Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 collapse section
གནས་བཞི་པ་ལས་བསྟན་པ།
  
  
  
  
  
  
  
 expand section
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་བཞི་པ་ལས་བསྟན་པ།next

གནས་བཞི་པ་ལས་བསྟན་པ།


GLG014_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་གསང་གསུམ་མ་ལུས་པ། །རྒྱལ་སྲས་གཞོན་ནུའི་གར་གྱིས་རྣམ་རོལ་བའི། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བའི་བསྟན་པ་སྤེལ་ཕྱིར་ངུར་སྨྲིག་གར། །རྣམ་མང་མཁྱེན་དང་བརྩེ་བས་རོལ་མཛད་པའི། །རྣམ་འདྲེན་རྒྱལ་བའི་དབང་པོ་ཙོང་ཁ་པར། །རྣམ་དཀར་ལས་ཀྱི་ས་བོན་བསྐྲུན་པ་ནས། །རྣམ་འདྲེན་མ་ཐོབ་བར་དུ་ཕྱག་བཙལ་ཏེ། །བཞི་པ་ལས་དང་འབྲས་བུའི་ཚུལ། །ཚུལ་བཞིན་མ་ནོར་སྟོན་བྱེད་ན། །ན་ཚོད་ལྟ་བུར་བློ་ཕྲ་ཡང་། །ཡང་ཡང་བསམས་ཏེ་བཤད་པར་བྱ། །གཉིས་པ་སྤང་བྱ་ཀུན་འབྱུང་བདེན་པ་གཏན་ལ་དབབ་པ་ལ། ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། ལས་ཀྱི་རྣམ་གྲངས་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འཇིག་རྟེན་སྣ་ཚོགས་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། སེམས་ཅན་གྱི་ལས་བཟང་ངན་ལས་སྐྱེས་པའི་ཕྱིར། གཉིས་པ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ལས་ཡིན་ན། བདེ་བ་མྱོང་འགྱུར། སྡུག་བསྔལ་མྱོང་འགྱུར། བར་མ་མྱོང་འགྱུར་གྱི་ལས་གང་རུང་ཡིན་པས་ཁྱབ་ཟེར་ན། ཟག་མེད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཟག་བཅས་ཡིན་པར་ཐལ། འདོད་པའི་


GLG014_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འདོད་མི་ནུས་སོ། ཁ་ཅིག །རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གཟུགས་ཡིན་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པས་ཁྱབ་ཟེར་ན། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྣམ་གསུམ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གཟུགས་ཡིན་པའི་ཕྱིར། དེར་ཐལ། བསྟན་ཡོད་ཐོགས་བཅས་ཀྱི་གཟུགས། བསྟན་མེད་ཐོགས་བཅས་ཀྱི་གཟུགས། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། བསྟན་མེད་ཐོགས་བཅས་ཀྱི་གཟུགས་ཡིན་པའི་ཕྱིར། དེར་ཐལ། མིག་ཤེས་ཀྱི་ཡུལ་དུ་བསྟན་དུ་མེད་པ་གང་ཞིག །རང་གི་གོ་སར་གཟུགས་ཅན་གྱི་དངོས་པོ་གཞན་འབྱུང་བ་ལ་ཐོགས་པའི་གཟུགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་བྱེ་བྲག་ཏུ་སྨྲ་བས་མིག་ཤེས་ཀྱི་ཡུལ་དུ་མ་གྱུར་བ་དང་། མདོ་སྡེ་པས། དེ་ལས་བཟློག་སྟེ་ཁས་ལེན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། གཉིས་གཟུང་འགྱུར་ཏེ་ཞེས་པའི་ཚིག་ཟུར་གྱི་འགྱུར་ཏེ་ཞེས་པས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་དེ་དབང་པོ་གཉིས་ཀྱི་གཟུང་བྱར་མེད་པའི་འདོད་པ་བསྟན་པའི་ཕྱིར། ཁ་ཅིག་ལུས་ངག་གི་ལས་ཡིན་ན། ཟག་བཅས་ཀྱི་ལས་ཡིན་པས་ཁྱབ་ཟེར་ན། དགྲ་བཅོམ་པའི་རྒྱུད་ཀྱི་ལུས་ཀྱི་ལས་སུ་གྱུར་པའི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལུས་ཀྱི་ལས་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་ལུས་ཀྱི་ལས་སུ་གྱུར་པའི་སྡོམ་པ་ཡོད་པའི་ཕྱིར། གཉིས་པ་ལ། བསྟན་བཅོས་ནས་བཤད་པའི་ལས་ཀྱི་རྣམ་གཞག་དང་། མདོ་ནས་གསུངས་པའི་ལས་ཀྱི་རྣམ་གྲངས་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། རིག་བྱེད་མིན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། སེམས་པའི་ལས་ངོས་གཟུང་བ། རིག་བྱེད་དང་རིག་བྱེད་མ་ཡིན་པ་ངོས་གཟུང་བ། དེ་དག་ལ་དགེ་སོགས་


