ན་བུན་དགེ་བསྙེན་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ།
ན་བུན་དགེ་བསྙེན་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ་བཞུགས་སོ།
གུ་རུ་དྷེ་ཝ་ཌཱཀྐི་ཧཱུྃ། པད་འབྱུང་དྲེགས་པ་ཀུན་འདུལ་ལ། །རབ་ཏུ་དད་པས་ཕྱག་འཚལ་ལོ། །དེ་ཡི་བཀའ་སྡོད་མཐུ་རྩལ་ཅན། །ན་བུན་དགེ་བསྙེན་མཆོད་པའི་ཐབས། །གཞི་དཀར་འབྲུ་ཡིས་པད་འདབ་བརྒྱད། །དེ་སྟེང་རིན་ཆེན་སྣོད་ནང་དུ། །དཀར་གཏོར་རྩེ་རྒྱལ་གཅིག་ལ་ནི། །འདབ་མ་ཆེན་པོ་བརྒྱད་བཏགས་ཏེ། །མདུན་གྱི་འདབ་སྟོང་རིལ་བུ་ནི། །གཉིས་ནི་རྩིག་མར་བཞག་པར་བྱ། །གཏོར་མ་དེ་ལ་ཀླུ་སྨན་བཏབ། །འོ་མ་ཞོ་དང་ཇ་ཆང་ཕུད། །ཕྱེ་མར་བཟང་ཤིང་དུད་པ་བཏང་། །མདའ་དར་དར་སྣ་དཀར་དམར་བརྒྱན། །རྟེན་པའི་རྫ་ས་སུ་བཅངས་ན་ལེགས། །དེ་ལ་སྲོག་སྔགས་ཤོག་དྲིལ་དང་། །སྐུ་གཟུགས་ཙ་ཀ་ལི་ཡང་བཏགས། །དེ་ནས་འདི་སྐད་བརྗོད་པར་བྱ། །རང་ཉིད་པདྨ་
འབྱུང་གནས་སྐུར་གསལ་བའི། །མདུན་དུ་བླ་མཚོ་ཤེལ་བྲག་ལྗོན་པའི་ཚལ། །སྟེང་ན་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་སྒྲོག ། ན་བུན་སྐྱི་བུན་འཐིབ་ཅིང་སྦྱང་ཆར་འབེབས། །ལོངས་སྤྱོད་འདོད་དགུ་གཅལ་དུ་བཀྲམ་པའི་དབུས། །ཨ་ར་ན་ཡི་ཡི་གེ་ལས་བྱུང་བའི། །ཀླུ་བཙན་འབར་བ་རྡོ་རྗེ་ཡེ་ཤེས་རྩལ། །མི་དཀར་དཔའ་བརྗིད་དར་དཀར་བེར་ཆེན་གསོལ། །དེ་ཡི་ནང་ན་དར་དམར་ཐོད་ཁ་མནབས། །དབུ་སྐྲ་ཐོར་ཚུགས་དར་དཀར་ལ་ཐོད་བཅིངས། །ཐོར་ཚུགས་རྩེ་ལ་དབང་རྟགས་ནོར་བུས་བརྒྱན། །སྙན་གོང་གཡས་གཡོན་སྦྲུལ་གྱི་གདེངས་ཀ་
འཕྱོ། །འཕྲུལ་གྱི་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །ཕྱག་གཡས་ནོར་བུ་དར་མར་རུ་དར་ཕྱར། །གཡོན་པས་གསེར་མདོག་དར་གྱིས་ལྕིབ་པ་ཡི། །ག་འུ་དང་བཅས་ཞགས་པ་ཕྱག་ན་འཛིན། །ཕྱོགས་བཞིར་དེ་ཡི་བཀའ་བློན་མཆེད་སྡེ་བཞི། །ཤར་དུ་གཉན་ཆེན་དཀར་པོ་ལུག་ལ་ཞོན། །ལྷོ་རུ་གནོད་སྦྱིན་ལྗང་ཁུ་ཕ་བང་ཆིབས། །ནུབ་ཏུ་བཙན་རྒོད་དམར་པོ་རྭ་སྐྱེས་ཞོན། །བྱང་དུ་ཀླུ་ནག་སྦལ་ཞོན་སྤྲུལ་ཆེན་ཁྲིད། །གཞན་ཡང་མ་མོ་ནག་མོ་བྱ་ནག་དང་། །གནོད་སྦྱིན་ནག་པོ་མགོ་ཐུར་མེ་དཔུང་འབར། །སྨན་མོ་གླང་ཆེན་ཞོན་དང་མི་མ་ཡིན། །ཆོམ་རྐུན་རིགས་ཅན་སེར་པོ་གཡག་ལ་ཞོན། །ཀུན་ཀྱང་སྤྲིན་ནག་འཁྲིགས་པའི་དབུས་ན་བཞུགས། །གཙོ་བོའི་ཐུགས་ཀར་ཨ་ར་ན་གསུམ་དང་། །འཁོར་རྣམས་མིང་ཡིག་དང་པོས་མཚན་པ་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཁ་བའི་ལྗོངས། །སྒང་དྲུག་སྒང་མཆོག་མདོ་ཁམས་ཟལ་མོ་སྒང་། །སྒང་དྲུག་ཆུ་མཆོག་ལྷོ་ཟླ་ངང་མོའི་ཆུ། །བླ་མཚོ་ནག་པོ་འཇིགས་རུང་རླབས་
