐར་དེ་ལས་ཡང་དག་པར་འདས་ནས་སྣང་མེད་དབུ་མ་དང༌། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མ་སྟོན་ཅིང༌། དེ་ལ་མ་བསླེབས་ན་ཐེག་ཆེན་གྱི་དོན་ཟབ་མོ་མི་མཐོང་བར་གསུངས་ཏེ།ཇི་སྐད་དུ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །༼ཀུན་རྫོབ༽སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་༼པའི་མཐའ༽དམིགས་པ་ལ་བརྟེན་ནས། ། སྣང་བ་མེད་༼པ་ཙམ༽ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་༼པ་ཙམ་ལ༽གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། གང་གི་ཚེ་ན་འདུས་བྱས་རྣམས་༼ཀྱི༽། །དམིགས་༼པ་ཡུལ༽དང་དམིགས་པར་བྱེད་༼པ་ཡུལ་ཅན་དང༽བྲལ་ཞིང༌། །༼ཀུན་རྫོབ་ཀྱི༽སེམས་མེད་༼པའི་གཞི་དོན་དམ་གྱི༽སེམས་ཙམ་མཐོང་བ་ལ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཙམ་ནི་ངོ་བོ་ཉིད་ཀྱི་དབྱིངས།༼དང་འདུས་མ་བྱས་ཡིན་པས༽།རྐྱེན་དང་དངོས་པོ་སྤངས་པ་སྟེ། །མཐར་ཕྱིན་ངོ་བོ་༼ཉིད་ཀྱི་སྐུ༽ཚངས་བའི་མཆོག །༼སྐུ་རྡོ་རྗེ་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས༽དེ་ལ་ངས་ནི་ཙམ་ཞེས་བཤད་ཅེས་འདུས་བྱས་ཀྱི་ཡུལ་དང་ཡུལ་ཅན་དང་རྐྱེན་དང་བྲལ་ཞིང་ཀུན་རྫོབ་ཀྱི་སེམས་མེད་པའི་གཞི། དོན་དམ་པའི་སེམས་ངོ་བོ་ཉིད་ཀྱི་དབྱིངས་དང་སྐུ་རྡོ་རྗེ་ཚངས་པའི་མཆོག་ལ་སེམས་ཙམ་དུ་གསུངས་པ་དང༌། ཞེས་གསུངས་སོ། །གཞན་ཡང་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང༌། ཕུང་པོ་༼རྣམས༽་རྣམ་༼པར༽་དཔྱད༼ན་རང་རང་ངོ་བོས༽སྟོང་བ་རྣམས། ༼བཅོས་མ་གློ་བུར་པ་ཡིན་པས༽། ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་༼མ་བཅོས་གཉུག་མ་ནི་སྙིང་པོ་མེད་པ༽དེ་ལྟར་འགྱུར༼བ༽་མ་ཡིན།༼གྱི་སྙིང་པོའི་མཆོག་ཡིན་པས་དེ་ནི༽ །སྐྱེས་པ་མེད་པ་འགགས་མེད་པའི། །ཤེས་བྱ༼གཞན་མཆོག་ཕ་རོལ༽གང་ཞིག་འདིར༼ཡེ་ཤེས་ཀྱིས༽་མཐོང་བ། །༼ཆོས་རྣམས་ཀྱིས༽སྟོང་པའི༼གཞིའི༽་དངོས་པོའི་སྟོང་པ་༼ཆོས༽ཉིད། ༼དེ་དེ་ནི་ཀུན་རྫོབ་ཀྱི༽། ཕུང་པོ་རྣམས་རྣམ༼པར༽་དཔྱད་༼ན་ཅིར་ཡང་མ་གྲུབ་ཙམ་ཆད་པའི་སྟོང༽པ་མིན། །ཞེས་དང༌། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ལས། ཕ་རོལ་རྒོལ་བ་ཟློག་པ་དང༌། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རིགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང༌། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །ཞེས་པ་ལ་སོགས་པ་རྣམ་པ་མང་པོས་རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་༼མཐར་ཐུག༽ཡང་ཡང་གསུངས་པའི་ཕྱིར་རོ། །ལུང་དེ་དག་གིས་གྲུབ་མཐའི་མཐར་ཐུག་གཞན་སྟོང་དབུ་མའི་གྲུབ་མཐའ་ཡིན་པར་གྲུབ་པའོ། །བསོད་ནམས་ཆུང་བ་དག་གིས་ཐེ་ཚོམ་ཙམ་ཡང་སྐྱེ་དཀའ་ལ། སྐྱེ་ན་དོན་ཆེ་སྟེ། དབུ་མ་བཞི་བརྒྱ་པར་ཡང༌། བསོད་ནམས་ཆུང་ངུས་༼མཐར་ཐུག་ཟབ་མོའི༽ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་སྐྱེས་པ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །ཞེས་གསུངས་སོ། །ཁ་ཅིག་གིས་ཇོ་ནང་བས་ཆོས་ཉིད་སྒྲུབ་པ་རང་དབང་བར་འདོད་པར་བཤད་པ་ཆེས་མི་འཐད་དེ། ཆོས་ཉིད་དེ་བཞིན་གཤེགས་པའམ་གཞན་སྟོང་ནི་སྒྲུབ་པ་རང་དབང་བ་མ་ཡིན་པར་དགག་པ་ཡིན་ལ། དགག་པ་གཉིས་ལས་མ་ཡིན་དགག་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས། དགག་པའི་རྟག་པ་བདེན་སྤྱི་ཙམ་དེ་ཡང་མིན། སྒྲུབ་པ་རང་དབང་ཅན་གྱི་རྟག་པ་དེ་འདྲར་འདོད་པའང་མིན། འདི་ནི་སྤྲོས་བྲལ་ཏེ། དངོས་པོ་སྒྲུབ་པ་མི་རྟག་པ་དང། དངོས་མེད་དགག་པ་རྟག་པ་གཉིས་ཀ་ལས་གྲོལ་བའི་དབྱིངས་འགྱུར་མེད་དེ་ཡིན། ཞེས་དང། རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། དོན་དམ་རང་གི་ངོ་བོས་སྟོང་པར་ལྟ། །གསུངས་པའི་དགོངས་པ་དོན་དམ་ལ་དམིགས་ནས། །བློ་ཡིས་བཟུང་ལྟར་མ་གྲུབ་པ་ལ་དགོངས། །ཅེས་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ང་སྙམ་པ་ཤར་དུས་ཕྱི་ནང་གི་དངོས་པོ་གཞན་སུ་དང་ཡང་མ་འདྲེས་པའི་ཁོ་རང་གི་ངོ་བོ་ཚུགས་ཐུབ་ཅིག་ཡོད་པའི་ཁུངས་སུ་སྣང་བ་དེ་གཅིག་པུར་འཛིན་པ་ཡིན། ཇི་ལྟར་རིགས་པའི་ལོངས་སྤྱོད་དམ། རྫས་སམ་འཁོར་ལ་རང་ཉིད་བདག་པོའི་ཚུལ་དུ་ཡོད་པ་ལྟར་སྣང་བ་དེ་རང་དབང་ཅན་དུ་འཛིན་པ་ཞེས་བྱ་བ་ཡིན། འཛིན་སྟངས་ཀྱིས་དེ་ལྟར་བཟུང་ཡང་དེ་ལྟ་བུར་མ་གྲུབ། ཅེས་དང༌། ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་དེ་ནི་དགག་སྒྲུབ་དང་དངོས་པོ་དངོས་མེད་དང་ཡོད་མེད་ཡིན་མིན་གྱི་མཐའ་ལས་འདས་པ་དོན་དམ་འདུས་མ་བྱས་པ་ཡིན་པའི་ཕྱིར། དངོས་པོ་སྒྲུབ་པ་རང་དབང་ཅན་མིན་མོད། རྒྱུ་མཚན་མེད་ཀྱང་དངོས་པོར་འགྱུར་རོ་ཞེས་ནན་གྱིས་འཕུལ་བར་བྱེད་ན་ནི་ཧ་ཅང་ཐལ་བའི་དབང་གིས་སྤྱོད་པ་སྟེ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཉིད་ནི་སྟོང་གཞི་དང་མ་ཡིན་དགག་ཡིན་གྱི་སྟོང་ཙམ་དང་མེད་དགག་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། གནས་ལུགས་ཟབ་མོ་ལ་སྐྱོན་ཐམས་ཅད་རང་བཞིན་གྱིས་མེད་ཅིང་མ་གྲུབ་པས་རྣམ་གཅོད་དང་དགག་པ་དང་སྤངས་པ་རང་བཞིན་པ་ཚང་ཞིང། དེ་དག་གི་གཞི་ལ་ཆོས་ཉིད་ཀྱི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་ཚང་བས་ཡོངས་གཅོད་དང་སྒྲུབ་པ་དང་མ་ཡིན་དགག་ཏུ་གྱུར་པའི་རྟོགས་པ་རང་བཞིན་པ་གདོད་ནས་ཚང་བར་ཡང་ཡང་བཤད་ཅིང་འཆད་པར་འགྱུར་བའི་ཕྱིར་དང། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་མ་ཊི་ཙེ་ཊ༼མའི་ཁོལ་པོ༽ས་མཛད་པའི་འགྲེལ་པར་ཡང། དེ་ཕྱིར་མི་མངའ་ཞེས་བྱ་བའི་དགག་པ་འདི་ནི་མ་ཡིན་པར་དགག་པ་སྟེ་རྣམ་པར་རྟོག་པའི་རིགས་དེ་དག་ནི་ཡོད་པ་མ་ཡིན་ལ། དེས་དབེན་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་ནི་མངའ་བས་སོ། །ཞེས་སློབ་དཔོན་མཁས་པ་ཆེན་པོ་རྒྱལ་བའི་སྲས་ཀྱིས་གསུངས་པའི་ཡང་ཕྱིར་རོ། །ཞེས་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་སོ། །ལུང་དེའི་ནང་དང་