Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
སྣོད་བཅུད་ཁྱད་ཆོས་བཤད་པ།
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousསྣོད་བཅུད་ཁྱད་ཆོས་བཤད་པ།next

སྣོད་བཅུད་ཁྱད་ཆོས་བཤད་པ།


GLG014_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་སྣོད་བཅུད་ཀྱི་ཁྱད་ཆོས་ལ། དངོས་དང་། འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་ཇི་ལྟར་འགྲིབ་ཚུལ། འགྲིབས་པའི་མཐར་ཇི་ལྟར་འབྱུང་ཚུལ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་བསྐལ་པ་དང་པོར་བྱུང་བའི་སེམས་ཅན་རྣམས་ལ་རྗེ་འབངས་ཀྱི་ཐ་སྙད་མེད་དེ། གཟུགས་ཅན་གྱི་ལྷ་བཞིན་དུ་རྫུ་འཕྲུལ་གྱི་ནམ་མཁའ་ལ་འགྲོ་བ་དང་། རང་འོད་ཀྱིས་མུན་པ་སེལ་ཞིང་དགའ་བ་ཟས་སུ་ཟ་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། བསྐལ་པ་དེ་རིམ་གྱིས་འགྲིབ་པ་ན་སྐྱེས་བུ་སྐམ་ཆགས་ཅན་ཞིག་གིས་སྦྲང་རྩི་ལྟ་བུའི་རོ་ལ་ཆགས་ཤིང་། དེ་ནས་གཞན་ཞིག་གིས་མ་རྨོས་པའི་ལོ་ཏོག་ལ་ལེ་ལོས་གསོག་འཇོག་བྱས། དེ་རྗེས་བདག་ཏུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བཏབ་པས། གཅིག་གི་དེ་ལ་གཞན་གྱིས་ལོངས་སྤྱད་པས་རྩོད་པ་བྱུང་སྟེ། ཐམས་ཅད་ཁ་འཆམ་པར། དཔོན་དུ་མང་པོས་བཀུར་བའི་རྒྱལ་པོ་བསྐོས་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལྟར་འབྱུང་བའི་ཉེས་སྤྱོད་རྣམས་ཀྱང་ལས་ངན་ལ་བརྟེན་ནས་འབྱུང་སྟེ། དེར་མ་ཟད་ལས་ངན་པའི་ལམ་རྣམས་ལྷག་པར་སྤྱད་པས་ཚེ་ཐུང་ཞིང་ལོ་ནི་བཅུ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། མཐར་ཇི་ལྟར་འབྱུང་ཚུལ་ཡོད་དེ། བཅུད་ཀྱི་བསྐལ་པ་ནི། མཚོན་གྱི་བསྐལ་པ་བར་མ་དང་། ནད་ཀྱི་བསྐལ་པ་བར་མ་དང་། མུ་གེའི་བསྐལ་པ་བར་མ་དག་གི་ཚར་ཕྱིན་པའི་ཕྱིར། གོ་རིམ་བཞིན་དེ་རྣམས་ཀྱི་ཡུན་ཚད་ཡོད་དེ། མཚོན་བསྐལ་ཞག་བདུན། ནད་བསྐལ་ཟླ་བ་བདུན། མུ་གེའི་བསྐལ་པ་ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་འབྱུང་བའི་ཕྱིར། གཉིས་པ་འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་ལ།