ཕྲེང་གཡོ། །རྫོང་བརྒྱད་རྫོང་མཆོག་ཆམ་གྱི་ན་བུན་རྫོང་། །རིན་ཆེན་བྲག་རི་སྦྲུལ་གྱི་གདེངས་ཁ་འདྲ། །ལྗོན་ཤིང་སྣ་ཚོགས་ནགས་ཚལ་ཡིད་འོང་ཚལ། །བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་ན། །ཀླུ་བཙན་དགེ་བསྙེན་ཆེན་པོ་ཡེ་ཤེས་རྩལ། །འཁོར་བཅས་མཆོད་ཕྱིར་བདག་གིས་སྤྱན་འདྲེན་ན། །སྐད་ཅིག་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །དགའ་ཞིང་གུས་པའི་སེམས་དང་བཅས་ཏེ་བྱོན། །ཡིད་སྤྲུལ་ལྗོན་ཤིང་དྲི་བསིལ་སྐྱེད་མོས་ཚལ། །གཙོ་འཁོར་འཚམས་པའི་གདན་ལ་དགྱེས་པར་བཞུགས་། །དམ་ལ་བཞག་པ་ནི། སྔོན་ཚེ་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །ན་བུན་རྫོང་དུ་ཟླ་གསུམ་ཧཱུྃ་བསྒྲུབ་ཅིང་། །དྲེགས་པའི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། །དེ་ཚེ་ཀླུ་བཙན་དམར་པོ་སྲོག་འཕྲོག་ཁྱོད། །དམ་ལ་བཏགས་ནས་བཀའ་ཡི་སྲུང་མར་བསྐོས། །སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བ་ཡི། །ཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པར་མཛོད། །ཨོ་རྡོ་རྗེའི་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ། ས་མ་
ཡ་ཧཱུྃ། མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་མི་ གཙང ་དྲི་མ་སྦྱངས། །ཧཱུྃ་ཡིག་ལས་བྱུང་རིན་ཆེན་སྣོད་ནང་དུ། །ཁཾ་ཡིག་ལས་བྱུང་བདུད་རྩིའི་གཏོར་མ་དང་། །མཐུན་རྫས་ལོངས་སྤྱོད་འཛད་མེད་གཏེར་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ། འོ་ཞོའི་མཆོད་ཡོན་ཤང་དྲིལ་དཀར་དང་དམར། །སྤོས་དཀར་ནཱ་གི་ཙནྡན་དཀར་དམར་སྤོས། །མེ་ཤེལ་ཆུ་ཤེལ་རིན་ཆེན་བཻཌཱུར་འོད། །རྒྱུ་ཇའི་དྲི་ཆབ་དཀར་གསུམ་མངར་གསུམ་ཟས། །པི་ཝང་གླིང་བུ་ཏིང་ཏིང་ཤག་པའི་སྒྲ། །སྦྲུལ་སྦྲུལ་ཆུ་རྟ་ཆུ་གནས་སྣ་ཚོགས་གཟུགས། །ཡིད་འོང་སྙན་པའི་དབྱངས་དང་རོལ་མོའི་སྒྲ། །ཕྱེ་མར་ཤུན་གསུར་བསྲེགས་པའི་དྲི་ངད་ལྡན། །བ་དཀར་ར་དཀར་འོ་མ་སྦྲང་རྩིའི་རོ། །བལ་ཚོན་དར་ཚོན་དར་རས་སྔོ་དམར་