Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
collapse section
  
  
  
  
  
  
  
 
  
  
  
 collapse section
  
  
  
  
  
  
  
  
collapse section
  
  
  
  
 
  
  
 
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
ཟབ་དོན་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཟབ་དོན་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད།next

ཟབ་དོན་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད།

༄༅། །ཟབ་དོན་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཤོག་དྲིལ་ལྷན་ཐབས་བཞུགས་སོ། །

༄༅། །དངོས་གྲུབ་ཐམས་ཅད་འབྱུང་བའི་གཏེར། །དགོས་འདོད་ཆར་འབེབས་རིན་པོ་ཆེ། །བླ་མ་ཡི་དམ་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་རབས་དོན་དུ་ལབ་སྒྲོན་ངས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དབྱེར་མེད་གཅིག་ཏུ་སྒྲུབ་པའི་ཐབས། །སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ལ། །མན་ངག་ཡིག་ཆུང་བཀོལ་བ་ནི། །གསང་སྒྲུབ་ག་འུའི་འཁོར་ལོ་བྲི། །

བྲི་བའི་རྫས་ལ་རྣམ་པ་ལྔ། །ཙནྡན་དམར་དང་སིནྡྷུ་ར། །བྱང་སེམས་དཀར་པོ་པདྨའི་མཚལ། །ཆང་སྦྱར་འཁོར་ལོ་འདི་བྲིས་ཏེ། །ཕོ་འཁོར་མོ་འཁོར་རྩིབས་བཞི་ལ། །མོ་འཁོར་པདྨ་འདབ་བརྒྱད་བྲིས། །ཕྱི་རོལ་མུ་ཁྱུད་འབར་བས་བསྐོར། །དེ་རྒྱབ་ཐོད་པའི་ར་བས་བསྐོར། །འཁོར་ལོའི་ལྟེ་བར་ཨ་བྲིས་ལ། །དེ་ལ་བསྐོར་བའི་སྙིང་པོ་ནི། །ༀ་ཨཱཿཧཱུཾ་གུ་རུ་ཨཱ་ར་ཙ་ཧྲི་ཡ་སིདྡྷི་ཧཱུཾ། རྩིབས་བཞིར་ར་ཙ་ཧྲི་ཡས་བསྐོར། །རྩིབས་མཆན་བཞི་ལ་བྲི་བ་ནི། །ཤར་ལྷོའི་མཚམས་སུ་བྲི་བའི་སྔགས། །ༀ་ཨཱཿཧཱུཾ་གུ་རུ་ཨ་ར་ཆེ་གེ་མོའི་ནད་གདོན་བར་ཆད་དང་དགྲ་བགེགས་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷོ་ནུབ་ཏུ། ༀ་ཨཱཿཧཱུཾ་གུ་རུ་ཞེས་གོང་དང་འདྲའོ། །ཆེ་གེ་མོའི་ཚེ་དང་བསོད་ནམས་དཔལ་འབྱོར་ཏིང་འཛིན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ནུབ་བྱང་དུ། ༀ་ཨཱཿཧཱུཾ་གུ་རུ་ཨ་ར་ཙ་ཧྲི་ཡ་ཆེ་གེ་མོའི་མི་ནོར་ལྷ་འདྲེ་མི་གསུམ་ཐམས་ཅད་བ་ཤཾ་ཀུ་རུ་ཧཱུཾ། བྱང་ཤར་ལ། ༀ་ཨཱཿཧཱུཾ་ཨ་ར་ཙ་ཧྲི་ཡ་ཆེ་གེ་མོའི་དགྲ་བགེགས་མ་ར་ཡ་ཕཊ། མུ་ཁྱུད་ནང་མར། ༀ་ཨཱཿཧཱུཾ་གུ་རུ་ཨ་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ། ཀ་ཡ་ཝ་ཀ་ཙིཏྟ་ཨཱཿཡུ་ཛྙ་ན་ས་མ་ཏི་བ་སུ་པུཥྚིཾ་ཀུ་རུ་ཡེ་ཨ་སུ་ཏྲི་བ་ཤཾ་ཀུ་རུ་ཧོཿསརྦ་སིདྡྷི་ཧཱུཾ་ཧཱུཾ་ཛ་ཛ། རྒྱལ་པོ་དང་བློན་པོ་དང་། མི་ཆེན་དང་ཆེ་བཙུན་གཉན་གསུམ། བན་སྔགས་བོན་གསུམ། ཡུལ་འཁོར་གྱི་སྐྱེ་བོ་ཐམས་ཅད་དབང་དུ་བསྡུས་ཤིག་བ་ཤཾ་ཀུ་རུ་ཧྲིང་ཛ་ཞེས་སོ། །མུ་ཁྱུད་ཕྱི་