Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ།
   
   
   
   
   
   


 
previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ།next

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ།


JKT012_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ་བཞུགས་སོ། །ན་མོ་གུ་རུ་བཛྲ་སཏཱ་ཡ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བདག་གི་རྣལ་འབྱོར་ལ་གསུམ། སྔོན་འགྲོ། དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལ། བརྒྱུད་འདེབས་ནི། །ཁྱབ་བདག་དང་པོའི་མགོན་པོ་ཀུན་


JKT012_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློངས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སེངྒའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལར། གསོལ་བ༴ དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བེ་རོ་རྗེར། གསོལ་བ༴ གསང་ཆེན་བསྟན་པའི་ཉི་མ་གཏེར་བདག་གླིང་། །བསྟན་འགྲོའི་གཙུག་རྒྱན་རིན་ཆེན་རྣམ་པར་རྒྱལ། །ཡོངས་འཛིན་དམ་པ་པདྨ་བསྟན་འཛིན་ལ། །གསོལ་བ༴ ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་པར་རྒྱལ། །མཆོག་གཟིགས་པདྨ་དབང་རྒྱལ་ལྕམ་དྲལ་ཟུང་། །རིག་འཛིན་འགྱུར་མེད་སངས་རྒྱས་ཀུན་དགའ་ལ། །གསོལ་བ༴ སྨིན་གྲོལ་འདོད་རྒུའི་མཆོག་སྩོལ་བླ་མ་རྗེ། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། གསོལ་བ༴ འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་ཤར། །ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་རྒལ་གྱི། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །གཉིས་པ་


JKT012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དག་པར་བྱ་བའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སྤྱན་དྲངས་པར་མོས་ལ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས༔མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་ལ་སོགས་པར་བརྗོད་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ༔ གསུམ་པ་དངོས་སུ་བཤམས་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷ་མཱཿསྭ་བྷ་ཝ་ཤུདྡྷོ་ཉཧཾ། ཞེས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མི་དམིགས་པར་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་


JKT012_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་བལྡག་མྱོང་ལ་སོགས་བ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་རྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་པཉྩ་ཨམྲྀ་ཏ་ཨཱཿཧཱུྃ། ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལིཾདྷ་ཨཱཿཧཱུྃ། ཞེས་པ་རྣམས་རེ་རེ་བཞིན་ལན་བདུན་བདུན་བརྗོད་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབ་ཅིང་བཛྲ་སྤ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉ་ཧཾ། འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་


JKT012_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་ར་བ་གུརཿ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡྃ་རྃ་བྃ་ལྃ༔ སུྃ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང་༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང་༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་པ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་


JKT012_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ་ཞེས་པས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོས་དགུག་གཞུག་བཅིངས་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། །དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཊཱུཾ་བཛྲ་ཏུ་ཥྱ་ཧོཿ ཞེས་དབང་བསྐུར་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལ་མཆོད་བསྟོད་བཟླས་པའི་རྣལ་འབྱོར་དང་གསུམ་ལས། དང་པོ་ལ་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་གཉིས་ལས། དང་པོ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང་༔ དྲི་མཆོག་ཞལ་ཟས་རོལ་མོ་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་


JKT012_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ་པྲཱ་ཏཱིཙྪ་ཧོ༔ དེ་བཞིན་དུ་ཤསྔའི་བར་དང་། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་པས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ནི། སྦྱོར་མཆོད་ནི། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོདྷི་ཙིཏྟ་ཨ་ལ་ལ་ཧོ༔ སྨན་དང་རཀྟའི་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་ས་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲི་ཏ་ཨ་ལ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི༔ ཞེས་རྒྱ་ཆེར་མཆོད། །གཉིས་པ་བསྟོད་པ་ནི། ཨོཾ་བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་