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །ཛཱ་ཏི་པུ་ཤེལ་རྩེ་དང་དབང་ལག་སོགས། །ཀླུ་སྨན་རྣམ་པ་སྣ་ཚོགས་མཆོད་པ་འབུལ། །ཁྱད་པར་གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཟག་མེད་བདེ་སྐྱིད་ཟད་མེད་ནམ་མཁའི་མཛོད། །ན་བུན་དགེ་བསྙེན་རྡོ་རྗེ་ཡེ་ཤེས་རྩལ། །འཁོར་དང་སྤྲུལ་པ་ཡང་སྤྲུལ་
བཅས་ལ་འབུལ། །རབ་ཏུ་དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཨོ་རྡོ་རྗེ་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་སྡོད་ན་བུན་དགེ་བསྙེན་ཆེ། གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ། །ཀླུ་བཙན་དམར་པོ་སྲོག་འཕྲོག་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །དར་དམར་བེར་སྟེང་བེར་དཀར་གསོལ། །དར་དཀར་ལ་ཐོད་གདེངས་ཀས་བརྒྱན། །དབང་རྟགས་ནོར་བུ་གཙུག་ན་མཛེས། །ཕྱག་གཡས་མདུང་དར་ནོར་བུ་འཛིན། །གཡོན་པས་གའུ་ཞགས་པ་འཛིན། །དར་བེར་དཀར་དམར་བརྩེགས་མ་གསོལ། །ཅང་ཤེས་དུང་མདོག་འཕུར་ཤེས་ཆིབས། །དགེ་བསྙེན་ཆེན་པོ་ཁྱོད་ལ་བསྟོད། །ཁྱེད་ནི་འདོད་དགུར་བསྒྱུར་བའི་གཟུགས། །མི་དཀར་བྱ་རྒོད་རྟ་དམར་དང་། །རྐང་པ་གྱོལ་དང་ཨ་ཙ་ར། །སྤྲུལ་པ་འཁོར་དང་བཅས་ལ་བསྟོད། །གཉན་གྱི་ལུག་ཞོན་ཤར་ན་གནས། །གནོད་སྦྱིན་ཕ་ཝང་ཞོན་པ་ལྷོ། །རྟ་ཞོན་བཙན་ནི་ནུབ་ན་སྟེ། །ཀླུ་ནག་སྦལ་ཞོན་སྤྲུལ་
ཁྲིད་བྱང་། །མ་མོ་ནག་མོ་བྱ་ནག་དང་། །གནོད་སྦྱིན་སྤྱི་བོ་གཙུག་གིས་འགྲོ། །གླང་ཆེན་ཆིབས་པའི་སྨན་མོ་དང་། །གཡག་ཞོན་ཆོམ་རྐུན་ལ་སོགས་པ། །འཁོར་དང་བཅས་ལ་བདག་གིས་བསྟོད། །ཕྲིན་ལས་བཅོལ་བ་ནི། མཆོད་གཏོར་བཟང་པོ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད་། །ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྤེལ། །བཙའ་སད་སེར་བ་མ་གཏོང་ཞིག །མི་ནད་ཕྱུགས་ནད་ཞི་བར་མཛོད། །ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད། །ཀླུ་ནད་ཞ་གྲུམ་རྐང་འབམ་སོགས། །ཀླུ་ཡི་ནད་རྣམས་ཞི་བར་མཛོད། །རིམས་ཡམས་གག་པ་ལྷོག་པ་སོགས། །གཉན་གྱི་ནད་རྣམས་ཞི་བར་མཛོད། །རྨ་གཡང་དངོས་གྲུབ་ཆར་ལྟར་ཟཕོབ་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་ཁས་བཙན་པ། །དྲག་པོ་བཙན་གྱི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཤགས་པ་ནི། ཧཱུྃ། ཀླུ་བཙན་རྡོ་རྗེ་ཡེ་ཤེས་རྩལ། །འཁོར་དང་སྤྲུལ་པ་སྡེ་ཚོགས་བཅས། །ཁྱེད་