མ་ལ། ཡེ་དྷར་དང་། ཚེ་དང་བསོད་ནམས་ལོངས་སྤྱོད་སྙན་གྲགས། བཀྲག་མདངས། གཟི་བརྗིད། ཟས་གོས་ནོར་ཚོགས་རིགས་རྒྱུད་བུ་སློབ་འཁོར་དང་མཐའ་འདབ་ཐམས་ཅད་ཤིན་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོ། །པདྨའི་ལྟེ་བར་བཾ་བྲིས་ཏེ། དེ་ལ་བསྐོར་བའི་སྔགས། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོ་ལ་ལོག་པར་ལྟ་བའི་ལྷ་འདྲེ་སིདྡྷི་ཧཱུཾ། འདབ་མ་བཞི་ལ་ཧ་རི་ནི་ས་བྲི། འདབ་མའི་མཚམས་བཞིར། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོའི་ནད་གདོན་དགྲ་བགེགས་བར་ཆད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤར་ལྷོར། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ལོངས་སྤྱོད་པུཥྚིཾ་ཀུ་རུ་ཡེ་ༀ། ལྷོ་ནུབ་ཏུ། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོའི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་པུཥྚིཾ་ཀུ་རུ་ཡེ་ༀ། ནུབ་བྱང་ལ། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོ་ལ་ལོག་པར་ལྟ་བ་ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་ཡེ་ཧོ། བྱང་ཤར་ལ། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཆེ་གེ་མོ་ལ་གནོད་པའི་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། མུ་ཁྱུད་ནང་མ་ལ། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཀ་ཡ་ཝ་ཀ་ཙིཏྟ་ཨཱཿཡུ་ཛྙ་ན་བ་སུ་པུཤྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨ་ནྲ྇་ཏྲི་ཝ་ཤཾ་ཀུ་རུ་ཧོ། སརྦ་སིདྡྷི་ཧཱུཾ་ཧཱུཾ་ཛ་ཛ། བཙུན་མོ་དང་ཡུལ་འཁོར་གྱི་བུད་མེད་ཀྱི་རིགས་ཐམས་ཅད་རང་དབང་མེད་པར་བསྡུས་ལ་དབང་དུ་བསྡུས་ཤིག་ཝ་ཤཾ་ཀུ་རུ་ཧྲིཾ་ཛ། མུ་ཁྱུད་ཕྱི་མ་ལ། ཡེ་དྷརྨ་ཤམ་བུ་དང་བཅས་པ་བྲིའོ། །ལྷ་འདྲེ་མི་གསུམ་བླ་རྡོ་ནི། །ཤེལ་ལ་ལྷ་ཡི་སྲོག་སྙིང་ཨ། །གཡུ་ལ་མི་ཡི་སྲོག་སྙིང་ནྲ྇། །ཕ་ཝང་ལང་བུར་འདྲེ་ཡི་ཏྲི། །སྨན་ལྔ་དྲི་ལྔ་སྙིང་པོ་ལྔ། །འབྲུ་ལྔ་རིན་ཆེན་རྣམ་པ་ལྔ། །དར་སྣ་ལྔ་དང་ཟས་སྣའི་ཚོགས། །འཁོར་ལོའི་ལྟེ་བར་གཞུག་པར་བྱ། །འཁོར་ལོ་སྟེང་འོག་ཁ་སྦྱར་ཏེ། །ཕོ་འཁོར་སྟེང་ལ་མོ་འཁོར་འོག །དར་དམར་དག་གིས་དྲིལ་བྱས་ལ། །ཟངས་དམར་གའུ་འི་ནང་དུ་བཅུག །གའུ་དར་དམར་དག་གིས་དྲིལ། །དར་སྐུད་སྣ་ལྔ་རྒྱ་གྲམ་བཅིངས། །མེ་ལོང་དབུས་སུ་བཞག་པར་བྱ། །ཕྱི་ནང་མཆོད་པ་གཏོར་མ་བཤམས། །དཀྱིལ་འཁོར་ཐོད་པ་མང་པོ་དང་། །ག་འུ་དབྱེར་མེད་གྱུར་པ་ལ། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །འཁོར་ལོ་ལ་སོགས་རྟེན་རྫས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དབྱེར་མེད་ཕག་མོ་སྐུ་ལྔ་ལ། །དཔའ་བོ་མཁའ་འགྲོས་བསྐོར་བར་བསྒོམ། །རྒྱས་པ་མཆོད་འབུམ་བཞིན་དུ་བྱ། །ཟླ་གཅིག་ཞག་བདུན་བར་དུ་ནི། །ཐུན་གཏོར་དུས་བཞིར་འབུལ་བར་བྱ། །བསྟོད་བསྐུལ་ཕྲིན་ལས་གསོལ་བ་བཏབ། །བསྙེན་པའི་ཡི་གེ་འབྲུ་བཅུ་ནི། ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་སིདྡྷི་ཧཱུཾ། སྨྲ་བ་བཅད་ལ་བཟླས་པར་བྱ། །བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་ཡི། །གནས་ལྔ་བ་སྤུའི་བུ་ག་ནས། །འོད་ཟེར་དམར་ནག་ལྕགས་ཀྱུའི་ཚོགས། །ཕྱོགས་བཅུའི་སྐྱེ་འགྲོ་མ་ལུས་པའི། །བཀྲག་མདངས་གཟི་བརྗིད་དཔལ་འབྱོར་དང་། །བསོད་ནམས་ལོངས་སྤྱོད་སྙན་གྲགས་དང་། །ཚེ་དང་ཡེ་ཤེས་ཏིང་འཛིན་ཚོགས། །དཔལ་དང་ཕུན་སུམ་ཚོགས་པ་ཡི། །བྱེ་བྲག་ཇི་སྙེད་ཡོད་པ་ཀུན། །ཐམས་ཅད་བསྡུས་ནས་བདག་ལ་བསྟིམ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་བདག་གིས་ཐོབ་པར་བསམ། །དེ་ལྟར་བསྙེན་པ་བྱས་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། །ལུས་ལ་བདེ་དྲོད་འབར་བ་དང་། །ངག་ལ་ནུས་པ་སྐྱེ་བ་དང་། །སེམས་ལ་རྟོགས་པ་འཆར་བ་དང་། །འབྲས་བུ་སྐུ་གསུམ་ཐོབ་པར་འགྱུར། །དེ་ལྟར་བསྙེན་པ་ཚར་བ་དང་། །སྒྲུབ་པའི་རིམ་པ་འདི་ལྟ་སྟེ། །གཞན་རྣམས་གོང་དང་འདྲ་བ་ལ། །ཟླ་གསུམ་ཞག་ནི་ཉེར་གཅིག་ཏུ། །སྒྲུབ་པའི་སྙིང་པོ་འདི་ཉིད་བཟླ། །ༀ་ཨཱཿཧཱུཾ་གུ་རུ་བཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ། ཨ་ནྲི་ཏྲི་ཝ་ཤཾ་ཀུ་རུ་ཧོ། སརྦ་སིདྡྷི་ཕ་ལ་ནུན་ཧཱུཾ་ཧཱུཾ་ཛ་ཛ། བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་ཡི། །གནས་ལྔ་བ་སྤུའི་བུ་ག་ནས། །འོད་ཟེར་དམར་ནག་ལྕགས་ཀྱུ་དང་། །མཁའ་འགྲོ་དཔའ་བོའི་ཚོགས་རྣམས་ནི། །ཕྱག་ན་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ཚོགས། །དཔག་ཏུ་མེད་པ་འཕྲོས་ནས་ནི། །ས་འོག་ས་སྟེང་ས་བླ་ན། །གནས་པའི་སྐྱེ་འགྲོ་མ་ལུས་པ། །རང་དབང་མེད་པར་བཀུག་ནས་ནི། །བདག་གི་དབང་དུ་འདུས་པར་བསམ། །ཕྱག་འཚལ་གུས་པས་འདུད་པ་དང་། །དངོས་གྲུབ་འདུ་ཞིང་བཀའ་ལ་ཉན། །ཕྱོགས་བཅུར་སྙན་པ་སྒྲོག་པར་བསམ། །རྟགས་ནི་རྟགས་ཡིག་བཞིན་དུ་ཡོང་། །དེ་ལྟར་སྒྲུབ་པ་རྫོགས་པ་དང་། །ལས་ལ་སྦྱར་བ་འདི་ལྟ་སྟེ། །གསང་སྔགས་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་ནི། །གསང་སྔགས་རྒྱུད་ནས་གསུངས་པས་ན། །ལས་སྦྱོར་སྦྱིན་སྲེག་བདག་གིས་བྱ། །ཞི་རྒྱས་དབང་དྲག་གང་བྱེད་ཀྱི། །དུས་དང་ཁ་ནི་ལྟ་ཕྱོགས་དང་། །ཐབ་དང་ཡཾ་ཤིང་བརྩེག་ཐབས་དང་། །བསྲེག་རྫས་མེ་ལྷའི་བསྐྱེད་ཆོག་དང་། །སྔགས་བཟླས་སྦྱིན་སྲེག་འབུལ་བ་དང་། །རྟ་ནོར་ལ་སོགས་གང་འདོད་པ། །ཞི་རྒྱས་དབང་དྲག་དམིགས་པ་དང། །འོད་ཟེར་སྤྲོ་བསྡུ་ལ་སོགས་པ། །དེ་རྣམས་བྱེ་བྲག་ཤེས་པར་བྱ། །ཟས་འདོད་པ་ལ་ཟས་དེ་བསྲེག །འབྲུ་དང་རིན་ཆེན་གོས་དར་སོགས། །གང་འདོད་རྫས་དེ་བསྲེག་པར་བྱ། །ཁང་བཟང་འཁོར་གཡོག་ཡུལ་ཞིང་དང་། །རྟ་ནོར་ལ་སོགས་གང་འདོད་པ། །མིང་ཡིག་བྱས་ལ་བསྲེག་རྫས་དང་། །བསྡེབས་ལ་སྦྱིན་སྲེག་དག་ལ་འབུལ། །མདོར་ན་ཡིད་ལ་ཅི་འདོད་པ། །ངག་ཏུ་སྨྲ་ཞིང་གསོལ་བ་གདབ། །ཡང་ཡང་སྐྱོར་བ་མན་ངག་ཡིན། །ལས་སྦྱོར་གནད་ཀྱི་མན་ངག་གོ། །ཞག་ནི་བདུན་ལྔ་གསུམ་ལ་སོགས། །ཅི་རིགས་པར་ནི་སྦྱིན་སྲེག་འབུལ། །དེ་ལྟར་སྦྱིན་སྲེག་ཚར་བ་དང་། །མཆོད་པ་ཚོགས་དང་གཏོར་མ་འབུལ། །བསྟོད་བསྐུལ་ཕྲིན་ལས་བཅོལ་བ་དང་། །གསོལ་བ་བཏབ་ཅིང་དངོས་གྲུབ་ཞུ། །ག་འུ་གཞལ་ཡས་ཁང་དུ་བསམ། །འཁོར་ལོ་ལ་སོགས་རྟེན་རྫས་རྣམས། །དབྱེར་མེད་ཁྲོས་མ་ནག་མོ་ལ། །དཔའ་བོ་མཁའ་འགྲོས་བསྐོར་བར་བསམ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །བཀྲ་ཤིས་བརྗོད་ཅིང་མངའ་གསོལ་ཏེ། །ཐུམས་བྱས་རང་གི་མགུལ་དུ་བཏགས། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྟག་ཏུ་འབྲལ་བ་མེད་པར་བསྒོམ། །མི་ཡིས་མ་རེག་མ་མཐོང་བྱ། །མེ་ལོང་རང་གི་སྙིང་གར་བླན། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །རང་གི་སྙིང་གར་ཐིམ་པར་བསམ། །མེ་ལོང་ཐོད་པ་ཆང་གིས་བཀྲུ། །དངོས་གྲུབ་དག་ཏུ་བསམ་ལ་བཏུང་། །དངོས་གྲུབ་མ་ལུས་ཐོབ་པར་བསམ། །མཆོད་པ་བསྡུ་ཞིང་དཀྱིལ་འཁོར་གཤེགས། །རྡུལ་ཚོན་སྦྱིན་སྲེག་ཐབ་ཁ་རྣམས། །ཆུ་བོ་དག་ཏུ་བསྐྱལ་བ་འམ། །ནོར་ཕྱུག་ཞིང་ལ་བཏབ་ཀྱང་རུང་། །དེ་ནས་གཞུང་ནས་བཤད་པ་བཞིན། །ཞག་བྱ་ལ་སོགས་གསང་སྤྱོད་བྱ། །དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་རྣམས། །རྫོགས་ནས་སྣང་སྲིད་ཐམས་ཅད་གཡོ། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ། །ལྷ་འདྲེ་མི་གསུམ་དབང་དུ་འདུ། །སྐྱེ་མེད་སྲོག་ལ་དབང་ཐོབ་འགྱུར། །འགྲོ་བ་ཕོ་མོ་བྲན་དུ་འཁོལ། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །སྙན་གྲགས་འཇིག་རྟེན་ཀུན་ལ་ཁྱབ། །འགྲོ་དོན་ཕྲིན་ལས་རྣམ་བཞི་འགྲུབ། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །རང་གཞན་ཀུན་གྱི་དོན་རྣམས་ནི། །ཇི་ལྟར་བསམ་པ་དེ་ལྟར་འགྲུབ། །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ། །གསང་སྔགས་ཀུན་གྱི་སྲོག་ཤིང་འདི། །གསང་བས་སྒྲུབས་ཤིག་མ་ཡི་བུ། །དངོས་གྲུབ་འབྱུང་ངོ་མ་ཡི་བུ། །ཐེ་ཚོམ་མེད་དོ་མ་ཡི་བུ། །སྐལ་ལྡན་འགའ་རེ་མ་གཏོགས་པ། །སྐལ་མེད་རྣམས་ལ་བསྟན་གྱུར་ན། །ཡེ་ཤེས་མཁའ་འགྲོས་བཀའ་ཆད་འོང་། །དམ་ཉམས་ལག་ཏུ་སོང་གྱུར་ན། །སྣང་སྲིད་ལྷ་འདྲེས་ཆད་པ་འོང་། །སྙིང་ཐིག་འདི་ཉིད་སྟོན་པའི་ཚེ། །མཁའ་འགྲོ་མཉེས་པའི་ཚོགས་མཆོད་བྱ། །བླ་མ་དག་ལ་གསེར་ཞོ་རེ། །མཎྜལ་འབུལ་བ་བཀའ་རྒྱ་ཡིན། །