JKT012_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གིས་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི ། སྡུག་བསྔལ་ཐམས་ཅད་སྐྱོབས་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། གཞུང་རྩ་བར་དབང་བསྐུར་གྱི་རྗེས་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པར་གསུངས་བས་མཆོད་བསྟོད་མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང་༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཞེས་པའི་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་དག་པ་དྲན་པ་རྣམས་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་སཏཱ་ཨཱཿ ཞེས་པ་ཅི་ནུས་བཟླས་རྗེས་སླར་ཡང་། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲིཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ༔ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་


JKT012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ༔ མཧཱ་ས་མ་ཡ་ས་ཏཱ་ཨཱཿཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླའོ། །སྤྱིར་བསྙེན་ཚད་ནི་གྲངས་བསྙེན་གྱི་དབང་དུ་བྱས་ན་ཡི་གེ་དྲུག་པ་འབུམ་ཚོ་དྲུག་དང་། །ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། བཟླས་པའི་ཐུན་ཐམས་ཅད་ཀྱི་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགསཿ འཇིག་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ ཞེས་གསོལ་བ་གདབ་བོ། །བཞི་པ་ཉེར་བསྡའི་རྣལ་འབྱོར་ནི། ཉལ་བའམ་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་ཅེས་མཉམ་པར་བཞག །གསུམ་པ་རྗེས་ཀྱི་རིམ་པ་ལ། ཉལ་བ་ལས་ལྡང་བའམ། སྤྱོད་ལམ་ལ་འཇུག་ལ། སླར་ཡང་། ཨོཾ་


JKT012_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་ཏཱ་ཨཿས་རྡོ་རྗེ་སེམས་དཔའི་སྐུར་ལངས། གོ་བགོ་བ་ནི། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཅེས་གནས་གསུམ་དུ་རྡོ་རྗེས་རེག་ཅིང་། སྤྱི་བོར་བཛྲ་ཀཱ་ཝཱ་ཙི་རཀྟ་ཧཱུྃ། ཞེས་དང་གོ་ཆའི་རྒྱ་བཅའ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། ཅེས་ང་རྒྱལ་བྱ་ཞིང་། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་ནས་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་དང་ལྡན་། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་


JKT012_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་སྟེ། །བར་དོ་སྒྱུ་འཕྲུལ་དྲ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོས་ཡེ་ཤེས་ས་ཀུན་རྫོགས། །།གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ་ཞིང་། །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། །བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པ་གཏོང་ལུགས་བཞུགས་སོ། །རྡོར་སེམས་ཐུགས་ཀྱི་སྒྲུབ་


JKT012_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྙེན་པ་གཏོང་ལུགས། ཐོག་མར་གནས་ཁང་ཕྱག་དར་བྱ། གཏོར་སྒམ་ལྟ་བུ་བྱི་བས་མི་གནོད་པར། སྨན་རག་གཏོར་གསུམ། དམ་ཅན་སྤྱི་གཏོར། ཉེར་སྤྱོད་བཅས་རྒྱུན་བཞག་རྒྱུར་བཤམ། གུང་དུ་རྡོར་སེམས་ཕྱག་རྒྱ་གཅིག་པའི་བྲིས་སྐུ་ཡོད་ན་དགྲམ། རང་ཉིད་དང་ཞལ་སྤྲོད་བྱུང་ན་ལེགས། མར་ངོའི་གཟའ་ཚེས་དགེ་བར་ཕྱི་དྲོའི་ཆར་སྒོ་དྲུང་དུ་ཐོ་བརྟན་པོར་བཙུགས། །མལ་དུ་འཁོད་ནས་སྔོན་འགྲོ་གཏོང་། ཆོ་ག་ལྟར་བསང་ཆུ་བསྒྲུབ། གཞི་བགེགས་ལ་དཀར་དམར་གཏོར་མ་གཏོང་། ཕྱི་རོལ་དུ་རྒྱལ་ཆེན་ཐོ་འཛུགས་བྱ། ནང་དུ་ལོག་ལ་སྲུང་འཁོར་བསྒོམ། །མཆོད་པ་བྱིན་རླབས་བྱ། དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནས་བཟླས་པའི་བར་བདག་བསྐྱེད་ལྟར། བཟླས་པ་ཅི་ནུས་བྱ། མཇུག་གི་གསོལ་གདབ་སོགས་མཐར་དབྱུང་། དམ་ཅན་སྤྱི་གཏོར་བཀྲ་ཤིས་བར་འདོན། ཐུན་གྲོལ། སླར་སྲོད་ཐུན་ལ་འཇུག །དེའང་བདག་བསྐྱེད་བརྒྱུད་འདེབས་ནས་བཀྲ་ཤིས་བར། སང་ཉིན་སྔ་བར་ལངས་ལ། ཐོར་ཐུན་གྱི་མགོར་སྔོན་འགྲོ་སོགས་ཁ་ཏོན་གཞན་ཅི་རིགས་དང་། དེ་ནས་རྡོར་སེམས་སྔོན་འགྲོ། དལ་འབྱོར་རྙེད་དཀའ་སོགས་ཀྱི་གསལ་འདེབས་སྔོན་དུ་འགྲོ་བས་སྐྱབས་འགྲོ་གཙོ་བོར་བསགས། ཐུན་གྲོལ་རན་པ་ན་སེམས་བསྐྱེད་མན་སྔོན་འགྲོ་