རང་གཞུང་གཞན་དུ་སྒྲུབ་པ་དང་སྒྲུབ་ཆོས་དང་ཡོངས་གཅོད་ཅེས་གསུངས་པ་ནི། ཤེས་རབ་སྒྲོན་མེ་ལས། མ་ཡིན་དགག་ནི་དེར་སྒྲུབ་པར་མི་བྱ་སྟེ། སྒྲུབ་པ་གཙོ་ཆེ་བའི་ཕྱིར། ཞེས་གསུངས་པ་ལྟར་དགག་བྱ་བཀག་པའི་ཤུལ་དུ་བློ་ངོར་ཚུར་སྒྲུབ་དུ་ཡོད་པ་ལ་དགོངས་པའོ། །དེ་ལྟ་མ་ཡིན་ན་སྒྲུབ་པར་འགྱུར་ལ། སྒྲུབ་པ་མ་ཡིན་པར་ཐལ།དགག་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མ་ཡིན་དགག་ཡིན་པའི་ཕྱིར། རྟགས་གོང་གི་ལུང་དེ་དག་གིས་གྲུབ། ཁྱབ་སྟེ། ཞི་འཚོའི་དེ་ཁོ་ན་ཉིད་བསྡུས་པ་ལས། འདི་ལྟར་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པའོ། །མ་ཡིན་དགག་པའང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་དང༌། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དགག་པ་དང་སྒྲུབ་པ་ལ་མཚན་ཉིད་རིམ་པ་ལྟར་བློས་རྣམ་བཅད་དུ་གྲུབ་པ་དང༌། ཡོངས་གཅོད་དུ་གྲུབ་པ་ཞེས་པའོ། །དབྱེ་ན་དང་པོ་ལ་མེད་དགག་དང༌། མ་ཡིན་དགག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར་དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་མ་བསྒྲུབ་པར་རྣམ་བཅད་ཙམ་དུ་གྲུབ་པ་དང༌། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་སུ་བསྟན་བྱ་ཡིན་པའོ། །ཞེས་གསུངས་པས་སོ། ། གཞན་ཡང་རང་སྟོང་བ་དང་གཞན་སྟོང་བ་གཉིས་ཀྱིས་དོན་དམ་བདེན་པ་བདེན་པར་གྲུབ་པར་འདོད་པ་དངོས་སུ་ཁས་ལེན་མི་ལེན་སོགས་ཚིག་ཟིན་མི་མཐུན་ཀྱང་དེ་ཙམ་གྱིས་ཁྱད་པར་ཆེན་པོ་མེད་པར་སྣང་སྟེ། རང་སྟོང་བ་རྣམས་ཀྱིས་དོན་དམ་བདེན་པའམ་ཆོས་ཉིད་བདེན་པར་མེད་པར་གསུངས་པ་ནི་དགག་བྱའི་བདེན་གྲུབ་དང་སྤྲོས་པའི་བདེན་གྲུབ་མེད་པ་ཡིན་པར་དགོངས་ནས་གསུངས་པ་ལས་བདེན་པ་ཡིན་པར་ཁས་བླངས་བ་ཡིན་པ་གང་ཞིག གཞན་སྟོང་དབུ་མ་རྣམས་ཀྱིས། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་དང༌། ག་ལའི་འཇིགས་མེད་ལས། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་གསུངས་པ་ལྟར་གྱི་སྣང་ཚུལ་དང་གནས་ཚུལ་མཐུན་པའི་བདེན་པར་གྲུབ་པ་ཁས་བླངས་བ་ལས་དགག་བྱའི་བདེན་གྲུབ་དང་ཆོས་བདག་ཏུ་གྲུབ་པར་མི་བཞེད་པའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། འཇུག་ཊཱིཀ་དགོངས་པ་རབ་གསལ་ལས།དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས་དེས་སྔར་བཤད་པ་ལྟར་མ་གྲུབ་པ་གཅིག་དང༌། བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ། དོན་དམ་དུ་ཡོད་པར་བཞག་པ་གཉིས་ཀྱི་དང་པོའི་དོན་དམ་དང༌། དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་མི་སྲིད་དོ། །དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་སྔ་མའི་དོན་དམ་དུ་ཡོད་པས་ཁྱབ་ཀྱང༌། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ། །འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང༌། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང༌། ཞེས་གསུངས་སོ། །རྩ་རྟགས་གཉིས་པ་གྲུབ་སྟེ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་རི་ཆོས་ལས། གལ་ཏེ་ཆོས་གང་ལ་ཡང་བདེན་པ་མེད་པས་དོན་དམ་པར་བདེན་པ་མི་སྲིད་དོ། །ཞེ་ན་མ་ཡིན་ཏེ། ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་ཀྱི་བདེན་པར་མི་རུང་བས་ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ཀུན་རྫོབ་ཏུ་བདེན་གྱི། དོན་དམ་དུ་མི་བདེན་པ་ཇི་ལྟ་བ་དེ་བཞིན་དུ། དོན་དམ་དུ་མི་བདེན་ན་དོན་དམ་བདེན་པར་མི་རུང་བས་དོན་དམ་བདེན་པ་གང་ཡིན་པ་དེ་དོན་དམ་དུ་བདེན་གྱི་ཀུན་རྫོབ་ཏུ་བདེན་པ་མ་ཡིན་ནོ། །ཞེས་དང༌། བདེན་གཉིས་གསལ་བའི་ཉི་མ་ལས། དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས་ཆོས་རྣམས་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་བདེན་པའོ། །ཞེས་དང༌། འཕགས་པའི་ཡེ་ཤེས་ཡུལ་དུ་བདེན་པས་བདེན་པའོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། འདིར་གནས་ལུགས་མཐར་ཐུག་པའི་སྐུ་གཅིག་ཉིད་དུ་ཟད་པ་ནི་དོན་དམ་པའི་སྐུ་སྟེ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་དང༌། གང་བྱང་ཆུབ་མ་ཡིན་པའི་ཆོས་དེ་གང་ཡང་མེད་དོ། །ཞེས་དང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་ཆོས་དབྱིངས་ཀྱི་སྐུ་མ་གཏོགས་པ་ཆོས་ཐམས་ཅད་གཤིས་ཀྱི་གནས་ལུགས་ལ་མེད་པར་གསུངས་པ་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་དང༌། བདེན་པ་གཅིག་སྟེ་གཉིས་པ་མེད། །ཅེས་དང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་པ་ལ་སོགས་པས་གང་གསུངས་པ་མཐར་ཐུག་གི་གནས་ལུགས་ལ་བདེན་པ་གཅིག་པུ་དོན་དམ་པའི་བདེན་པ་ཆོས་ཉིད་ཀྱི་སྐུ། ཞེས་དང༌། ཐེག་མཆོག་དབུ་མ་ལས། དགག་བྱའི་མཚན་ཉིད་ནམ་ཡང་ཡོད་མ་ཡིན། །བདག་པོ་རང་དབང་རྟག་པ་མེད། །ཅེས་གསུངས་པས་སོ། །དེ་དང་སྒོ་འདྲ་བར་ཆོས་བརྒྱུད་གཞན་གྱི་གཞུང་ལས་གསུངས་ཏེ། ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད་ལས། མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལགས། །ཞེས་དང༌།འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི། །འོད་གསལ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་སྟེ། །སྟོང་གསལ་རིག་པ་དབྱེར་མེད་ཆོས་ཉིད་དོ། །ཞེས་དང༌། འཇུ་མི་ཕམ་གྱིས། དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། །ཞེས་དང༌། ཚིག་དོན་མཛོད་དུ་དྲང་བའི་སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །ཞེས་དང༌། དེ་ལྟར་སྔ་འགྱུར་རྙིང་མའི་མཁས་པ་འཇུ་མི་ཕམ་གྱི་གཞན་སྟོང་སེངྒེའི་ང་རོ་ལས། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང། དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར། ཞེས་དང༌།དམ་ཆོས་དོགས་སེལ་ལས། དོན་དམ་པར་གྲུབ་ན་བདེན་པར་གྲུབ་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་མཐར་ཐུག་ཡིན་པ་གང་ཞིག