GLG014_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འཇིག་པའི་རྐྱེན། གང་འཇིག་པའི་ངོ་བོ། འཇིག་པའི་རྒྱུ་མཚན། འཇིག་ཚུལ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ཡོད་དེ། དེ་ཉི་མ་བདུན་གྱི་མེ་དང་། ཆར་པའི་ཆུ་དང་། རླུང་གིས་རབ་ཏུ་འཇིག་པ་དག་ནི་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན་དེ་ཡོད་དེ། བསམ་གཏན་གཉིས་པ་དང་སོགས་པས་གསུམ་པ་དང་། བཞི་པ་སྟེ། གསུམ་པོ་དེ་དག་གི་རྩེ་མོ་རེ་བཞག་སྟེ་ལྷག་མ་རྣམས་ནི་གོ་རིམ་བཞིན་དུ་བཞག་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། རྒྱུ་མཚན་ཡོད་དེ། དེ་དང་དེའི་སེམས་ཅན་གྱི་ནང་གི་སྐྱོན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་དང་། གཉིས་པ་ན། དགའ་བའི་ཆུ་ལྟ་བུ་དང་། གསུམ་པ་ན་དབུགས་འབྱུང་རྔུབ་རླུང་ཡོད་པ་དང་ཆོས་མཚུངས་པའི་ཕྱིར། ཤེས་བྱ་ཆོས་ཅན། བསམ་གཏན་བཞི་པ་ན་འཇིག་པ་དེ་གསུམ་མེད་དེ། ནང་གི་སྐྱོན་དང་བྲལ་བས་མི་གཡོ་བ་ཡིན་པའི་ཕྱིར། འོ་ན་དེ་རྟག་པ་ཡིན་ནམ་ཟེར་ན། མི་རྟག་པ་ཡིན་ཏེ། བཞི་པ་དེའི་གཞལ་མེད་ཁང་རྣམས་སྐར་མ་ལྟར་ཆད་ནས་མ་འདྲེས་པས་ན་སེམས་ཅན་དང་བཅས་ཏེ་ཅིག་ཅར་འབྱུང་ཞིང་འཇིག་པའི་ཕྱིར། བཞི་པ་ནི། འཇིག་ཚུལ་ཡོད་དེ། མེ་ཡིས་བར་མེད་པར་འཇིག་པ་བདུན། དེ་ནས་ཆུ་ཡིས་གཅིག །རིམ་པ་དེ་ལྟ་བུ་འབྱུང་བའི་ཆུ་བདུན་ཐལ་ནས་ནི། སླར་ཡང་མེ་ཡིས་བདུན། དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་གཅིག་ཡིན་པའི་ཕྱིར། དེ་ལྟར་ན་བསྐལ་ཆེན་དྲུག་ཅུ་རྩ་བཞི་རེ་ན་རླུང་གི་འཇིག་པ་རེ་འབྱུང་ངོ་། །ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་གསུམ་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར། སྨྲས་པ། སྣོད་བཅུད་འཇིག་རྟེན་སྣང་ཚུལ་མཐའ་ཀླས་པ། །རྣམ་དཔྱོད་པིར་གྱིས་ཡིད་ཀྱི་རྩིག་ངོས་ལ། །མ་འདྲེས་གསལ་བར་བྲིས་པའི་རང་རྟགས་སུ། །དཀར་འཇམ་ཤོག་བུའི་ངོས་ཀྱང་དོག་པོར་བགྱིས། །
ལྷ་མིའིལང་ཚོ་དར་བའི་བདེ་བ་དང་། ངན་སོང་བཟོད་པར་དཀའ་བའི་སྡུག་བསྔལ་དག །བསམས་ཚེ་བླང་དོར་བྱ་བའི་བློ་སྐྱེ་ཡང་། །ཚུལ་བཞིན་དེ་རྒྱུ་སྒྲུབ་པའི་སྐྱེ་བོ་དཀོན། །དགེ་དང་མི་དགེ་མཐའ་དག་འབྱེད་པ་ལ། །དབྱིག་གཉེན་གཞུང་ལུགས་དག་ལ་ནན་ཏན་དུ། །དང་པོར་ཐོས་དང་བར་དུ་དེ་དོན་སོམས། །ཐ་མར་ཉམས་སུ་ལོང་དང་ཤེས་ལྡན་ཀྱེ། །ཆོས་མངོན་པ་མཛོད་གསལ་བར་བྱེད་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་པ་ལས། གནས་གསུམ་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousསྣོད་བཅུད་ཁྱད་ཆོས་བཤད་པ།next