ནི་ཡིད་ཀྱི་མངོན་ཤེས་ལྡན། །བདག་ནི་མ་རིག་རྨོངས་པས་བསྒྲིབས། །ཕ་མྱེས་སྔ་རབས་མན་ཆོད་ནས། །བུ་ཚ་ཕྱི་རབས་ཡན་ཆོད་ཀྱིས། །ས་གཉན་རྐོས་དང་རྡོ་གཉན་རློག །ཤིང་གཉན་བཅད་དང་རི་མེ་ཤོར། །རི་དྭགས་ཆུ་གནས་བསད་པ་དང་། །ཐབ་གཞོབ་འཁོན་དང་བཙོག་ནལ་སོགས། །མནའ་གཉན་སྐྱེལ་ལེན་དཔང་པོ་བྱས། །དེ་སོགས་ཐུགས་དང་འགལ་བ་རྣམས། །རབ་ཏུ་འགྱོད་པས་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཁ་འཛིན་མཛོད། །ཨོ་ས་མ་ཡ། ས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཀླུ་ནག་འཁོར་བཅས་བ་ཡུ་བ་ཧཱུྃ། ཨོབཛྲ་སཏཱ་ས་མ་ཡ་སོགས། ནས། ས་ཏྭ་ཨཱ་དེ་ནས་བསྙེན་པ་བྱ་འདོད་ན། །ཀླུ་བཙན་ཐུགས་ཀར་ཨ་རི་ན། །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །བསྐུལ་བས་སྔོན་གྱི་དམ་ཚིག་བསྐུལ། །གང་འདོད་ཕྲིན་ལས་བསྒྲུབ་པར་དམིགས། །སྲོག་སྔགས་འདི་གསུམ་གང་རུང་བཟླ། །ཨོ་རྡོ་རྗེ་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ཞེས་སམ། ཨོཾ་ཀླུ་ནག་འཁོར་བཅས་བ་ཡུ་བ་ཧཱུྃ། ཞེས་སམ། ཁ་ཐོག་ཐོག་ཤ་རི་ཧཱུྃ། ཞེས་གང་མོས་བཟླའོ། ༈ དེ་ནས་བསང་མཆོད་
འབུལ་འདོད་ན། །མཆོད་པ་བྱས་ལ་བསང་དུད་བཏང་། །ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས། །རྒྱལ་ཡུམ་ལྔ་ཡི་རྣམ་འཕྲུལ་ལས། །འབྱུང་བ་ཆེན་པོ་ལྔ་རུ་སྲིད། །འབྱུང་བའི་དྭངས་མ་ཤིང་དུ་འཁྲུངས། །ཞི་བའི་ལས་གྲུབ་བ་ལུ་དཀར། །རྒྱས་པའི་ལས་གྲུབ་སྟག་པ་སྟེ། །དབང་གི་ལས་གྲུབ་ཙནྡན་དམར། །གཡུ་ལོ་ཤུག་པ་སྣ་ཚོགས་འགྲུབ། །ཀླུ་ཤིང་འོམ་བུ་ཀླུ་ཡི་སྨན། །ཉ་བྲིད་ཀླུ་གཉན་དགའ་བའི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། །ཐང་ལོ་ཀླུ་གཉན་ཀླུ་ནད་སེལ། །མཁན་དཀར་བསངས་ཤིང་ཡ་མཚན་ལྡན། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྣ་ཚོགས་བསྲེགས། །གསུར་གྱི་དུད་པ་སྤྲིན་ལྟར་འཐིབས། །དུད་པའི་ཟེར་མ་རེ་རེ་ལ། །འདོད་ཡོན་སྣ་ཚོགས་ཆར་དུ་འབེབས། །དྲི་མ་སྣ་ལ་སྣོམ་ཙམ་གྱིས། །ཀླུ་ཡི་ནད་རྣམས་ཐམས་ཅད་ཞི། །འདི་འདྲའི་ཡ་མཚན་བསང་མཆོད་འདི། །ཀུན་ཏུ་བཟང་པོ་ལ་སོགས་པའི། །རྒྱལ་བ་ཀུན་གྱི་ཆོས་སྐུ་བསང་། །ཐུབ་ཆེན་གངས་ཆེན་མཚོ་ལ་སོགས། །སངས་རྒྱས་ལོངས་སྐུ་ཐམས་ཅད་བསང་། །བསྐལ་བཟང་སངས་