མཐར་ཐུག་དཔྱོད་པའི་རིག་ངོར་བདེན་ཞིང། དེ་ཡོངས་གཅོད་སྒྲུབ་པའི་ཚུལ་གྱིས་དེའི་ཡུལ་དུ་གྲུབ་པའི་ཕྱིར། ཞེས་དང༌། རྙིང་མའི་མཁས་དབང་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གྲུབ་མཐའ་ངེས་དོན་གསལ་བྱེད་ལས། དེས་ན་བཀའ་མདོ་རྒྱུད་རྣམས་དང། ས་བཅུའི་བྱང་སེམས་འཕགས་པ་སངས་རྒྱས་གཉིས་པ་ལྟ་བུ་དེ་རྣམས་ཀྱིས་མདོའི་འགྲེལ་པ་བྱམས་ཆོས་ལྔ་དང༌། སྔགས་ཀྱི་སེམས་འགྲེལ། སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དང༌། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་པ། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་འགྲེལ་པ་རྣམས་སུ་གསུངས་པའི་ངེས་དོན་དབུ་མ་ཆེན་པོ་དེ་ལ་བོད་ཀྱི་ལྗོངས་སུ་གཟུ་དགའ་རྡོར་དང་བཙན་ཁ་བོ་ཆེ་རྣམ་གཉིས་ཀྱིས་མཻ་ཏྲི་པའི་བརྒྱུད་འཛིན་ཁ་ཆེ་རིན་རྡོར་དང་ས་ཛྫ་ན་ལས་རྒྱུད་བླ་སོགས་བྱམས་ཆོས་མན་ངག་ལྟར་གྱི་བཤད་པ་གསན་ནས་སྤེལ་ཞིང༌། ཀུན་མཁྱེན་རང་བྱུང་རྡོ་རྗེས་དེ་ཉིད་རྩལ་དུ་བཏོན་ནས། རྣམ་ཤེས་ཡེ་ཤེས་དབྱེ་བ་དང༌། སྙིང་པོ་བསྟན་པ། ཟབ་མོ་ནང་དོན་སོགས་མཛད། དེ་ཉིད་ཀྱི་སློབ་མར་གྱུར་པ་ཀུན་མཁྱེན་ཀློང་ཆེན་པས་འཁོར་ལོ་ཐ་མའི་བདེ་གཤེགས་སྙིང་པོའི་རྣམ་བཞག་རྒྱས་པར་བཀྲལ་བས་དེ་ཉིད་ངེས་དོན་མཐར་ཐུག་ཏུ་བཞེད་ཅིང༌། རྫོགས་ཆེན་གྱི་གཞི་འབྲས་དང་མཐུན་པར་ཆོས་སྐད་ཅི་རིགས་པའི་སྒོ་ནས་རྫོགས་ཆེན་དང་མཚམས་སྦྱོར་བའི་ངེས་དོན་གྱི་དགོངས་པ་མ་ནོར་བར་བཀྲལ་བར་མཛད་ལ། གཞན་སྟོང་སེངྒེའི་སྒྲས་ས་སྟེང་ཁྱབ་པར་མཛད་པ་པོ་ནི་ཀུན་མཁྱེན་དོལ་པོ་པ་༼ཤེས་རབ་རྒྱལ་མཚན་༽སྟེ་ཐོག་མར་ཐལ་འགྱུར་བཞེད་པ། རང་བྱུང་ཞབས་ཀྱིས་ཁྱོད་ཀྱིས་ད་ལྟའི་འདི་མིན་པའི་ལྟ་བ་ཞིག་དང་འཕྲད་པར་འགྱུར་གསུངས་པ་བཞིན་བྱམས་ཆོས་མན་ངག་གི་བཤད་པ་གསན་ཞིང་སྦྱོར་བ་ཡན་ལག་དྲུག་པ་ཉམས་སུ་བཞེས་པས་ཐུགས་དམ་ན་འཕར་ནས་གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས་ཤིང་བྱམས་ཆོས་ཀྱི་འགྲེལ་པ་དང༌། ངེས་དོན་རྒྱ་མཚོ་སོགས་དེ་སྟོན་པའི་བསྟན་བཅོས་མང་དུ་མཛད། གཞན་སྟོང་ཞེས་པ་གྲུབ་ཐོབ་ཡུ་མོ་པས་གསར་དུ་རྙེད་པ་ལས་ཁུངས་གཞན་མེད་ཚུལ་མཁས་པ་འགའ་ཞིག་གིས་གསུངས་ཀྱང་གཞན་སྟོང་གི་མཚན་གཞི། རྒྱལ་བ་བྱམས་པས། རྣམ་དབྱེར་བཅས་པའི་༼མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན།།༽སོགས་ཀྱིས་དངོས་སུ་བསྟན་པའི་ཕྱིར་དང། དེའང་སྟོང་ཉིད་མེད་དགག་ཏུ་སྨྲ་བའི་ལུགས་ལ་ཐུགས་ཞེན་ཆེ་བའི་རྣམ་འགྱུར་ཙམ་ཟད། ཞེས་གསུངས་པས་སོ། །དེ་ལྟར་བཀའ་བརྒྱུད་པའི་མཁས་དབང་ཀརྨ་པ་རང་བྱུང་རྡོ་རྗེའྀ་རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་ལས། ཆོས་དབྱིངས་སྤྲོས་བྲལ་དཀྱིལ་འཁོར་དུ། །རྫོགས་པ་འཁོར་འདས་ཐོག་མེད་ཀུན། །གཅིག་དང་ཐ་དད་བྲལ་བ་རུ། །བཞུགས་པ་ངོ་བོ་ཉིད་སྐུར་བཞེད། །ཅེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལས། ཀྱེ་མ་ཆོས་སྐུ་ཡོན་ཏན་འདི། །བདེན་པའི་རྟོགས་ལ་བདེན་ཤེས་ཡིན། །ཞེས་དང༌། དེ་བས་རྩ་རླུང་ཐིག་ལེ་རྣམས། །དག་པ་དག་པའི་གཟུགས་སྐུ་སྟེ། །མ་སྦྱང་མ་དག་གཟུགས་སྐུ་འདོད། །ཅེས་དང༌། དེ་བཞིན་གཤེགས་པའི་གནས་སྐབས་གསུམ། །བརྗོད་ཀྱང་སངས་རྒྱས་གསར་སྐྱེས་མིན། །ཇི་ལྟར་སྔ་བཞིན་ཕྱིས་དེ་བཞིན། །མི་འགྱུར་སངས་རྒྱས་སྙིང་པོ་ཡིན། །ཞེས་དང༌། རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །ཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་བའི་མིང་མི་བརྗོད། །ཅེས་དང༌། བཀའ་བརྒྱུད་པའི་མཁས་པའི་དབང་ཕྱུག་གོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྒྱུད་བླའི་འགྲེལ་བ་ལས། ལོ་ཙཱ་གཟུ་བཙན་རྣམ་གཉིས་ལས་བརྒྱུད་པའི་བྱམས་ཆོས་སྒོམ་ལུགས་པ་རྣམས་དང༌། མངའ་བདག་མཻ་ཏྲི་ཞབས་ཀྱིས་བྲམ་ཟེ་ཆེན་པོ་ཡབ་སྲས་ཀྱི་གདམས་ངག་བརྙེས་ནས་སྔགས་དང་རྗེས་སུ་མཐུན་པའི་ཕར་ཕྱིན་གྱི་མན་ངག་དེ་ཁོ་ན་ཉིད་བཅུ་པ་སོགས་མཛད། དེ་ལས་རྗེ་མར་པས་གསན་ཏེ། ཐེག་པའི་མཐར་ཐུག་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །ཞེས་སོགས་གསུངས་པ་དང༌། རྗེ་སྒམ་པོ་པའི་ཞལ་ནས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ཉིད་བཅོམ་ལྡན་བྱམས་པའི་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ། །ཞེས་གསུངས་ཤིང༌། ཐར་པ་རིན་པོ་ཆེའི་རྒྱན་སོགས་དེ་ཉིད་ཀྱི་གསུང་རབ་རྣམས་སུའང་གསལ་བར་མཛད་པའི་རྗེས་སུ། དཔལ་ལྡན་ཕག་མོ་གྲུབ་པ་ཡབ་སྲས། རྒྱལ་བ་གཉིས་པ་རང་བྱུང་ཞབས་སོགས་སྙིང་པོའི་དོན་མངོན་སུམ་དུ་གཟིགས་པའི་ས་བཅུའི་དབང་ཕྱུག་རྣམས་གཅིག་ཏུ་འབྲང་བར་མཛད་ཅིང༌། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་ཀྱང་སྙིང་པོ་དོན་འདི་ཉིད་ལས་བརྩམས་ཏེ་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དེ་ཉིད་ཀྱི་སྐུའི་སྐྱེ་བ་ཕྱི་མ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཀྱང་ངེས་དོན་སྙིང་པོའི་བཀའི་བསྡུ་བ་བཞི་བ་མཛད་པ་དང༌། ཟི་ལུང་པཎ་ཆེན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱང་ཞལ་གྱིས་བཞེས་ཚུལ་ཕྲན་བུ་ཙམ་ལས་ལྟ་བའི་གནད་གཅིག་ཏུ་འབབ་པ་ཁོ་ན་ཡིན་ཅིང༌། གཞན་ཡང་མངའ་བདག་མཻ་ཏྲི་པའི་དངོས་སློབ་པཎྜི་ཏ་བཛྲ་པཱ་ཎིས་དེ་ཁོ་ན་ཉིད་བཅུ་པ་རྩ་འགྲེལ་སོགས་བོད་དུ་རྒྱ་ཆེར་བཤད་པ་རྣམས་ཀྱང་འདི་ཉིད་ཀྱི་དོན་སྟོན་པའི་ཕྱག་ཆེན་གྱི་བཀའ་སྲོལ་ཡིན་པ་དང༌། མཻ་ཏྲི་པའི་དངོས་སློབ་དམ་པ་སངས་རྒྱས་ཀྱིས་ཀྱང་ངོ་བོ་ཕ་རོལ་ཏུ་ཕྱིན་པ། གསང་སྔགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་ཆེན་པོའི་ཆོས་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བའི་མཚན་གསོལ་ནས་བོད་དུ་སྔ་ཕྱིར་གསུང་པ་རྣམས་ཀྱང་དོན་སྔ་མ་དང་མཚུངས་པས། མདོར་ན་མངའ་བདག་མཻ་ཏྲི་གུབྟ་ནས་བརྒྱུད་པའི་བཤད་པ་དང་གདམས་ངག་གི་བཀའ་སྲོལ་ཐམས་ཅད་ནི་ཚིག་བརྗོད་ཙམ་ལས་དོན་གཅིག་ཏུ་འབབས་