དཔོན་ཆེན་ཆོས་ཀྱི་རིན་ཆེན་ལ་མཛད་པ།
ཀུན་མཁྱེན་ཡེ་ཤེས་ཐོབ་མཛད་པ། །ཡོན་ཏན་རིན་ཆེན་འབྱུང་བའི་གནས། །དུས་གསུམ་བླ་མ་རིན་ཆེན་གྱི། །ཞབས་ལ་གུས་པར་ཕྱག་འཚལ་འདུད། །སྦྱངས་དང་ཤེས་རབ་ཆེ་བ་ཡི། །དཔོན་ཆེན་ཆོས་ཀྱི་རིན་ཆེན་གྱིས། །ཆོས་གཅིག་ཞུ་ཞེས་གསུངས་པ་དེ། །བླ་མའི་གསུང་དོན་འགའ་ཞིག་བྲི། །དལ་འབྱོར་རིན་ཆེན་ཐོབ་དུས་སུ། །འཆི་དང་མི་རྟག་ཤེས་བྱས་ལ། །རྟག་ཏུ་དགེ་བའི་ལས་ལ་འབད། །འཁོར་བའི་སྡུག་བསྔལ་ཕུང་པོ་ལ། །ཡིད་བྱུང་རྒྱུ་འབྲས་བསམ་བྱ་ཞིང༌། །མཐོ་རིས་ཐར་པའི་གོ་འཕང་དང༌། །མྱ་ངན་འདས་ལ་སྤྲོ་བ་བསྐྱེད། །བཀའ་དང་བསྟན་བཅོས་མན་ངག་གི །བཅུད་དང་སྙིང་པོ་གང་ཡིན་པ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་གསུམ་དུ་གསུངས། །རང་གཞན་ཐམས་ཅད་སྨིན་མཛད་པས། །བསླབ་གསུམ་སྦྱོར་བ་མ་གི་ཏས། །འཁོར་བའི་སྡུག་བསྔལ་སེལ་མཛད་ཅིང༌། །ཡོན་ཏན་འབྲས་བུ་སྨིན་པར་བྱེད། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །རང་བཞིན་མི་དགེ་འབྱུང་བ་རྣམས། །མི་འབྱུང་བགག་པར་བྱ་བ་ནི། །ཐུབ་པས་བཅས་པར་གསུངས་པ་ཡིན། །སོ་སོར་ཐར་པའི་རིགས་བདུན་ལ། །བླངས་ནས་སྲུང་བར་བྱེད་པ་དེ། །ཁ་ན་མ་ཐོ་གསུམ་སྤངས་ལ། །གཉེན་པོ་བརྟན་པས་སྲུང་བར་བྱ། །སྐྱོན་མེད་ཚུལ་ཁྲིམས་རྣམ་དག་གིས། །འབྲས་བུ་སྨིན་པར་འགྱུར་བ་ནི། །མཐོང་དང་སྐྱེས་ནས་མྱོང་བར་འགྱུར། །མཐོང་ཆོས་ཚེ་འདིར་མྱོང་བ་ནི། །གནོད་མེད་བདེ་བ་ཐོབ་པ་དང༌། །སྙན་པར་བརྗོད་ཅིང་ཀུན་གྱིས་བཀུར། །ཚུལ་ཁྲིམས་ལྡན་པས་བདེ་བ་འཐོབ། །སྐྱེས་ནས་མྱོང་བར་འགྱུར་བ་ནི། །ཟག་མེད་ཚུལ་ཁྲིམས་ལྡན་པ་དང༌། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །སྤྲུལ་པའི་སྐུ་ཉིད་འཐོབ་པར་འགྱུར། །ལྷག་པའི་ཏིང་འཛིན་བསླབ་པ་ནི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་པ་རྣམ་པ་དྲུག །ཚོགས་གཉིས་དག་ཏུ་བསྡུ་བྱས་ལ། །ཞི་གནས་ལྷག་མཐོང་བསྒོམ་པར་བྱ། །དཀར་པོ་དགེ་བའི་ཆོས་ལ་ནི། །མི་དགེས་བར་ནི་མ་ཆོད་པའི། །རྩེ་གཅིག་ཞི་གནས་བསྒོམ་པར་བྱ། །ལྷག་མཐོང་སོ་སོར་རྟོག་པ་ཡིས། །ཆོས་རྣམས་སེམས་སུ་རྟོགས་པ་དང༌། །སེམས་ཉིད་ཕྱག་རྒྱ་ཆེན་པོ་དེ། །གཉིས་མེད་ཟུང་འཇུག་རྟོགས་པར་བྱ། །ལྷག་པར་ཤེས་རབ་བསླབ་པ་ནི། །ཐོས་གསུམ་སྒོམ་གསུམ་ཤེས་རབ་ཀྱིས། །འཁོར་འདས་ཤན་ཐང་ཕྱེད་གྱུར་པས། །སེམས་ལ་སྒྲོ་འདོགས་ཕྱེད་པར་བྱས། །དེ་འདྲའི་སྦྱོར་བ་རྣམ་གསུམ་དེ། །ཉམས་སུ་ཚུལ་བཞིན་བླངས་པ་ལས། །སྐྱོན་དག་ཡོན་ཏན་ཀུན་ལྡན་པའི། །རང་བཞིན་འབྲས་བུ་སྨིན་པར་བྱ། །སོ་སོར་ཐར་པ་གཞིར་བཞག་ལ། །གང་ཟག་བདག་མེད་ལྟ་བ་ཡི། །དགྲ་བཅོམ་འབྲས་བུ་འདོད་པ་རྣམས། །ཉན་ཐོས་རང་སངས་རྒྱས་སུ་སྨིན། །དམན་པའི་ལམ་ལས་