GLG014_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་འཇོག་ཚུལ་ལོ། །དང་པོ་ནི། ལས་དེ་ཆོས་ཅན། གཉིས་སུ་ཡོད་དེ། སེམས་པའི་ལས་དང་། དེས་བྱས་པའི་ལས་གཉིས་སུ་ཡོད་པའི་ཕྱིར། སེམས་པའི་ལས་ཆོས་ཅན། ཡིད་ཀྱི་ལས་ཡིན་ཏེ། དེས་གཙོ་བོར་བསྒྲུབས་པའི་ལས་ཡིན་པའི་ཕྱིར། དེས་བསྐྱེད་པའི་ལས་ཆོས་ཅན། ལུས་ངག་གི་ལས་ཡིན་ཏེ། དེ་གཉིས་ཀྱིས་གཙོ་བོར་གྲུབ་པའི་ལས་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ལུས་ངག་གི་ལས་དེ་དག་ཆོས་ཅན། གཉིས་ཡོད་དེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས། དང་པོ་ལ། ལུས་ཀྱི་རིག་བྱེད། ངག་གི་རིག་བྱེད་གཉིས། དང་པོ། བྱེ་བྲག་ཏུ་སྨྲ་བའི་ལུགས་གཞག །རང་སྡེ་གནས་མ་བུའི་ལུགས་དགག །མདོ་སྡེ་པའི་ལུགས་བརྗོད་པ་དང་གསུམ། དང་པོ་ནི། ལུས་ཀྱི་རྣམ་པར་རིག་བྱེད་ཆོས་ཅན། ལུས་ཀྱི་དབྱིབས་སུ་འདོད་དེ། ལུས་ཀྱི་བཀོད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། གནས་མ་བུ་པས་ལུས་གང་དུ་སྐྱེས་པའི་གནས་དེར་མི་འཆི་བར་ཡུལ་གཞན་དུ་འགྲོ་བ་ལུས་ཀྱི་རིག་བྱེད་དུ་འདོད་པ་མི་འཐད་པར་ཐལ། ལུས་གང་དུ་སྐྱེས་པའི་གནས་དེར་མི་འཆི་བར་འགྲོ་བ་མ་ཡིན་པའི་ཕྱིར། རྒྱུ་མཚན་གང་གི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་འདུས་བྱས་ནི་སྐད་ཅིག་མར་གསུངས་པས་ན་ལྟོས་མེད་དུ་འཇིག་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། འདུས་བྱས་སྐད་ཅིག་མར་གསུངས་པ་ནི་གློག་དང་། མར་མེ་དང་། སེམས་བྱུང་སོགས་ལ་དགོངས་ཏེ། བུམ་པ་སོགས་སྐད་ཅིག་གིས་མི་འཇིག་པའི་ཕྱིར། དེར་ཐལ། དེ་འཇིག་པ་ལ་ལུས་ཀྱི་ཕྱིས་འབྱུང་གི་རྒྱུ་ཐོ་བ་ལྟ་བུ་ལ་ལྟོས་དགོས་པའི་ཕྱིར་ན། ཕྱིས་འབྱུང་བའི་འཇིག་རྒྱུ་ལ་ལྟོས་པ་མེད་པ་ལས་དངོས་པོ་འགའ་ཡང་འབྱུང་བར་མི་འགྱུར་བར་ཐལ། བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པའི་ཕྱིར། བྱས་པ་ལ། ཁོ་ན་རེ། ཐོ་བ་


GLG014_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། བུམ་པའི་འཇིག་རྒྱུ་ཡིན་པར་ཐལ། བུམ་པའི་དབྱིབས་དང་ཁ་དོག་གཞན་དུ་སྒྱུར་བའི་ཕྱིར་ན། བུམ་པ་འཆོས་པར་བྱེད་པའི་རྒྱུ་དེ་ཡང་བུམ་པ་འཇིག་པ་པོར་འགྱུར་བར་ཐལ། དེས་བུམ་པ་ཁ་དོག་དང་དབྱིབས་གཞན་དུ་སྒྱུར་བའི་ཕྱིར། གསུམ་པ་ནི། ལུས་ཀྱི་དབྱིབས་ཆོས་ཅན། རྫས་སུ་མ་གྲུབ་སྟེ། ཁྱོད་ཁ་དོག་གི་རྡུལ་བཏགས་ཡོད་ཡིན་པའི་ཕྱིར། བྱས་པ་ལ། ལུས་ཀྱི་དབྱིབས་ཆོས་ཅན། རྫས་སུ་གྲུབ་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེ་དེར་ཐལ། མིག་གིས་ལུས་ལ་བལྟས་པ་ན། ཟླུམ་པོ་འདི། གྲུ་བཞི་འདི་སྙམ་པའི་བློ་སྐྱེ་བའི་ཕྱིར་ཟེར་ན། ལུས་ཀྱི་དབྱིབས་དེ་ལུས་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། དབྱིབས་ལ་ལུས་ཀྱིས་རེག་པ་ན། ཟླུམ་པོ་འདིའོ་གྲུ་བཞི་འདིའོ་སྙམ་པའི་བློ་སྐྱེ་བའི་ཕྱིར། འདོད་ན། དབྱིབས་དེ་དབང་ཤེས་རིགས་མི་མཐུན་གཉིས་ཀྱི་གཟུང་བྱར་འགྱུར་ཏེ། མིག་ཤེས་དང་ལུས་ཤེས་གཉིས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དབྱིབས་ནི་རྫས་སུ་མེད་དེ། ཁ་དོག་སྔོན་པོ་དབྱིབས་གྲུ་བཞི་ཡིན་པ་བཅོམ་ནས་རྡུལ་ཕྲན་དུ་གྱུར་པའི་ཚེ། རྡུལ་ཕྲན་ལ་ཁ་དོག་སྔོན་པོ་ཡོད་ཀྱང་དབྱིབས་གྲུ་བཞི་མེད་པའི་ཕྱིར། གཉིས་པ་ངག་གི་རིག་བྱེད་ནི། ངག་གི་རྣམ་པར་རིག་བྱེད་ནི་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ངག་གི་སྒྲ་ལ་འཇོག་པའི་ཕྱིར། གཉིས་པ་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ལ། དབྱེ་བ། སྒྲུབ་བྱེད། ཁྱད་ཆོས་དང་གསུམ། དང་པོ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། དབྱེ་ན་གསུམ་དུ་ཡོད་དེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་དང་། བསྟན་དུ་མེད་པ་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་གསུམ་དུ་མདོ་ལས་གསུངས་པའི་ཕྱིར་དང་། དྲི་མེད་ཟག་མེད་ཀྱི་གཟུགས་གསུངས་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། ཡོད་དེ། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་