༈ ན་མོ་རིན་ཆེན་གསེར་གྱི་མཎྜལ་ལ། །ནོར་བུ་སྣ་ཚོགས་ཚོམ་བུ་བཀོད། །བླ་མ་ཡི་དམ་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་འདོད་འབུལ་ལགས། །མཐའ་ཡས་སེམས་ཅན་དོན་སླད་དུ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཚོགས་ཆེན་མྱུར་དུ་རྫོགས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ་གུ་རུ་དྷེ་བ་ཊཱཀྐི་ནི་རཏྣ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་ཊ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ང་ཡིས་ཇི་ལྟར་བཤད་པ་བཞིན། །ཉམས་སུ་བླངས་ན་དངོས་གྲུབ་འབྱུང་། །སྙིང་ལ་སྦོས་ཤིག་མ་ཡི་བུ། །གསང་བའི་འཁོར་ལོ་དངོས་གྲུབ་ཀུན་འབྱུང་གི་མན་ངག་གཞན་ལ་གསང་བའི་གདམས་པ་རྫོགས་སོ།། །།

༈ དཀྱིལ་འཁོར་ནི། ཆོས་འབྱུང་དམར་ནག་མེ་རི་ཅན་གྱི་སྟེང་དུ་ཐོད་པ། དེའི་སྟེང་དུ་མེ་ལོང་། སྒྲུབ་པའི་མཆོད་གཏོར་བླ་མ་ཡི་དམ་ཕག་མོ་སྡེ་ལྔ་ལ་འབུལ། ས་རུབ་པའི་དུས་དང་ཐོ་རངས་གཉིས་སུ། དགོངས་གཏོར་རེ་བཏང་། དེ་རྟིང་སྒྲུབ་གཏོར་དུས་བཞིར་འབུལ། སྦྱིན་སྲེག་རྡོ་རྗེ་ཕག་མོའི་ལུགས་སོ། །ཞག་ལྔའམ་བདུན་ནམ་གསུམ་ལ་སོགས་པར་ཅི་འགྲུབ་བྱའོ། །བུ་མོ་གཙང་མས་སྒྲུབ་གཡོག་བྱེད་པར་གསུངས་སོ།། །།


previousཟབ་དོན་ཐུགས་ཀྱི་སྙིང་པོའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད།next