གྲོལ་བ་ཡི། །ཀུན་རྫོབ་དོན་དམ་སེམས་བསྐྱེད་ནས། །ཕམ་དང་ལྟུང་བས་མ་གོས་པའི། །བྱང་ཆུབ་སེམས་མཆོག་སྦྱང་བར་བྱ། །བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །བདག་མེད་རྣམ་གཉིས་རྟོགས་པ་དང༌། །སེམས་ཅན་བདེ་ལ་འགོད་མཛད་པའི། །འབྲས་བུ་སངས་རྒྱས་ཐོབ་པར་བྱ། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །སྨིན་གྲོལ་གཉིས་སུ་གསུངས་པ་ཡིན། །སྨིན་པ་ལ་ནི་དབང་བཞི་སྟེ། །ཚུལ་བཞིན་ཐོབ་པར་བྱ་བ་ཡིན། །གྲོལ་བྱེད་བསྐྱེད་རྫོགས་གཉིས་སུ་འདུས། །བསྐྱེད་པ་ཡི་ནི་རིམ་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །ལུས་ནི་ལྷ་ཉིད་ཡིན་པར་གསུངས། །གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང༌། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་དང༌། །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །ཆུ་ཡི་ཁམས་ནི་མ་མཱ་ཀི། །མེ་ཡི་ཁམས་ནི་གོས་དཀར་མོ། །རླུང་གི་ཁམས་ནི་སྒྲོལ་མ་ཉིད། །ནམ་མཁའི་ཁམས་ནི་དབང་ཕྱུག་མ། །སྐྱེ་མཆེད་བྱང་ཆུབ་སེམས་དཔའ་སྟེ། །ལུས་ནི་ལྷ་ཡི་ངོ་བོ་ཡིན། །ལྷ་ཉིད་གཞན་ནས་མ་གྲུབ་པ། །ལྷ་ནི་རང་སེམས་ཡིན་པའོ། །རྫོགས་པ་ཡི་ནི་རིམ་པ་ཡང༌། །ཉོན་མོངས་ལྔ་ཡང་ཡེ་ཤེས་ཡིན། །གཏི་མུག་རང་བཞིན་ཆོས་ཀྱི་དབྱིངས། །ཞེ་སྡང་མེ་ལོང་ལྟ་བུ་སྟེ། །འདོད་ཆགས་སོ་སོར་ཀུན་རྟོག་དང༌། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ། །ཕྲག་དོག་བྱ་བ་ནན་ཏན་ཡིན། །མཚན་བཅས་རྫོགས་པའི་རིམ་པ་ཡིན། །རྩ་དང་རླུང་དང་ཐིག་ལེ་དང༌། །གཞི་ལ་ཇི་ལྟར་གནས་པ་རྣམས། །གནད་བཞིས་ཉམས་སུ་བླང་བར་བྱ། །མཚན་མེད་ཕྱག་རྒྱ་ཆེན་པོ་ནི། །རང་གི་སེམས་ལས་ལོགས་ན་མེད། །སྣང་སྟོང་གཉིས་སུ་མེད་པ་དེ། །ཕྱག་ཅེས་བྱ་བར་བརྗོད་པ་ཡིན། །ཆོས་རྣམས་དེ་ལས་མི་འདའ་བས། །རྒྱ་ཞེས་བྱ་བ་ཡིན་པའོ། །རང་སེམས་དེ་ལྟར་རྟོགས་གྱུར་ན། །དེ་ལས་གཞན་མེད་ཆེན་པོ་ཡིན། །བསྐྱེད་རྫོགས་གཉིས་སུ་གསུངས་ན་ཡང༌། །ཡུལ་དང་ཡུལ་ཅན་གཉིས་མེད་པས། །སེམས་དང་ལྟ་བ་ཐ་དད་མེད། །གཉིས་མེད་ཟུང་འཇུག་བསྒོམ་པར་བྱ། །གྲོགས་སུ་སྡོམ་པ་གཅེས་ན་ཡང༌། །བླང་བྱ་དོར་བྱ་གཉིས་སུ་འདུས། །རྩ་བ་དང་ནི་ཡན་ལག་གིས། །མི་ཉམས་བསྲུང་བར་བྱ་བ་ནི། །རྐྱེན་ནི་སྤྱོད་པ་རོ་སྙོམས་པས། །དུས་དང་འབྲེལ་བ་མན་ངག་ཡིན། །མཉམ་བཞག་ཆེན་པོ་རོ་སྙོམས་ན། །འབྲས་བུ་མངོན་དུ་གྱུར་པ་ཡིན། །སྣང་དང་སྟོང་པ་གཉིས་མེད་པ། །ཆོས་སྐུ་གཟུགས་སྐུ་དབྱེར་མེད་པས། །རང་གཞན་དོན་རྣམས་འགྲུབ་པ་ཡིན། །དཔོན་ཆེན་ཆོས་ཀྱི་རིན་ཆེན་གྱིས། །བསྐུལ་ནས་རས་པས་ཡི་གེར་བཀོད། །དེ་བྱུང་དགེ་བ་དྲི་མེད་དེས། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།