GLG014_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡུལ་ངན་དུས་སུ་བྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པ་ལྟར་བདུན་པོ་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པའི་ཕྱིར། ཇི་སྐད་དུ་རྫས་ལས་བྱུང་བའི་དངོས་པོ་བདུན་དང་ལྡན་པའི་གང་ཟག་ནི། ཉལ་ཡང་རུང་། འདུག་ཀྱང་རུང་། བསོད་ནམས་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་དང་། རང་གིས་མ་བྱས་པར་སྲོག་གཅོད་པ་ལ་སོགས་པའི་ལས་ལམ་འགྲུབ་པ་ཡོད་པའི་ཕྱིར། གསུམ་པ་ཁྱད་ཆོས་ལ། རྒྱུའི་ཁྱད་ཆོས། སའི་ཁྱད་ཆོས། ངོ་བོའི་ཁྱད་ཆོས། རྒྱུའི་ཁྱད་ཆོས་གཞན་བཤད་པ་དང་བཞི། དང་པོ་ནི། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་དང་པོ་ཕྱིན་ཆད་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། འདས་པའི་འབྱུང་བ་ལས་སྐྱེ་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཟག་པ་དང་བཅས་པའི་ལུས་ངག་གི་ལས་རང་གི་སའི་འབྱུང་བ་དག་རྒྱུར་བྱས་ནས་སྐྱེ་སྟེ། འབྱུང་བ་དེས་དེ་ལ་ཕན་བཏགས་པའི་ཕྱིར། ཟག་མེད་ཀྱི་ལུས་ངག་གི་ལས་ཆོས་ཅན། རྒྱུ་ཡོད་དེ། རང་ས་གང་དུ་སྐྱེས་པ་སྟེ་གཏོགས་པའི་འབྱུང་བ་ལས་སྐྱེས་པ་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་པར་རིག་བྱེད་མ་ཡིན་པ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། མ་ཟིན་པ་དང་། རྒྱུ་མཐུན་ལས་བྱུང་བ་དང་། སེམས་ཅན་དུ་སྟོན་པ་ཡིན་པའི་ཕྱིར། བཞི་པ་ནི། དེ་ཆོས་ཅན་རྒྱུ་གཉིས་ལས་འབྱུང་སྟེ། རྒྱུ་མཐུན་དང་། ཟིན་པའི་འབྱུང་བ་ལས་སྐྱེས་པའི་ཕྱིར། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། རྒྱུ་གཉིས་ལས་སྐྱེ་སྟེ། མ་ཟིན་པའི་འབྱུང་བ་དང་། རྒྱས་པ་ལས་བྱུང་བའི་ཕྱིར། དེ་ཆོས་ཅན། སྐྱེ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། འབྱུང་བ་རིགས་ཐ་དད་མ་ཡིན་པ་ལས་སྐྱེས་པའི་ཕྱིར། གསུམ་པ་དེ་དག་ལ་དགེ་སོགས་གསུམ་དུ་འཇོག་ཚུལ་ལ། དངོས། དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཚིག་དོན་དང་། མཐའ་དཔྱད་པ་


GLG014_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་པར་རིག་བྱེད་མིན་པ་ནི་ལུང་དུ་བསྟན་པ་མ་ཡིན་པ་མེད་དེ། དེ་དག་དགེ་མི་དགེ་གང་རུང་ཡིན་པའི་ཕྱིར། གཞན་རྣམ་པར་རིག་བྱེད་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཕྱིར། མི་དགེ་བའི་རྣམ་པར་རིག་བྱེད་ནི་ཆོས་ཅན། ཁམས་གཞན་ན་མེད་དེ། འདོད་པ་ཁོ་ནའི་སས་བསྡུས་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་ཁམས་ན་ལས་གཉིས་ཡོད་དེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་པར་རིག་བྱེད་ཀྱི་ལས་ལ། རྟོག་དཔྱོད་དང་བཅས་པ་དག་ནི་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་དེ། དེའི་ཀུན་སློང་རྟོག་དཔྱོད་གཉིས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། འདོད་པ་ན་ཡང་བསྒྲིབས་པའི་རྣམ་པར་རིག་བྱེད་མེད་དེ། གང་གི་ཕྱིར་ན་དེའི་ཀུན་སློང་མེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའི་སྐབས་ནས་བསྟན་པའི་ལས་ཡིན་ན། ལས་ཡིན་པས་ཁྱབ་ཟེར་ན། ལོག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལས་ནག་ལ་རྣམ་སྨིན་ནག་པའི་ལས་ལམ་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཀྱི་སས་བསྡུས་ཀྱི་དགེ་བ་དེ་ལས་དཀར་ལ་རྣམ་སྨིན་དཀར་བའི་ལས་ལམ་ཡིན་པའི་ཕྱིར། དེར་ཐལ། འདོད་པའི་སས་བསྡུས་ཀྱི་དགེ་བ་དེ་དཀར་ནག་འདྲེས་མའི་ལས་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། ལས་མ་ཡིན་ལ་ལས་ལམ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། བརྣབ་སེམས་ལ་སོགས་ལས་མིན་ཡང་། ཞེས་གསུངས་པའི་ཕྱིར། ཁ་ཅིག །འདོད་པའི་དགེ་བ་དེ་དཀར་ནག་གཉིས་ཀའི་ལས་ཡིན་ཟེར་ན། དཀར་ནག་གཉིས་ཀའི་ལས་ཡིན་པ་སྲིད་པའི་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །བསམ་གཏན་བཞི་ལ་ཆགས་པ་དང་བྲལ་བའི་སྒོམ་ལམ་བར་ཆད་མེད་ལམ་དགུ་པོ་དེ་དཀར་པོ་ཟད་བྱེད་ཀྱི་ལས་