རྒྱས་སྟོང་ལ་སོགས། །རྒྱལ་བ་ཀུན་གྱི་སྤྲུལ་སྐུ་བསང་། དགའ་རབ་ཤྲཱི་སེང་པདྨ་འབྱུང་། །གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་བསང་། །རྗེ་འབངས་ཉི་ཤུ་རྩ་ལྔ་བསང་། །བོད་ཀྱི་རིག་འཛིན་ཐམས་ཅད་བསང་། །བཀའ་དགོངས་ཕུར་གསུམ་གྲོ་ལོད་སོགས། །ཐེག་པ་དགུ་ཡི་ལྷ་ཚོགས་བསང་། །མ་ནིང་མ་གཟའ་དམ་གསུམ་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་། །བརྟན་མ་མགུར་ལྷ་ལ་སོགས་པའི། །བོད་ཀྱི་སྲུང་མ་ཐམས་ཅད་བསང་། །སྐུ་རྒྱལ་དུང་སྣ་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག་བསང་། །ཁྱད་པར་བསང་ཞིང་མཆོད་པ་ནི། །ན་བུན་དགེ་བསྙེན་ཆེན་པོ་བསང་། །ཀླུ་བཙན་དམར་པོ་སྲོག་འཕྲོག་བསང་། །རྡོ་རྗེ་ཡེ་ཤེས་རྩལ་ལྡན་བསང་། །༔ སྤྲུལ་པའི་མི་ཕོ་དཀར་པོ་བསང་། །དུང་གི་བྱ་རྒོད་འཕུར་སྐྱེན་བསང་། །བཙན་རྟ་དམར་པོ་རྒྱུག་སྐྱེས་བསང་། །ཨ་ཙ་ར་ནི་མགོ་སེ་བསང་། །རྐང་པ་འཐིང་པའི་མི་ཕོ་བསང་། །ཤར་གཉན་དཀར་པོ་ལུག་ཞོན་བསང་། །གནོད་སྦྱིན་ཕ་ཝང་ཞོན་པ་བསང་། །ནུབ་ཀྱི་བཙན་དམར་རྟ་ཞོན་བསང་། །བྱང་གི་ཀླུ་ནག་སྦལ་ཞོན་བསང་། །མ་མོ་
བྱ་ནག་གནོད་སྦྱིན་བསང་། །སྨན་མོ་ཆོམ་རྐུན་ཐམས་ཅད་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །གནས་བདག་གཞི་བདག་ཐམས་ཅད་བསང་། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཉམས་དང་རླུགས་པ་སངས་གྱུར་ཅིག །ཕོག་ཐུགས་འགྲམ་འཁྲུག་ཞི་གྱུར་ཅིག །མི་ནད་ཕྱུགས་ནད་ཞི་གྱུར་ཅིག །བཙའ་སད་སེར་གསུམ་ཞི་གྱུར་ཅིག །འཐབ་རྩོད་འཁྲུག་ལོང་ཞི་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད་། །ཅེས་པ་འདི་ནི། རཱ་ག་ཨ་སྱས་སྒྲུབ་ཕུག་མཚོ་ཁ་དེར་གནས་འབྲེལ་མཛད་པས་ཉམས་དང་རྨི་ལམ་ཆོ་འཕྲུལ་འགའ་ཞིག་བྱུང་བ་ལ་བརྟེན་ནས་མཛད་པས་ཕུད་འབུལ་དུས་དང་དཀར་གཏོར་འབུལ་དུས་དང་། བསང་ལ་ཡང་ལེགས་སོ། །བརྒྱུད་འཛིན་མི་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་
ལེན། །ཕྲུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་སྐྱིད་པ་ཧཱུྃ། །མགྲོན་རྣམས་རང་རང་གནས་སུ་གཤེགས། །གཏན་དུ་ཕ་ཁུ་སྤུན་བཞིན་དུ། །གཏན་དུ་ཁ་འཛིན་སྡོང་གྲོགས་མཛོད། །སརྦ་གཙྪ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།