JKT012_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་དབྱུང་། དངོས་གཞི་བརྒྱུད་འདེབས་ནས་བཀྲ་ཤིས་བར་བདག་བསྐྱེད་ཁྱུགས་ཙམ་རེ་བྱ། དེ་ནས་ཐོར་ཐུན་གྲོལ། དེ་བཞིན་དུ་སྔ་ཐུན། ཕྱི་ཐུན། སྲོད་ཐུན་རྣམས་ལ་མ་གཞི་འདོན་ལུགས་འདྲ། ཕྱི་ཐུན་གྱི་མཇུག་ཏུ་དམ་ཅན་སྤྱི་གཏོར་བྱ། དེ་ལྟ་བུའི་རིམ་པས་སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་ཡན་ལག་བདུན་པ་དང་སྦྲགས་ནས་ཕྱག །བླ་མའི་གསོལ་འདེབས་ཤཱ་ལོ་ཀ་གང་རུང་རྣམས་ཁྲི་སོགས་འདོན། དེ་ལྟར་སྔོན་འགྲོ་གྲུབ་ནས་བསྙེན་པ་དངོས་ལ་འཇུག །དེའང་ཐུན་བཞི་ཀའི་མགོར་སྔོན་འགྲོ་ཁྱུགས་ཙམ་རེ་བྱ་བའམ། ཡང་ན་ཐོར་ཐུན་གྱི་མགོར་ཚར་གཅིག་བྱས་ཀྱང་ཆོག གང་ལྟར་ཡང་བདག་བསྐྱེད་བརྒྱུད་འདེབས་ནས་བཀྲ་ཤིས་པར་ཐུན་རེ་བཞིན་བྱ། ཐུན་གྱི་དངོས་གཞིར། དང་པོ་ཡིག་དྲུག་འབུམ་ཕྲག་བདུན་མ་གྲུབ་པར་བསགས། མཇུག་ཏུ་ཡིག་བརྒྱ་ཅུང་ཟད་རེས་ཆོག དེ་ཚར་ནས་ཡིག་དྲུག་ཅུང་ཟད་རེ་སྔོན་དུ་འགྲོ་བས་ཡིག་བརྒྱ་ཁོ་ན་གསོག །གྲངས་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཅིག་ལས་མི་ཉུང་བ་བཟླ། །དམ་ཅན་སྤྱི་གཏོར་ཕྱི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་མ་ཆག་པར་བྱ་དགོས། ཚེས་བརྒྱད་དང་ཡར་མར་ཚེས་བཅུ་སོགས་དུས་བཟང་སྐབས་ཚོགས་མཆོད་མདོར་བསྡུས་རེ་གྲུབ་ན་ལེགས་པས། དམ་ཅན་