GLG014_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར་ན། དགྲ་བཅོམ་པའི་རྒྱུད་ཀྱི་དཀར་པོ་དགེ་བའི་ལས་དེ། དཀར་པོ་ཟད་པའི་ལས་ཡིན་པར་ཐལ། ཅིག་ཤོས་དེ་ཡིན་པའི་ཕྱིར། ཁ་ཅིག །གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ། དེ་ན་དེ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ན་ཟག་མེད་ཀྱི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྒྲ་མི་སྙན་པའི་རྒྱུད་ལ་དགེ་བའི་ལས་ལམ་བདུན་མངོན་གྱུར་དུ་ཡོད་པར་ཐལ། དེ་ལ་མི་དགེ་བའི་ལས་ལམ་བདུན་མངོན་གྱུར་དུ་ཡོད་པའི་ཕྱིར། དེར་ཐལ། དེ་ན་ཡིད་ཀྱི་གསུམ་པོ་དང་ལྡན་པའི་སྒོ་ནས་ཡོད། ལུས་ངག་གི་བདུན་པོ་མངོན་གྱུར་དུ་ཡང་ཡོད་པར་བཤད་པའི་ཕྱིར། དེར་ཐལ། སྒྲ་མི་སྙན་ན་གསུམ་ཡོད་དེ། །དེ་ན་བདུན་པ་དངོས་སུ་ཡང་། །ཞེས་གསུངས་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ་དེས་དེ་ན་དེ་བདུན་པ་ངག་བཀྱལ་ཡོད་པར་བཤད་ཀྱི་དེ་བདུན་པོ་ཡོད་པར་མ་བཤད་པའི་ཕྱིར། ཁ་ཅིག །མི་དགེ་བའི་ལས་ཡིན་ན། བདག་འབྲས་འབྱིན་ངེས་ཡིན་པས་ཁྱབ་སྟེ། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ནི་བསགས་ལ་མ་སྦྱངས་པའི་སྲོག་གཅོད་ཀྱི་ལས་ལྟ་བུ་ལ་དགོངས་པའི་ཕྱིར། ཁ་ཅིག །དགྲ་བཅོམ་པ་བསད་པའི་སྲོག་གཅོད་ཀྱི་ལས་ཡིན་ན། མཚམས་མེད་ཀྱི་ལས་ཡིན་པས་ཁྱབ་ཟེར་ན། ཕྱིར་མི་འོང་གི་རྟེན་ལ་འཆི་ངེས་པའི་མཚོན་བསྣུན་པ་ལ་བརྟེན་ནས། དགྲ་བཅོམ་པ་ཐོབ་ནས་སྲོག་ཆད་པའི་སྲོག་གཅོད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་


GLG014_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་འབྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། མི་འབྱུང་བར་ཐལ། དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་འབྱུང་བ་ལ་གསོད་པའི་སྦྱོར་བ་དེ་ཡང་དགྲ་བཅོམ་པའི་རྟེན་ལ་ངེས་པར་བྱས་པ་ཅིག་དགོས་པའི་ཕྱིར། དེར་ཐལ། བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལ་དེ་འབྱུང་བར་ཐལ། དེ་འདྲའི་སྲོག་གཅོད་པ་པོའི་དགེ་སློང་ལ་དེ་འབྱུང་བའི་ཕྱིར། དེར་ཐལ། དེ་ལ་དགྲ་བཅོམ་པ་བསད་པའི་སྲོག་གཅོད་ཀྱི་ཕམ་པ་འབྱུང་བའི་ཕྱིར་ན་མ་ཁྱབ། དེར་ཐལ། མདོ་རྩ་བར། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁྱོད་ཀྱི་དམ་བཅའ་དེ་མི་འཐད་པར་ཐལ། མ་ནིང་གི་རྟེན་ལ་དགྲ་བཅོམ་པ་བསད་ན་སྲོག་གཅོད་ཀྱི་ལས་འབྱུང་ཡང་མཚམས་མེད་ཀྱི་ལས་མི་འབྱུང་བའི་ཕྱིར། དེར་ཐལ། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཞེས་པའི་སོགས་ཁོངས་ན་སྒྲ་མི་སྙན་པ་འདྲེན་རིགས་པའི་ཕྱིར། གཞན་ཡང་། མ་བསད་པའི་སྲོག་གཅོད་ཀྱི་ལས་ཡིན་ན། མཚམས་མེད་ཀྱི་ལས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན། བུད་མེད་བསད་པའི་སྲོག་གཅོད་ཀྱི་ལས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་མ་ཕྱིས་སྐྱེས་པར་མཚན་འགྱུར་བའི་སྐྱེས་པ་བསད་པའི་ལས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ལ་དེ་འབྱུང་བའི་ཕྱིར། དེར་ཐལ། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་ལས་ཡིན་ན། མཚམས་མེད་ཀྱི་ལས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བཞིན་གཤེགས་པ་ལ་བརྡེག་སེམས་ཙམ་གྱིས་ཁྲག་ཕྱུང་བའི་ལས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་བཞིན་གཤེགས་པ་བཀྲོང་སེམས་