སོ། །ཞེས་གསུངས་སོ། །སྔོན་བྱོན་དམ་པའི་གསུང་རྒྱུན་ལ་བུ་དོལ་རྣམ་གཉིས་ཚིག་གི་ར་ལ་རྩོད། །ཅེས་པས་ཚིག་ཙམ་ལས་དོན་ལ་གནད་འགག་ཆེར་མེད་པ་རིས་མེད་ཀྱི་གཏམ་ཡིན་ནོ། །དེ་དག་དགོངས་པ་གཅིག་ཏུ་འགྲོ་ཚུལ་ཡོད་པར་སྣང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འདུས། །ཞེས་གསུངས་ལ། དེ་ལྟར་ཉམས་སུ་ལེན་ན་ལྟ་བ་མཐར་ཐུག་གནད་གཅིག་ཏུ་འགྲོ་བའི་ཆོས་ཚུལ་ནི། རྗེ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། དོན་དམ་གནས་ལུགས་འགྱུར་མེད་ཡོངས་གྲུབ་སྲ་བརྟན་གཡུང་དྲུང་དཔྱད་མི་བཟོད་པས་རང་གི་ངོ་བོས་སྟོང་མི་དགོས་པའི་དོན་དམ་སྟོང་ཉིད་ཅེས་གཞན་སྟོང་ལུགས་སུ་གྲགས་པ་འདི་ཉིད་ད་ལྟའི་སྐབས་སུ་བློའི་ཡུལ་ལམ་ཚིག་ཏུ་བརྗོད་པའི་སྐབས་སུ་དགག་སྒྲུབ་མི་མཐུན་པ་འདུག་ཀྱང། མཉམ་པར་བཞག་པའི་ཚེ་གཞན་སྟོང་ཇི་ལྟ་བ་བཞིན་དུ་གནས་ལུགས་བརྗོད་བྲལ་ལམ་སྤྲོས་བྲལ་ལ་མཐུན་འགྲོ་བས་མཉམ་པར་འཇོག་པའི་སྐབས་ཀྱང་བློའི་རི་མོ་ཐམས་ཅད་སྟོང་ཉིད་དུ་ཐག་བཅད། ཡོད་མེད་རྟག་ཆད་སྟོང་མི་སྟོང་ཐམས་ཅད་ལས་འདས་པའི་གསལ་སེང་ངེ་རྗེན་ནེ་ལྷན་ནེ་ལྷོད་དེ་ཤིག་གེ་བསྐྱང་བ་རང་རིག་རྗེན་པར་རྟོགས་པའི་འཇོག་བསྒོམས་སྐབས། ཉམས་སུ་བླངས་ན་ཐམས་ཅད་མཐུན་པས། དོན་དམ་ལ་ནི་ཁྱད་པར་མེད་དོ། །བསྒོམས་ཤིང་རྟོགས་ན་མཐུན་འགྲོ། ཞེས་གསུངས་པ་ནི་ལེགས་བཤད་བླ་ན་མེད་པ་ཡིན་པར་སེམས་སོ། །འོན་ཀྱང་མེད་དགག་དང་མ་ཡིན་དགག་གཞི་གཅིག་ཏུ་འདུ་མི་ནུས་ཀྱང་གནད་འགག་གཅིག་ཏུ་འབབ་ཚུལ་དང༌། སྤྲོས་འཛིན་གྱི་གཉེན་པོར་འགྲོ་བ་གཅིག་མཚུངས་ཡིན་པར་སྣང་ངོ། །ཡོད་པ་ལ་ཡོད་པར་ལྟ་ན་ཡོད་ལྟའི་སྐྱོན་མེད་དེ། གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ལས། ཡོད་པ་དང་མེད་པར་ཁས་བླངས་པ་ཐམས་ཅད་མཐར་ལྷུང་བ་མ་ཡིན་གྱི། གནས་ལུགས་ཀྱི་དོན་ལ་མེད་པ་ཞིག་ཡོད་པར་ཁས་བླངས་ན་ཡོད་པའི་མཐར་ལྷུང་བར་འགྱུར་ཞིང༌། གནས་ལུགས་ཀྱི་དོན་ལ་ཡོད་པ་ཞིག་མེད་པར་ཁས་བླངས་ན་མེད་པའི་མཐར་ལྷུང་བར་འགྱུར་བ་ཡིན་ནོ། །དེས་ན་མཐར་༼ལྟུང་ཞེས་པའི་མཐའ་༽གྱུར་བའི་ཡོད་མེད་དང་སྤྱིར་ཡོད་མེད་ཙམ་ནི་ཁྱད་པར་ཤིན་ཏུ་ཆེའོ། །རྟག་ཆད་ཀྱི་ལྟ་བར་འགྱུར་མི་འགྱུར་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ལྷ་མོ་དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་མཐའ་གཉིས་ཀྱི་དབུས་ཏེ་དཔྱད་དུ་མེད་པ་ལ་སོགས་པ་ནི་དབུ་མའི་གནས་ལུགས་རྟོག་གེའི་ཡུལ་ལས་འདས་པར་སྟོན་པ་ཡིན་གྱི། ཅིར་ཡང་མ་གྲུབ་པར་སྟོན་པ་ནི་མ་ཡིན་ནོ། །ཞེས་སོགས་དང༌། བཀའ་བསྡུ་བཞི་བ་ལས། རྟག་པར་རྟོག་ཚད་རྟག་ལྟའི་སྐྱོན་ཅན་དང། །ཆད་པར་རྟོག་ཚད་ཆད་ལྟའི་སྐྱོན་ཅན་དང༌། །ཡོད་པར་རྟོག་ཚད་ཡོད་ལྟའི་སྐྱོན་ཅན་དང༌། །མེད་པར་རྟོག་ཚད་མེད་ལྟའི་སྐྱོན་ཅན་དུ། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་བྱ་གཏོང་གྲོས་འདེབས་ཏེ། །རྟག་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མི་རྟག་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཞེས་པ་ནས། ཡོད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མེད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཆད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །རྫོགས་ལྡན་ཆོས་ལས་གསུངས་པས་གཟིགས་སུ་གསོལ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་མཐར་ཐུག་གི་སངས་རྒྱས་དེ་དོན་ལ་ཡོད་ཀྱང་ཡོད་པར་བལྟས་ན་མཐར་ལྷུང་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ༼ཟབ་མོ་ལ་ཤིན་ཏུ་མཉམ་པར་བཞག་པའི་སྐབས་སུ༽ཡོད༼པར་འཛིན་པ༽དང་མེད༼པར་འཛིན༽་པ་གཉི་གའང་མཐའ། །དག༼པར་རྟོག་པ༽དང་མ་དག་༼པར་རྟོག་པ༽འདི་ཡང་མཐའ། །དེ་ཕྱིར་མཐའ་གཉིས༼ཀྱི་རྟོགས་པ༽རྣམ་སྤངས་ནས། །༼མཉམ་བཞག་ལ༽མཁས་པ་དབུས་ལའང་༼སེམས་ཤིང༽་གནས༼པར༽མི་བྱེད། །ཅེས་དང༌། དབུ་མ་རྩ་ཤེར་ཡང༌། ཡོད་ཅེས་བྱ་བ༼ར་སེམས་ན༽རྟག་པར་འཛིན། །མེད་ཅེས་བྱ་བ༼ར་སེམས་ན༽ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་༼སེམས་ཤིང༽གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེ་ན།དེ་དག་ནི་མཉམ་བཞག་ཟབ་མོ་ཡོད་མེད་ལ་སོགས་པར་སྤྲོས་པ་མཐའ་དག་དང་བྲལ་བ་ལ་འཇོག་པ། ལ་ཟློ་བའི་སྐབས་ཡིན་ལ་འདིར་ནི་ཡོད་མེད་ཤན་འབྱེད་པའི་སྐབས་ཡིན་པས་སྐྱོན་མེད་དོ། །དེ་བཞིན་དུ།༼རྩ་ཤེར༽བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ།༼རྟོག་ཅིང༽།ལྟ་བ་དེས་ནི༼ཡེ་ཤེས་ཀྱིས༽ལྟ་བྱ་བ། །༼གདོད་ནས༽ཉེ་བར་ཞི་བ༼འི་དབྱིངས་རྣམ་རྟོག༽་ཞི༼བའི་སྒོ་ནས༽མི་མཐོང༌། ཞེས་པ་ཡང་ཡོད་མེད་ལ་སོགས་པར་ལྟ་བའམ་འཛིན༼ཅིང་སེམས༽་ན་ཉེ་བར་ཞི་བའི་དབྱིངས་མི་མཐོང་བས་དབྱིངས་དེ་མཐོང་བ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་གཞག་ཟབ་མོ་དགོས་ཞེས་པའི་དོན་ཏོ། །ཞེས་དང༌།དབུ་མ་རྩ་ཤེར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། ཞེས་པ་མཉམ་གཞག་ཟབ་མོའི་སྐབས་ལ་དགོངས་ཤིང༌། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་པ་རྗེས་ཐོབ་ཀྱི་སྐབས་ལ་དགོངས་སོ། །རྩོད་པ་ཟློག་པར། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང༌། བཞི་བརྒྱ་པར་ཡང༌། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན༌། །ཞེས་སོགས་ཀྱི་དགོངས་པ་ཡང་མཉམ་གཞག་ཏུ་རྟོག་མེད་སྤྲོས་བྲལ་དང༌། རྗེས་ཐོབ་ཏུ་༼གཤིས་ལ༽དངོས་པོར་ཁས་ལེན་པ་ལ་སོགས་པ་དོན་དང་མི་མཐུན་པའི་ཁས་ལེན་མེད་པ་ལ་དགོངས་པ་ཡིན་ཏེ། རིགས་པ་དྲུག་ཅུ་པར། ༼གཤིས་ལ༽དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུང་འབྱུང༌། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་༼ངན་པ༽ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང༌། །ཞེས་སོགས་དང༌། དབུ་མ་རིན་ཆེན་སྒྲོན་མར་ཡང༌། སློབ་དཔོན་༼ཀླུ་སྒྲུབ༽གྱི་ཞལ་སྔ་ནས། །༼གཤིས་ལ༽དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆད་སོགས་འཇིགས་པ་འབྱུང༌། །༼གཤིས་ལ༽དངོས་པོར་ཁས་ལེན་མེད་རྣམས་ལ། །ཆད་སོགས་འཇིགས་པ་ག་ལ་འབྱུང། །གལ་ཏེ་༼གཤིས་ལ༽དངོས་༼པོ་འདུས་བྱས༽ཤིག་ཡོད་ན་ནི། །དེ་ལ་འཇིག་རྟེན་མཐའ་ཡོད་དང༌། །མཐའ་མེད་ལ་སོགས་པར་ཡང་འགྱུར། ཞེས་དང༌། གལ་ཏེ་༼གཤིས་ལ༽དངོས་༼པོ་འདུས་བྱས་༽ཤིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །༼གཤིས་ལ༽དངོས་པོ་སྐྱེ་བ་མེད་ཉིད་ལ། །ཁས་བླང་བར་ནི་ཇི་ལྟར་བྱ། ཞེས་གསུངས་སོ། །ཞེས་དང༌། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་༼གཤིས་ལ༽ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་ཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཁས་ལེན་དམ་བཅའ་མེད་པར་གསུངས་པ་རྣམས་ཀྱི་དགོངས་པ་རྗེས་ཐོབ་ཏུ་དོན་དང་མི་མཐུན་པའི་ཁས་ལེན་མེད་ཅིང་མཉམ་གཞག་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་པ་དེ་ལྟར་མཐོང་ན་དགོངས་པ་ཆེན་པོའི་དོན་ཡང་དག་པར་མཐོང་བ་ཡིན་གྱི་གཞན་དག་གི་འདོད་པ་ལྟར་གནས་ལུགས་ལ་ཅི་ཡང་མ་གྲུབ་པས་ཁས་ལེན་དམ་བཅའ་གང་ཡང་མེད་ཅེས་འཆད་པ་ནི་དོན་དང་མི་མཐུན་ཏེ་སྟོང་གཞི་དོན་དམ་གྱི་ཡོན་ཏན་སྔར་སྨོས་པ་ཐམས་ཅད་༼གཤིས་ཀྱི༽གནས་ལུགས་ལ་ནམ་ཡང་བཞུགས་༼པར་གསུངས༽པའི་ཕྱིར་རོ། །ཞེས་གསུངས་པ་ནི་ལེགས་བཤད་བླ་ན་མེད་པ་ཡིན་ནོ། ། ཡང་བྱམས་ཆོས་སོགས་ཀྱི་སྐབས་སུ་ཡོད་མིན་མེད་མིན་གསུངས་པའི་དོན་ནི་གཞི་དོན་དམ་བདེན་པ་དེ་གཞན་དབང་དང་ཀུན་བརྟགས་ཀྱི་ངོར་ཡོད་པ་མིན་ཞིང་ཆོས་ཉིད་ཀྱི་ངོ་བོར་མེད་པ་མིན་ཞེས་བཤད་དགོས་ཏེ། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས།ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནི་དོན་དམ་མཚན། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དོན་དམ་པའི་བདེན་པ་ནི་གཉིས་སུ་མེད་པའི་མཚན་ཉིད་ལྔ་དང་ལྡན་པ་སྟེ། ཡོད་མེད་གཉིས་དང་གཅིག་དང་ཐ་དད་གཉིས་དང་སྐྱེ་འཇིག་གཉིས་དང་འཕེལ་འགྲིབ་གཉིས་དང་དག་མ་དག་གཉིས་ཀྱི་མཐའ་དང་བྲལ་བའོ། །དེ་ཡང་ཆོས་ཉིད་དེ་བཞིན་ཉིད་དེ་བདག་གཉིས་སུ་ཀུན་བཏགས་པ་དང་གདགས་གཞི་ཤེས་པ་གཞན་དབང་གི་དངོས་པོར་ཡོ༷ད་པར་མི༷ན་ཞིང༌། དེ་དག་གིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་ཀྱི་ངོ་བོར་མེ༷ད་པའང་མི༷ན་པ་དང་གཅིག ཀུན་བཏགས་ནི་བློ་འཁྲུལ་པས་བརྟགས་པ་ཡིན་ལ་གཞན་དབང་ཡང་དེའི་གདགས་གཞི་ཀུན་ཏུ་རྟོག་པ་འདུས་བྱས་ཡིན་པ་དང༌། ཡོངས་གྲུབ་དོན་དམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་འགྱུར་བ་མེད་པ་འདུས་མ་བྱས་པ་ཡིན་པས་དེ་དག་དེ༷་བཞི༷ན་ཏེ་གཅིག་པ་མི༷ན་ཞིང༌། དེ་དག་ཁོ་ན་ལས་གཞ༷ན་མེད་པས་སམ་ཆོས་ཉིད་ཡོངས་གྲུབ་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་གཞན་ཏེ་ཐ་དད་པའང་མི༷ན་པ་དང༌། ཆོས་ཀྱི་དབྱིངས་འདུས་མ་བྱས་ཡིན་པས་ཐོག་མར་སྐྱེ༷་བ་མེད་པ་ད༷ང༌། མཐར་འཇི༷ག་པའང་མེ༷ད་པ་དང༌། ལམ་བསྒོམས་ཏེ་སྤང་བྱ་ཀུན་ནས་ཉོན་མོངས་པའི་ཆོས་འགགས་ཀྱང་དེའི་ཆོས་ཉིད་འབྲི༷་བ༷ར་མི༷་འགྱུ༷ར་ཏེ༷། གཉེན་པོ་རྣམ་པར་བྱང་བའི་ཆོས་འཕེལ་བ་ན་དེའི་ཆོས་ཉིད་འཕེ༷ལ་བ༷་མེ༷ད་ཅི༷ང་མི་འགྱུར་བར་གནས་པ་དང༌། དེ་བཞིན་ཉིད་ཀྱི་ངོ་བོ་གདོད་མ་ནས་རང་བཞིན་གྱིས་རྣ༷མ་པ༷ར་ད༷ག་ཅིང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཕྱིས་རྣམ་པར་དག་པར་འགྱུར་དགོས་པ༷འང་མེ༷ད་ལ། ལམ་བསྒོམས་ཏེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་པས་རྣ༷མ་པ༷ར་ད༷ག་པར་འགྱུ༷ར་བའང་ཡིན་པ་སྟེ༌། དེ༷་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི༷་དོ༷ན་ད༷མ་པའི་མཚ༷ན་ཉིད་ཡིན་པར་རིག་པར་བྱའོ། །བྱང་ས་ལས་ཀྱང༌། འཇིག་རྟེན་པ་རྣམས་ཀྱི་ལྟ་བ་མཚུངས་པར་གྱུར་པས་འདི་ནི་ས་ཁོ་ན་ཡིན་གྱི་མེ་མ་ཡིན་ནོ་ཞེས་པ་དང༌། དེ་བཞིན་དུ་མེ་དང་ཆུ་དང་རླུང་དང་གཟུགས་ལ་སོགས་པའི་ཡུལ་རྣམས་དང་ཟས་དང་སྐོམ་ལ་སོགས་པ་དང༌། སྡུག་བསྔལ་དང་བདེ་བ་ལ་སོགས་པ་རྣམས་ལ་འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྤྱོད་ཡུལ་གཅིག་ཏུ་གྱུར་པས་མ་བརྟགས་གཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང༌། སོ་སོའི་སྐྱེ་བོ་མཁས་པ་མཛངས་པ་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས་འཐད་པའི་སྒྲུབ་པའི་རིགས་པས་བསྒྲུབས་ཤིང་རྣམ་པར་བཞག་པ་དེ་ནི་རིགས་པས་གྲགས་པའི་དེ་ཁོ་ན་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟག་པ་མེད་པ་དང་དེའི་རྗེས་ལས་ཐོབ་པའི་ཤེས་པས་བདེན་པ་བཞི་མངོན་པར་རྟོགས་པ་ན་ཕུང་པོ་ཙམ་ནི་དམིགས་ཤིང་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་གང་ཟག་གི་བདག་མེད་པར་རྟོགས་པའི་སྤྱོད་ཡུལ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་མཐའ་དག་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་དེ་བཞིན་ཉིད་མཆོག་བླ་ན་མེད་པར་ཤེས་བྱའི་མཐར་ཐུག་པ་མངོན་སུམ་དུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ། རྣམ་པ་བཞི་གསུངས་ཤིང༌། དེ་ལྟར་བཞིའི་དང་པོ་གཉིས་ནི་ཐ་མ་གསུམ་པ་ནི་འབྲིང་དང་བཞི་པ་ནི་མཆོག་ཡིན་པར་རིག་པར་བྱའོ་ཞེས་ཀྱང་གསུངས་པ་རྣམས་ཀྱི་ནང་ནས་འདིར་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མཆོག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་སྟེ། དྲི་མ་མེད་པའི་འོད་ལས་ཀྱང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་ལྟར་རོ། །ཁ་ཅིག་སྤྲོས་བྲལ་གྱི་དོན་གཞི་གཅིག་ལ་སྦྱར་ནས་ཅིར་ཡང་མ་གྲུབ་པ་གང་ཡང་མ་ཡིན་པ། ཅི་ཡང་མེད་པའོ་ཞེས་འདོད་པ་ནི་ཆད་ལྟ་ཆེན་པོར་ལྷུང་བ་སྟེ། བྱང་ས་ལས། སྟོང་པ་ཉིད་ལ་ལོག་པར་འཛིན་པ་ནི་ཤེས་བྱའི་དངོས་པོ་ལ་རྨོངས་པས་ཤེས་བྱ་ཐམས་ཅད་ལ་{ར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལས་ཀྱང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བའི་དངོས་པོ་ལ་{ར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ་ཞེས་པ་དང༌། ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ་དེས་ན་དེ་ཉིད་སྟོང་པ་ཉིད་དུ་ཡང་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བས་ན་གཞི་ཐ་དད་ལ་སྦྱར་ནས་སྤྲོས་བྲལ་གྱི་དོན་སྔར་བསྟན་པ་དེ་དག་ནི་ཡང་དག་པའི་དོན་ཡིན་ཏེ། ཡང་དེ་ཉིད་ལས་སྟོང་པ་ཉིད་ལ་ལེགས་པར་ཞུགས་པ་གང་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་བར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི།སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །བཤེས་སྤྲིང་ལས་ཀྱང༌། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །དེ་དག་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པས་ཀུན་རྫོབ་ལས་རྒྱུ་འབྲས་བདེན་པར་ཡོད་པ་དང༌། དོན་དམ་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་ལ་མངོན་པར་ཡིད་ཆེས་པར་བྱའོ། །ཞེས་གསུངས་ལ། དེ་བཞིན་དུ་མདོ་སྡེ་རྒྱན་དབྱིག་འགྲེལ་ལས་གསུངས་སོ། །དེས་ན་རང་ལུགས་ཡོད་པ་མ་ཡིན་མེད་པ་མ་ཡིན་པའི་གཞི་མཐུན་པ་མེད་དེ།ཀུན་མཁྱེན་ཆོས་རྗེའི་ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ལས། ཡོད་མེད་བར་ན་ཕུང་གསུམ་མེད། །དེ་ཕྱིར་ཡོད་མིན་མེད་མིན་གྱི། །རྒོལ་འདི་སྤོང་ལ་གང་རུང་སྨོས། །མི་སྤོང་འོ་ན་གཉིས་མིན་འདི། །མུ་སྟེགས་ཐེ་ཚོམ་ཞོན་དང་ནི། །གཉིས་བཅས་སྦྱོར་བ་དག་དང་མཚུངས། །ཞེས་པ་ནས། ཀུན་རྫོབ་ངོ་བོར་ཡོད་པ་མིན། །དོན་དམ་ངོ་བོར་མེད་པ་མིན། །གཉིས་ཀའི་ངོ་བོར་ཡོད་པ་མིན། །ཡོད་མེད་མཐའ་བཞིའི་སྐྱོན་བྲལ་བ། །ཞེས་སོགས་ལྟ་བ་ཤན་འབྱེད་ཀྱི་གཞུང་ཆེན་དེར་ཡོད་པ་མ་ཡིན་ན་མེད་པ་ཡིན་དགོས་པ་དང་མེད་པ་མ་ཡིན་ན་ཡོད་པ་ཡིན་དགོས་པར་རྒྱ་ཆེར་རིགས་པས་སྒྲུབ་ཡོད་པས་དེར་ལྟ་བར་བྱའོ། །འོ་ན་གཞན་སྟོང་དབུ་མ་དེ་བྱམས་ཆོས་སྡེ་ལྔ་དང་ཐོགས་མེད་ཀྱི་དགོངས་པ་ཡིན་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མ་ཡིན་ཞེ་ན། དེ་ནི་མི་རིགས་ཏེ། རི་ཆོས་ས་བཅད་ལས། དོན་དེ་ལྟར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་པར་བསྟན་པ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་གཞན་དག་བདེ་གཤེགས་སྙིང་པོ་ངེས་དོན་དུ་འདོད་ཀྱང་དབུ་མ་པའི་ལུགས་ལ་མི་འདོད་དོ་ཞེ་ན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ནི་བཞེད་དེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་བསྟོད་པར། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པ། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་༼གློ་བུར་དྲི་མས་བསྒྲིབས་ན༽འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་༼གཉིས་ལྡན༽དེ་ཉིད་མྱ་ངན་འདས་༼པ་ཐོབ་པ་ཡིན་ལ༽། །ཆོས་ཀྱི་སྐུ་༼ཐོབ་པ༽ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་༼མངོན་དུ༽འགྱུར། །ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །༼རྣམ་རྟོག་གི༽བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་༼འོད་གསལ་ཆོས་ཀྱི་དབྱིངས༽དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །༼དེ་ལྟར་ཡེ་ཤེས་ལ་སྣང་བ༽ཆོས་ཀྱི་དབྱིངས་ནི་༼ནམ་ཡང༽སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །༼ཏེ་འགོག་བདེན་རང་བཞིན་པ་ཡིན་པའི་ཕྱིར་རོ༽ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །༼ས༽རྡོ་ཡི་ནང་ནི་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །༼འོད་གསལ༽ཆོས་དབྱིངས་ཤིན་ཏུ་དྲི་༼མ་རང་བཞིན་གྱིས༽མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །༼ཏེ་བསྒྲིབས་ཀྱི་བར་ལ་མི་མཐོང༽མྱ་ངན་འདས་ན་༼གདོད་ནས་རྟག་ཏུ་བཞུགས་པའི༽འོད་གསལ་༼དེ་མངོན་དུ༽འགྱུར། །ཞེས་དང༌། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་རྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པ༼རྡོ་ཏྲེག་སྐུད་པ༽འི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན་༼དུ་གྱུར་པ༽། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་༼པར༽འགྱུར་༼གྱི༽གོས་༼ཚིག་པ༽མིན་༼པ༽ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན༼དུ་གྱུར་ན་ལམ་གྱི༽། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་༼སྲེག་པ༽མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་༼གི་དོན་བསྒོམས་པ༽ཀུན་གྱིས་ཉོན་མོངས་ལྡོག །ཁམས་༼ཞེས་པ་དབྱིངས་རང་བཞིན་འོད་གསལ༽དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་༼དོན་དམ་གྱི་དབྱིངས་རིག་དབྱེར་མེད་རང་བྱུང༽ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་༼གདོད་ནས༽མེད་པར་གནས། །ཞེས་དང༌། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་པ་ལ་སོགས་པས་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ་དང་རང་བཞིན་འོད་གསལ་བའི་སེམས་དང༌། རང་བྱུང་གི་ཡེ་ཤེས་ལ་སོགས་པ་དོན་གཅིག་པའི་བདེ་གཤེགས་སྙིང་པོ་དཔེ་དུ་མའི་སྒོ་ནས་རྒྱས་པར་གསུངས་ཤིང༌། དེ་ཉིད་སངས་རྒྱས་ཀུན་གྱི་གནས་སུ་ཡང་སློབ་དཔོན་༼འཕགས་པ་ཀླུ་སྒྲུབ༽འདིས་གསུངས་པ་༼རང་བཞིན་འོད་གསལ༽འདི་ནི་དོན་དམ་བདེན་པ་སྟེ། ༼དེ་རྣམ་ཤེས་ལ༽སྣང་བ་མེད་ཅིང་༼དེ་ལའང་ཁམས་གསུམ་གྱི་དངོས་པོའི་སྣང་བ་མེད་ལ༽མཚན་མ་མེད༼པའི་གཞི༽། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་དང༌། འདིའི་རྣམ་གྲངས་གཞན་ཡང་གསུངས་པ། ༼རྣམ་དག་ཆོས་ཉིད་ཀྱི༽རྣམ་ཤེས་དང་ནི་༼རང་བཞིན༽འོད་གསལ་དང༌། །༼རང་བཞིན་གྱིས༽མྱ་ངན་༼ལས༽འདས་༼པ༽དང་༼ཆོས༽ཀུན་༼གྱིས༽སྟོང་༼པའི་གཞི༽དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །ཞེས་༼འཕགས་པས་གསུངས་པ༽སློབ་དཔོན་བྷ་བྱ་ཡིས་དབུ་མ་རིན་ཆེན་སྒྲོན་མར་དྲངས་སོ། །སྐབས་འདིའི་རྣམ་ཤེས་ནི་ཆོས་ཉིད་ཀྱི་རྣམ་ཤེས་དང་རྣམ་ཤེས་རྣམ་པར་དག་པ་༼དང་ཁམས་གསུམ་དང་དུས་གསུམ་ལས་འདས་པའི་རྣམ་ཤེས༽ལ་དགོངས་པ་ཡིན་ཏེ། འོད་གསལ་ཆོས་སྐུའི་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་བཞེད་དེ། སྤྱོད་བསྡུས་སྒྲོན་མར། ༼སྟོང་གཞི༽དོན་དམ་པའི་བདེན་པ་ནི་ལུས་མེད་༼ལུས་ཏེ་ལུས་ཀྱི་མཆོག་ཡིན༽པ་༼འགལ་འདུས་སྐྱོན་མེད་ཡིན་པས༽དཔེ་མེད་པ་༼འདུས་མ་བྱས་ཡིན་པས༽རྩོམ་པ་ཐམས་ཅད་དང་བྲལ་བ། སོ་སོ་རང་གི་རིག་པ་༼ཡེ་ཤེས་ཀྱི་སྤྱོད་ཡུལ༽སྟེ། དེ་བས་ན་བླ་མའི་ཁ་ནས་བསྟན་པ༼འི་དོན་བསྒོམས་པ༽མེད་པར་ཤེས་པར་མི་འགྱུར་རོ། །ཇི་སྐད་དུ་གསུངས་པའི་ཚིག་ལས་ཀྱང༌། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་༼དང་འདྲ་བ༽རང་ལུས་༼ཕུང་པོ་ལྔ་རྣམས༽ཉིད་༼ཡིན་ལ༽། །དེ་༼ཁོ་ན༽ཉིད་༼དོན་དམ་ནི༽མར་མེ་ལྟ་བུ་ཉིད་༼ཡིན་པས༽། །བླ་མའི་ཁ་ཡིས་༼ཏེ་ཞལ་གྱི་གདམས་པ་བསྒོམས་པས༽ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་༼གདོད་ནས་བཞུགས་པ་དེ༽གསལ་བར་༼མངོན་དུ༽འགྱུར། །ནམ་མཁའ་༼གཞན་སྟོང་ཆེན་པོ༽ལས་ནི་༼བདེ་ཆེན་གྱི༽ནམ་མཁའ་འབྱུང་༼བ༽། །༼དོན་དམ་གྱི༽ནམ་མཁས་ནམ་མཁའ་མཐོང་གྱུར་པའི། །༼དབྱིངས་རིག་དབྱེར་མེད་པ༽ དེ་ཉིད་༼ནི༽བླ་མའི་ཁ་ཉིད་ལས། །སྦྱོར་བ་༼སྟེ་རྡོ་རྗེའི་རྣལ་འབྱོར༽ལེགས་པར་སྟོན་༼ཅིང་དེ་བསྒོམས་པས་མཐོང༽པ་ཡིན། །ཞེས་པ་ལ་སོགས་པའོ། །གལ་ཏེ་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། དེ་བཞིན་གཤེགས་པའི་སྙིང་པོ་ངེས་དོན་ཡིན་པ་བཀག་པ་མ་ཡིན་ནམ་ཞེ་ན། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ་ནི་གསལ་པར་བསྟན་ཏེ། ཇི་སྐད་དུ། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་༼ཅན༽སྟེ་དེས་རྣལ་འབྱོར་པའི་མི་ཕྱེད་པའི་ལུས་བསྐྱེད་པས་ན། རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཞེས་དང༌། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པའི་སྙིང་པོ་༼ཅན༽ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པར་ཡང༌། སངས་རྒྱས་རྣམས་ནི་བྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་ན། །དངོས་པོ་ཀུན་གྱི་༼ཆོས་ཉིད༽སྟོང་པ་ཉིད་༼ནི༽། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས་༼དེ་ནི༽། །ཡང་དག་མཐའ་དང་དེ་བཞིན་ཉིད་༼ཡིན་ཏེ༽། །དེ་༼ནི་ཀུན་རྫོབ་འདི་ལས༽གཞན་༼གྱི༽དངོས་པོ༼སྟེ་ངོ་བོ་དོན་དམ་པ༽འི་སྟོང་ཉིད་དོ། །༼ཀུན་རྫོབ་འདི་ལས༽གཞན་གྱི་དངོས་པོ་༼སྟེ་ངོ་བོ༽ནི་༼ཕ་རོལ་ལམ༽མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་༼དོན་དམ་པའི་བདེན་པ༽ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །ཞེས་པ་ཡང་བྱུང་བས་ནང་འགལ་གསུང་པ་ཡིན་ནམ་ཅི་ཞེས་དཔྱད་པར་རིགས་ཏེ། སྔར་མཚན་ཉིད་པའི་དུས་ན་༼མུ་སྟེགས་པས་བརྟགས་པའི་བདག་དང་བདེ་གཤེགས་སྙིང་པོ་འདྲ་སྙམ་པ༽དེ་འདྲའི་ཐུགས་རྟོག་སྐྱེས་ཀྱང་ཕྱིས་གསང་སྔགས་ཟབ་མོ་ལ་ཞུགས་པས་ཐུགས་སྐྱེད་ཐོན་ནས་གྲུབ་མཐའ་འགྱུར་པ་ཡིན་ནམ་སྙམ་དུ་ཡང་སེམས།ཞེས་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །གཞན་ཡང་ཀླུ་སྒྲུབ་ཀྱི་ག་ལའི་འཇིགས་མེད་དང༌།སྔགས་གཞུང་དུ་མར་གཞན་སྟོང་གསུངས་མོད་འདིར་མང་དུ་དོགས་ནས་མ་སྤྲོས་སོ། །ཆོས་དབྱིངས་དེ་བེམ་པོ་མ་ཡིན་པར་རིག་པ་ཡིན་ཏེ། ཆོས་དབྱིངས་དེ་ཉིད་རིག་པ་ཡིན་པ་དང༌།སེམས་ཀྱི་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་ཉིད་ཆོས་དབྱིངས་ཡིན་པའི་ཕྱིར་ཏེ། མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །ཞེས་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། རྒྱུད་ལས། སྟོང་བ་ཉིད་དང་རང་རིག་དང༌། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པུས་རྟོགས་པ་སྟེ། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ཅེས་དང༌། བརྒྱད་སྟོང་བ་ལས། སེམས་ལ་སེམས་མ་མཆིས་པས་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང༌། རྒྱུད་བླ་མ་ལས། ཟག་པ་མེད་པ་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། མདོ་སྡེ་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་སོགས་གསུངས་ལ། བཀའ་བསྡུ་བཞི་བའི་སྐབས་སུ་གཙོ་བོ་ཆོས་དབྱིངས་དེ། བེམ་པོ་མ་ཡིན་པར་ཡེ་ཤེས་ཡིན་པར་རྩལ་འདོན་བྱས་ནས་ཆོས་དབྱིངས་ཡེ་ཤེས་དང༌། དབྱིངས་རིག་དབྱེར་མེད་དང༌། རང་བྱུང་ཡེ་ཤེས་དང༌། འདུས་མ་བྱས་པའི་ཡེ་ཤེས་སོགས་ཡིན་པར་རྒྱས་པར་གསུངས་སོ། །གཞིའི་སྐབས་སམ་ལུས་ཅན་སེམས་ཅན་རྣམས་ལ་སངས་རྒྱས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་གསུམ་བསྟན་བཅོས་རྒྱུད་བླ་མ་ལས་གསུངས་པ་འདི་ལྟ་སྟེ། ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཁྱོད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱབ་པར་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ལ་ཞུགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དྲི་མ་མེད་པ་དེ་ནི་འཁོར་བ་དང་མྱང་འདས་ཀྱི་ཆོས་ཉིད་གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་དང༌། རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་གསུངས་སོ། །ལུས་ཅན་སེམས་ཅན་རྣམས་ཆོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། སེམས་ཅན་གྱི་རིགས་དེ་དྲི་མ་དང་བྲལ་བའི་སངས་རྒྱས་ཀྱི་རིགས་དང་ཐ་དད་མེད་པར་ཤིན་ཏུ་འདྲ་ཞིང་ཉེ་བར་སྤྱོད་ཅིང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་སངས་རྒྱས་ཀྱི་ཆོས་ཉིད་སངས་རྒྱས་ཡིན་པས་སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་པར་སྒྲུབ་པ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཞེས་དང༌། དྲི་མེད་འོད་ལས། ཆ་མེད་ཆ་ལས་འདས་པ་སྟེ། ཞེས་དང༌། ཡུམ་མདོ་ལས། འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་དང༌། རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །བཅད་དུ་མེད་པའི་དག་པར་བརྗོད། །ཅེས་དང༌། རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་སོགས་མདོ་རྒྱུད་ཀྱི་གཞུང་ཐམས་ཅད་ཀྱི་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་དང་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་པར་གསུངས་པའི་གནད་ཀྱིས་གྲུབ་བོ། །ཉན་ཐོས་ཀྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་ལ། རང་རྒྱལ་གྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་ཕྱེད་སེམས་ཆོས་བདག་ཏུ་མ་གྲུབ་པ་རྟོགས་མི་དགོས་ཏེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། ། རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་དང༌། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་དང༌། གཞན་སྟོང་དབུ་མ་རྒྱན་ལས། དེ་ཕྱིར་ཐེག་དམན་འཕགས་པས་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདི་མི་འཐད། །ཅེས་དང༌། དྲིས་ལན་གནད་ཀྱི་གསལ་བྱེད་ལས། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཉན་རང་ལའང་ཡོད་པ་དང༌། མདོ་ཆེན་པོ་སྟོང་པ་ཉིད་སོགས་སྟོང་ཉིད་ཀྱི་རྣམ་གྲངས་ཐེག་དམན་ལ་ཡང་མང་དུ་འབྱུང་ཞིང༌། འོན་ཀྱང་དེ་དག་གིས་དངོས་བསྟན་ཕལ་ཆེར་བ་ནི། དངོས་པོ་རྣམས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བས། བྱེད་པོ་ལ་སོགས་པས་སྟོངས་པ་དང༌། རགས་པ་དང༌། རྒྱུན་དུ་སྣང་བ་རྣམས་འཁྲུལ་པ་ཙམ་དུ་སྟོན་ཅིང༌། ཆོས་གང་ལ་ཡང་ང་བདག་གི་དངོས་པོས་སྟོངས་པ་ཙམ་ཁོ་ན་སྣང་མོད། དེ་ཙམ་རྟོགས་པ་ལ་ཡང་སྟོང་ཉིད་རྟོགས་པའི་ཐ་སྙད་འཇུག་ཏུ་ནི་རུང་སྟེ། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་མེད་རྟོགས་པའི་ཐ་སྙད་ཐོབ་པ་བཞིན་ནོ། །ཞེས་པ་ནས། མདོ་རྒྱན་གྱི་ལུགས་ལ། ཐེག་དམན་པས་བདག་མེད་གཉིས་རྟོགས་ཡོད་པར་འདོད་དགོས་པར་ཐལ་བར་མི་འགྱུར་ཞིང༌། ཞེས་པ་ནས། སྤྱིར་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཉིད། ལུང་རིགས་རྣམ་དག་གིས་གྲུབ་སྟེ། ཡོད་པར་འདོད་པ་རྣམས་ཀྱི་ཁུངས་སུ་འདྲེན་པའི་ལུང་རྣམས་དེའི་ཁུངས་སུ་མི་འགྱུར་ཞིང༌། རིགས་པ་རྣམས་ཀྱང་མ་ངེས་ལ། དེ་ལ་ལྡོག་ཕྱོགས་གནོད་བྱེད་ཀྱི་ལུང་དང་རིགས་པ་ཡང་མང་དུ་ཡོད་པའི་ཕྱིར་རོ། ། ཞེས་སོགས་གསུངས་པས་སོ། །མདོ་རྒྱུད་གང་ན་ཡང་ཉན་ཐོས་ཀྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པ་གསལ་བར་གསུངས་པ་གཅིག་ཀྱང་མེད་དོ། །ཟླ་གྲགས་ཀྱིས་རིགས་པ་གསུམ་དང་ལུང་དགུ་སོགས་ཀྱིས་ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པར་བསྒྲུབས་ཀྱང་ཁྱབ་པ་ཡོད་པ་དང་ནང་འགལ་མེད་པ་ཞིག་སྒྲུབ་ཚུལ་དཔྱད་པར་བྱའོ། །རང་ལུགས་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་མི་འཇོག་པར་དགག་བྱ་ལོག་ཚུལ་གྱི་སྒོ་ནས་འཇོག་སྟེ། ཇོ་ནང་ཀུན་མཁྱེན་གྱི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པའི་དབྱེ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་པའི་ཕྱིར། །ངོ་བོའི་སྒོ་ནས་དབྱེ་བ་ཡོད་མིན་ཏེ། །དགག་བྱ་ལོག་ཚུལ་སྒོ་ནས་ལྡོག་པའི་དབྱེ། །ཐེག་པ་ཆུང་དང་ཆེན་པོའི་རིགས་སོ་སོར། །རྗེས་སུ་བཟུང་ཕྱིར་རྒྱལ་བའི་འདི་གཉིས་གསུངས། །འདི་ཡི་ཡུལ་གྱི་དགག་བྱ་དངོས་མི་སྲིད། །ཅེས་གསུངས་སོ། ། གང་ཟག་བདག་མེད་རིགས་པའི་གཏན་ལ་དབབ་པ་ལ། ཐེག་མཆོག་དབུ་མ་རྩ་བ་ལས། གང་ཟག་རྫས་སུ་ཡོད་མ་ཡིན། །བརྟགས་པར་ཡོད་པ་ཉིད་དུ་བརྗོད། །ཅེས་སྤྱིར་གང་ཟག་གི་བདག་རྫས་སུ་ཡོད་པ་མ་ཡིན་ལ། གང་ཟག་ཙམ་བརྟགས་པར་ཡོད་པར་དམ་བཅའ་བའོ། །དེ་ནས་རིགས་པ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་ཚད་མ་གང་གིས་ཀྱང་མ་དམིགས་པའི་ཕྱིར། དེ་ཡང་དེ་ནི་མིག་གི་རྣམ་པར་ཤེས་པས་མཐོང་པ་མེད་པ་ནས་བཟུང༌། ལུས་ཀྱི་རྣམ་པར་ཤེས་པས་རེག་པ་མེད་པའི་བར་དབང་ཤེས་ལྔ་བོ་རྟོག་བྲལ་གྱི་ཤེས་པས་ཀྱང་མ་དམིགས་ལ། ཡིད་ཀྱི་རྣམ་པར་ཤེས་པས་གསལ་སྣང་གི་ཚུལ་གྱིས་དམིགས་པ་ཡང་མ་ཡིན་པའི་ཕྱིར་དང༌། ཡིད་རྟོག་བཅས་ཀྱིས་བརྟགས་ཤིང་དཔྱད་པ་ལས། རིགས་ཤེས་རྗེས་དཔག་གིས་འདི་ལྟ་བུའོ། །ཞེས་དམིགས་པ་ཡང་མེད་པའི་ཕྱིར། ཞེས་དང༌། གཅིག་དང་གཞན་དུ་བརྗོད་བྱ་མིན། །ཕུང་པོ་བདག་ཏུ་ཐལ་བ་དང༌། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར། །བདག་ཏུ་སྒྲོ་འདོགས་པའི་གཞི་ཕུང་པོ་དང་གང་ཟག་གི་བདག་གཉིས་གཅིག་དང་ཐ་དད་གང་དུ་ཡང་བརྗོད་པར་མི་བྱ་སྟེ། དེ་ལ་ཉེས་པ་གཉིས་འཇུག་པའི་ཕྱིར། དེ་ཡང་གང་ཞེ་ན། ཡང་ན་ཕུང་པོ་བདག་ཡིན་པའི་སྐྱོན་དང༌། ཡང་ན་བདག་རྫས་ཡོད་དུ་ཐལ་བའི་སྐྱོན་འཇུག་པ་ཡིན། ཞེས་སོགས་ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་སྟོད་དུ་རྒྱས་པར་གང་ཟག་གི་བདག་མེད་གཏན་ལ་དབབ་ཡོད་པས་དེར་ཤེས་པར་བྱའོ། །ལམ་རིམ་བདུད་རྩིའི་ཉིང་ཁུ་དང༌། ས་བཟང་གི་མདོ་སྡེ་རྒྱན་ན་རྒྱས་པར་ཡོད་དོ། །འདིར་མང་དོགས་ནས་མ་བྲིས་སོ། །ཆོས་ཀྱི་བདག་མེད་རིགས་པའི་གཏན་ལ་དབབ་པ་ལ། ཕྱི་དོན་དུ་མ་གྲུབ་པ་གཏན་ལ་དབབ་པ་དང༌། སྤྱིར་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་གཉིས། དང་པོ་ནི། ཕྱི་དོན་མེད་པར་སྒྲུབ་བྱེད་ཀྱི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ནི། ཚད་མ་རྣམ་ངེས་ལས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོ། །ཐེག་བསྡུས་སོགས་སུ་རྨི་ལམ་དང་གཟུགས་བརྙན་ལ་སོགས་པའི་རིགས་པ་ནི། ཐེག་བསྡུས་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་ལ་ཡང༌། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པར་རུང་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །རྨི་ལམ་ལ་སོགས་དག་དང་མཚུངས་ཕྱིར་དང༌། །བློ་དང་ལྷན་ཅིག་ཁོ་ནར་དམིགས་པས་ཀྱང༌། །སེམས་སྣང་ཙམ་ཡིན་གཞན་དུ་མེད་པར་གྲུབ། །ཅེས་གསུངས་སོ། །


previousབོད་དུ་འགྱུར་བ་རགས་རིམ་ཙམ།next