JKT012_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཏོར་གྱི་གཞི་བདག་གཏོར་མ་ཚར་རྗེས། ཡེ་ཤེས་སྐུ་མཆོག་སྔོན་དུ་འགྲོ་བས་ཚོགས་བྱིན་རླབས་ནས་བསྒྲལ་སྟོབ་བར་དཀྱུས་ལྟར། དེ་རྗེས་ཚོགས་ལ་རོལ། ལྷག་མ་གཏོང་། དམ་ཅན་སྤྱི་གཏོར་གཏོར་འབུལ་མན་མཐར་དབྱུང་། དེ་ལྟར་ཐུན་བཞིའི་རིམ་པས་བསྙེན་སྒྲུབ་ཀྱི་སྔགས་གྲངས་རྫོགས་ནས་དངོས་གྲུབ་ལེན་ཆོག་མདོར་བསྡུས་བསྙེན་ཡིག་ལྟར་བྱ། དེ་སྔ་དྲོ་གྲུབ་འཕྲལ་མདུན་བསྐྱེད་སྒྲུབ་མཆོད་ཉིན་ཞག་བདུན་ཙམ་བྱུང་ན་ལེགས་པས། རང་གི་མདུན་དུ་སྟེགས་ཇི་ལྟར་རིགས་པར་དཀྱིལ་འཁོར་མཆོད་གཏོར་སོགས་བཤམས། ཕྱི་ཐུན་ནས་དབུ་བཟུང་སྒྲུབ་མཆོད་ཚར་རེ་རྣམ་གྲོལ་ལམ་བཟང་ལྟར་བྱ། སང་ཉིན་ནས་བཟུང་ཐོར་ཐུན་དང་སྲོད་ཐུན་ལ་བདག་བསྐྱེད་ཚར་རེ་གཏོང་། སྔ་ཐུན་དང་ཕྱི་ཐུན་ལ་སྒྲུབ་མཆོད་ཚར་རེ་བྱེད། དེ་ལྟར་ཉིན་བདུན་དང་དང་པོའི་ཕྱི་ཐུན་བཅས་བསྡོམས་པས་ཆོ་ག་ཚར་བཅོ་ལྔ་འགྲོ། སྒྲུབ་མཆོད་ཚར་བའི་ཕྱི་ཉིན་ནས་ཞག་གསུམ་ལ་སྔ་ཐུན་དང་ཕྱི་ཐུན་ལ་ཞི་བའི་སྦྱིན་སྲེག་ཚར་རེ་བྱ། གྲངས་རྫས་ཏིལ་སྔགས་ཡིག་དྲུག་ཕྲེང་སྐོར་རེའི་གཤམ་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། སྡིག་པ་དང་སྒྲིབ་པ་སྔགས་ཀྱི་ལྷག་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། དེ་ལྟ་བུའི་རིམ་པས་ཐུན་རེར་སྟོང་ཕྲག་ལྔ་རེ་ཙམ་བྱ། དེ་ལྟར་བྱས་


JKT012_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉིན་གསུམ་ལ་ཆོ་ག་ཚར་དྲུག །ཉིན་བཞི་པར་སྔ་ཆོག་ཚར་གཅིག་བཅས་བདུན་འགྲོ་བར་བྱས་ནས། སྔ་དྲོ་རྒྱལ་ཐོ་ལེན་འཚམས་གྲོལ་བས་གྲུབ། སྤྱིར་བསྙེན་པ་ཐམས་ཅད་མར་ངོའི་ཕྱི་དྲོ་ལ་མགོ་བཙུགས། ཡར་ངོའི་སྔ་དྲོ་ལ་གྲོལ་བ་ཕྱག་ལེན་དང་། ཚེ་སྒྲུབ་རིགས་ལ་ཡར་ངོའི་སྔ་དྲོ་ལ་མགོ་བཙུགས། ཡར་ངོའི་སྔ་དྲོ་ཞིག་ལ་གྲོལ་བར་མཛད་སྲོལ་སྣང་ངོ་། །ཞེས་པའང་བློ་དམན་གསར་ བུ་འགའ་ལ་ཕན་ཕྱིར་མཁྱེན་བརྩེའི་དབང་པོས་སོ། །


previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ།next