GLG014_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུན་ནས་བསླང་སྟེ་ཁྲག་ཕྱུང་བའི་ལས་ཡིན་པར་ཐལ། འདོད་པའི་ཕྱིར། །གཉིས་པ་ནི། ཐར་པ་ཆོས་ཅན། དོན་དམ་པའི་དགེ་བ་ཡིན་ཏེ། སྡུག་བསྔལ་ཉེ་བར་ཞི་བའི་འགོག་པ་ཡིན་པའི་ཕྱིར། དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆོས་ཅན། བདག་ཉིད་ཀྱི་དགེ་བ་ཡིན་ཏེ། དཀར་པོའི་ངོ་བོར་ལུང་དུ་བསྟན་པ་ཡིན་པའི་ཕྱིར། དགེ་བ་དེ་དག་དང་མཚུངས་ལྡན་གྱི་སེམས་བྱུང་ཆོས་ཅན། མཚུངས་ལྡན་གྱི་དགེ་བ་ཡིན་ཏེ། མཚུངས་ལྡན་གྱི་དབང་གིས་དཀར་པོར་སྐྱེས་པའི་ཕྱིར། དགེ་བས་ཀུན་ནས་བསླང་བའི་ལུས་ཀྱི་བྱ་བ་ལ་སོགས་པ་ཆོས་ཅན། དགེ་བ་ཡིན་ཏེ། ཀུན་སློང་གི་དབང་གིས་དཀར་པོའི་ངོ་བོར་སྐྱེས་པའི་ཕྱིར། ཐར་པ་ལས་བཟློག་པ་འཁོར་བ་ཆོས་ཅན། དོན་དམ་པར་མི་དགེ་བ་ཡིན་ཏེ། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར། སྔར་བསྟན་པའི་སོ་སོར་བརྟགས་མིན་གྱི་འགོག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའ་དག་ཆོས་ཅན། དོན་དམ་པར་ལུང་དུ་མ་བསྟན་པ་ཡིན་ཏེ། ཀུན་སློང་དཀར་ནག་གང་དུ་ཡང་མ་བསྟན་པའི་ཆོས་ཡིན་པའི་ཕྱིར།གསུམ་པ་ལ་ཀུན་སློང་གི་དབྱེ་བ་དང་། མུ་བཞིའི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ལས་ཀྱི་ཀུན་སློང་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རྒྱུའི་ཀུན་སློང་དང་ནི་དུས་ཀྱི་ཀུན་སློང་ཞེས་བྱ་བ་གཉིས་ཡོད་པའི་ཕྱིར། དེ་གཉིས་ལས་དང་པོ་ཆོས་ཅན། རབ་ཏུ་འཇུག་བྱེད་ཅེས་བྱ་སྟེ། ལས་རྒྱུད་ནས་འཕེན་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་དེའི་དུས་ཀྱི་ཀུན་སློང་ཆོས་ཅན། རྗེས་སུ་འཇུག་བྱེད་ཡིན་ཏེ། ལས་ལ་དངོས་སུ་འཇུག་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། མུ་བཞིར་ཡོད་དེ། རབ་ཏུ་འཇུག་བྱེད་ཡིན་ལ་རྗེས་སུ་འཇུག་བྱེད་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། རྗེས་འཇུག་ཡིན་ལ་རབ་ཏུ་འཇུག་བྱེད་མ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ།
མཐོང་བས་སྤང་བར་བྱ་བའི་རྣམ་ཤེས་འཁོར་དང་བཅས་པ་ནི་རབ་ཏུ་འཇུག་བྱེད་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། ཁ་ནང་བལྟས་སུ་ངེས་པའི་ལུས་ངག་གི་རིག་བྱེད་དེའི་སྔ་རོལ་དུ་འབྱུང་བ་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒོམ་པས་སྤང་བར་བྱ་བ་ལ་གཉིས་ཀའི་ཆ་ཡོད་པའི་ཕྱིར། དེར་ཐལ། ལུས་ངག་གི་རིག་བྱེད་ཀྱི་སྔ་རོལ་དུ་བྱུང་བ་དང་། ལྷན་ཅིག་ཏུ་བྱུང་བ་སྣ་ཚོགས་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། སྒོ་ལྔའི་དབང་ཤེས་དེ་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། དེ་ལུས་ངག་གི་རིག་བྱེད་དང་ལྷན་ཅིག་ཏུ་འབྱུང་གི་སྔ་རོལ་དུ་མ་ཡིན་པའི་ཕྱིར། བཞི་པ་སླ། ཤེས་བྱ་ཆོས་ཅན། རབ་ཏུ་འཇུག་བྱེད་དགེ་མི་དགེ་སོགས་ལས་རྗེས་སུ་འཇུག་བྱེད་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་འགྱུར་བའི་ཕྱིར། ཐམས་ཅད་ལ་དེར་མ་ངེས་ཏེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཀུན་སློང་དགེ་བ་ལས་དགེ་བར་འདྲ་བའམ། ལུང་མ་བསྟན་དེ་ལས་དགེ་བ་འབྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་སྨིན་ལས་སྐྱེས་པའི་སེམས་པ་ནི་རབ་ཏུ་འཇུག་བྱེད་དང་། རྗེས་སུ་འཇུག་བྱེད་གཉིས་ཀ་མ་ཡིན་ཏེ། དེ་སྟོབས་ཆུང་བས་དེ་ལྟར་མི་ནུས་པའི་ཕྱིར།

རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ།


GLG014_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། རྣམ་རིག་མ་ཡིན་པའི་ལས་ཆོས་ཅན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། གཞན་བར་མ་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་ལ། སྡོམ་པ་ཁྱད་པར་དུ་བཤད་པ་དང་། ཐམས་ཅད་ཐུན་མོང་དུ་བཤད་པ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡོམ་པ་ཆོས་ཅན། གསུམ་ཡོད་དེ། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་དང་། དེ་བཞིན་དུ་ཟག་མེད་ཀྱི་སྡོམ་པ་དང་། བསམ་གཏན་སྐྱེས་ཏེ་བསམ་གཏན་གྱི་སྡོམ་པ་དང་གསུམ་ཡོད་པའི་ཕྱིར། གཉིས་པ་ལ། སོ་ཐར་གྱི་སྡོམ་པ། བསམ་གཏན་


GLG014_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་སྡོམ་པ། སྡོམ་པའི་རྣམ་གྲངས་གཞན་བཤད་པ་དང་གསུམ། དང་པོ་ལ། དབྱེ་བསྡུ། ལྡན་ཚུལ། ངོ་བོ། རྣམ་གྲངས། སྒྲ་བཤད། རྟེན་གྱི་གང་ཟག་བཤད་པ་དང་བདུན། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་ཆོས་ཅན། རྣམ་པ་བརྒྱད་ཡོད་དེ། དགེ་སློང་ཕ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། དགེ་སློབ་མ། བསྙེན་གནས་ཀྱི་སྡོམ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སོ་ཐར་གྱི་སྡོམ་པ་སྐྱེ་བའི་རྟེན་ཅན་ཡིན་ན། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་གང་རུང་ཡིན་པས་ཁྱབ་ཟེར་ན། དེ་འདྲའི་འཛམ་བུ་གླིང་པའི་མི་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དང་པོ་མ་ཡིན་པ་གང་ཞིག །ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། གླིང་གསུམ་གྱི་སྐྱེས་པ་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །ཆོས་མངོན་པ་ནས་བཤད་པའི་ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག་ཡིན་ན། སྤྱིར་ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། སྐྱོན་འཕེན་པ་ཁ་ཅིག་ན་རེ། མདོ་རྩ་བ་ལ་ཡང་དེས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྩ་བའི་སྡེ་པ་བཞི་པ་གང་རུང་གཅིག་གི་ལུགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་ན་སྤྱིར་ཚུལ་ཁྲིམས་རྣམ་པར་དག་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕལ་ཆེན་སྡེ་པའི་ལུགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་ན། ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕལ་ཆེན་སྡེ་པའི་ལུགས་ཀྱི་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་མ་བྱུང་ན། ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་ནུབ་ལྷག་པོར་ཉལ་བའི་ལྟུང་བྱེད་མ་བྱུང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐམས་ཅད་ཡོད་སྨྲའི་ལུགས་ལ་ཡོལ་བས་ནུབ་ལྷག་ཆོད་པར་ཐལ། ཅིག་ཤོས་ལ་ཆོད་པ་གང་ཞིག །དམ་བཅའ་འཐད་


GLG014_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འདོད་མི་ནུས། བྱས་པ་ལ་ཁོ་ན་རེ། མི་ཚངས་པར་སྤྱད་པའི་དགེ་སློང་དེ་ལ་ཕལ་ཆེན་སྡེ་པའི་ལུགས་ཀྱི་རྩ་ལྟུང་མི་འབྱུང་བར་ཐལ། ཡོལ་བས་མཚམས་བཅད་པ་ལ་ཕལ་ཆེན་སྡེ་པའི་ལུགས་ལ་ནུབ་ལྷག་ཉལ་གྱི་ལྟུང་བ་མི་འབྱུང་བའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ཁྱབ་པར་ཐལ། ཕལ་ཆེན་སྡེ་པའི་ལུགས་ལ། དགེ་སློང་ཕ་ལ་རྩ་ལྟུང་བཞིར་གྲངས་ངེས་པ་གང་ཞིག །མི་ཚངས་སྤྱོད་རྩ་ལྟུང་དུ་བགྲངས་ན་རྩ་ལྟུང་ལྔར་འགྱུར་བའི་ཕྱིར། དེར་ཐལ། ཆང་རྩ་ལྟུང་དུ་འདྲེན་པའི་ཕྱིར་ཟེར་བ་ནི། སྔ་རབས་པ་མང་པོ་ཞིག་ལ་གྲགས་ཀྱང་། འགོས་ལོ་གཞོན་ནུ་དཔལ་བས། ཕལ་ཆེན་སྡེ་པའི་རྒྱ་དཔེར་མི་ཚངས་སྤྱོད་རྩ་བ་དང་། ཆང་ཡན་ལག་ཏུ་བཤད་གསུངས་འདུག་པས། ད་དུང་རྒྱ་དཔེ་ལ་ལྟ་བའི་སྤོབས་པ་ཡོད་ན་དཔྱད་དགོས་འདུག་གོ །གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་དག་ཀྱང་རྫས་སུ་རྣམ་པ་བཞིས་བསྡུས་པ་ཡིན་ཏེ། དགེ་སློང་། དགེ་ཚུལ། དགེ་བསྙེན། བསྙེན་གནས་རྣམས་སུ་འདུས་པའི་ཕྱིར། དེར་ཐལ། དགེ་སློང་ཕ་མཚན་གྱུར་པ་ལས་དགེ་སློང་མར་མིང་འཕོ་བ་ཡིན་གྱི། དེའི་ཚེ་སྡོམ་པ་མི་གཏོང་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཐ་དད་དེ་དག་ཀྱང་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་ལྡན་པ་ལ་འགལ་བ་མེད་དེ། དེ་གསུམ་ཐོབ་བྱེད་ཀྱི་རྒྱུས་ཐོབ། གཏོང་བྱེད་ཀྱི་རྒྱུས་མ་བཏང་བའི་གཟུགས་ཅན་ངོ་བོ་ཐ་དད་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། དགེ་བསྙེན་དུ་འགྱུར་བའི་དུས་ཡོད་དེ། དགེ་བསྙེན་གྱི་ཆེད་དུ་སྤང་བྱ་སྲོག་གཅོད། མ་བྱིན་ལེན། འདོད་ལོག །རྫུན་སྨྲ། འབྲུའི་ཆང་ལྔ་སྤོང་བ་མནོས་ཤིང་ཁས་བླངས་པ་ལས་གང་ཟག་དེ་དགེ་བསྙེན་དུ་འགྱུར་བའི་ཕྱིར། དེ་བཞིན་དུ། བསྙེན་གནས་དང་། དགེ་ཚུལ་དང་། དགེ་སློང་ཉིད་ཀྱི་ཆེད་དུ་སྤང་བྱ་བརྒྱད་དང་། བཅུ་དང་ནི། ལུས་ངག་གི་བདུན་པོ་ཐམས་ཅད་སྤོང་བ་མནོས་པ་ལས། བསྙེན་གནས་དང་། དགེ་ཚུལ་དང་། དགེ་


GLG014_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཉིད་དུ་འགྱུར་བའི་ཕྱིར། ལྔ་པ་ནི། སོ་ཐར་གྱི་སྡོམ་པ་ཆོས་ཅན། ཚུལ་ཁྲིམས་དང་ནི། ལེགས་སྤྱད་དང་། ལས་དང་། སྡོམ་པ་ཞེས་སྒྲ་བཤད་པར་བྱ་སྟེ། བསིལ་བའི་དངོས་པོ་ཡིན་པ་དང་། མཁས་པས་བསྔགས་པར་བྱ་བ་དང་། བྱ་བའི་རང་བཞིན་ཡིན་པ་དང་། ལུས་དང་ངག་གི་ཉེས་སྤྱོད་ལས་སྡོམ་པ་ཡིན་པའི་ཕྱིར། དྲུག་པ་ནི། སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན་སོ་སོར་ཐར་པ་དང་བྱ་བའི་ལམ་ཞེས་བྱ་སྟེ། དང་པ་ོསྡོམ་མིན་ལས་ཐར་མ་ཐག་པ་ལས་ལམ་གྱི་དངོས་གཞི་ཡིན་པའི་ཕྱིར། བདུན་པ་ནི། སོ་ཐར་གྱི་སྡོམ་པ་དང་ལྡན་པའི་གང་ཟག་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་བརྒྱད་ཡོད་དེ། དགེ་སློང་ནས་བསྙེན་གནས་ཀྱི་བར་བརྒྱད་དུ་ཡོད་པའི་ཕྱིར། སྨྲས་པ། ཡོངས་འཛིན་དེད་དཔོན་མཆོག་གི་བཀའ་དྲིན་དང་། །སོ་ཐར་སྡོམ་པའི་གྲུ་རྫིངས་ཐོས་བསམ་གྱི། །མཐུན་པའི་ལུང་གིས་བསྐུལ་ལས་མྱང་འདས་ཀྱི། །གཏན་བདེའི་རིན་ཆེན་གླིང་དུ་བགྲོད་པར་རིགས། །ངེས་འབྱུང་ཆུ་ཡིས་རང་རྒྱུད་ཐ་བའི་ཚོགས། །བརླན་པར་མ་བྱས་ཚུལ་འཆོས་རྫུ་བག་གིས། །ཤཱཀྱའི་རྣམ་བཞིའི་འཁོར་གྱི་གྲལ་རིངས་དེར། །བསྙེགས་ཀྱང་བོང་བུས་གཟིག་ལྤགས་གྱོན་པ་བཞིན། །ཁྱིམ་པ་མགོ་རེག་མཐོང་ན་གད་མོ་བྲོ། །འདུལ་མངོན་གཞུང་ལུགས་མཐོང་ན་སྒྱིད་པ་སྐྱུར། །ཁྲིམས་ལྡན་དགེ་སྦྱོང་མཐོང་ན་སྤྲོ་བ་འཕེལ། །ཆོས་ལྡན་གྲོགས་པོ་མཐོང་ན་དགེ་ལ་སྦྱོར། །གྲོ་ནས་བཏབ་པའི་ཞིང་སར་སོ་སོའི་འབྲས། །མ་འདྲེས་སྨིན་པ་ཇི་བཞིན་དགེ་སྡིག་ལས། །བདེ་སྡུག་སོ་སོར་འཕྱུང་བའི་ཚུལ་བསམས་ན། །མཁས་རློམ་ཕལ་ཆེར་དྲེད་པོ་ཆོས་སྒྱུས་མཁན། །འོན་ཀྱང་མི་ཤེས་རྨོངས་དང་བློ་ལྡན་གྱི། །སྡིག་ལ་ལྕི་ཡང་འབྱུང་བར་གསུང་རབ་ལས། །བཤད་ན་ཐོས་ཉུང་སྒོམ་ཆེན་
རྒན་པོ་ལས། །མང་ཐོས་མཚན་ཉིད་འདུས་སྡེ་གུ་རེ་ཡངས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བསམ་གཏན་ཟག་མེད་ཀྱི་སྡོམ་པ་བཤད་པ།


GLG014_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་བཤད་པ་ནི། ཤེས་བྱ་ཆོས་ཅན། བསམ་གཏན་གྱི་སྡོམ་པ་ཡོད་དེ། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་གང་རུང་མངོན་དུ་གྱུར་པའི་སྟོབས་ཀྱིས་སྐྱེས་པའི་གཟུགས་ཅན་གྱི་སྡོམ་པ་དེ་ཡིན་པའི་ཕྱིར། བསམ་གཏན་གྱི་སྡོམ་པ་ཆོས་ཅན། ཁྱོད་རྒྱུད་ལ་ལྡན་པའི་གང་ཟག་ཡོད་དེ། སྔར་བཤད་པ་གང་རུང་རྒྱུད་ལ་སྐྱེས་པ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། འཕགས་པའི་སེམས་ཅན་དེ་ཟག་མེད་ཀྱི་སྡོམ་པ་དང་ལྡན་ཏེ། དེ་བདེན་པ་མངོན་རྟོགས་རྒྱུད་ལ་སྐྱེས་པའི་གང་ཟག་ཡིན་པའི་ཕྱིར། ཐ་མ་བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པ་གཉིས་ནི་ཆོས་ཅན། སེམས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། སེམས་དང་ལྷན་ཅིག་ཏུ་འཇུག་པའི་སྡོམ་པ་ཡིན་པའི་ཕྱིར། །གསུམ་པ་སྡོམ་པའི་རྣམ་གྲངས་གཞན་བཤད་པ་ནི། ཤེས་བྱ་ཆོས་ཅན། སྡོམ་པ་དེ་གཉིས་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་ཤིང་། མི་ལྕོགས་མེད་ལ་བརྟེན་པའི་ཚེ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེའི་ཚེ་དེ་འཆལ་བའི་ཚུལ་ཁྲིམས་དང་། དེའི་ཀུན་སློང་འགོག་པའི་སྡོམ་པ་ཡིན་པའི་ཕྱིར། ཤེས་བཞིན་དང་ནི་དྲན་པ་དག་གཉིས་ཆོས་ཅན། ཡིད་དང་དབང་པོའི་སྡོམ་པ་ཞེས་བྱ་སྟེ། ལུས་ངག་ཉེས་སྤྱོད་ལས་སྡོམ་པའི་བློ་ཡིན་པའི་ཕྱིར། །གཉིས་པ་ཐམས་ཅད་ཐུན་མོང་དུ་བཤད་པ་ལ། ལྡན་པའི་ཚུལ། འཐོབ་པའི་ཚུལ། གཏོང་བའི་རྒྱུ། ལྡན་པའི་གང་ཟག་དང་བཞི། དང་པོ་ལ། རིག་བྱེད་མ་ཡིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། སྡོམ་མིན་གྱི་མིང་གི་རྣམ་གྲངས། མུ་བཞིའི་སྒོ་ནས་དོགས་པ་དཔྱད་པའོ། །དང་པོ་ལ། སྡོམ་པ་དང་སྡོམ་མིན་གྱི་ལྡན་ཚུལ་དང་། བར་མའི་ལྡན་ཚུལ་ལོ། །དང་པོ་ནི། སོ་ཐར་གྱི་སྡོམ་པ་ཆོས་ཅན། ལྡན་ཚུལ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པ་ལ་གནས་པ་


GLG014_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐོབ་ནས་ཇི་སྲིད་མ་གཏང་གི་བར་དུ་རྟག་ཏུ་དེ་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ལ། སྐད་ཅིག་དང་པོ་ཕྱིན་ཆད་འདས་པའི་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡོམ་མིན་ལ་གནས་པའི་ལྡན་ཚུལ་ཡང་ཡོད་དེ། སྔ་མ་དེ་དང་འདྲ་བའི་ཕྱིར། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་ཆོས་ཅན། ལྡན་ཚུལ་ཁྱད་པར་ཅན་ཡོད་དེ། ཐོབ་ནས་མ་གཏང་གི་བར་དུ་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར། འཕགས་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་ནི་ཆོས་ཅན། ལྡན་ཚུལ་ཁྱད་པར་ཅན་ཡོད་དེ། སྐད་ཅིག་མ་དང་པོ་འདས་པའི་རྣམ་པར་རིག་བྱེད་དང་ལྡན་པ་མ་ཡིན་ལ། གཞན་རྣམས་སྔར་དང་མཚུངས་པའི་ཕྱིར། མཉམ་གཞག་འཕགས་ལམ་གྱི་སས་བསྡུས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་གཉིས་ཆོས་ཅན། ལྡན་ཚུལ་ཁྱད་པར་ཅན་ཡོད་དེ། ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། བར་མ་དགེ་བ་ཡང་ཆོས་ཅན། ལྡན་ཚུལ་ཡོད་དེ། བར་མ་ལ་གནས་པ་ཡོད་ན་དང་པོ་བར་གྱི་དེ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར་དང་། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ད་ལྟར་གྱི་དུས་གཉིས་ནི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡོམ་པ་མིན་པ་ལ་གནས་པ་དགེ་བའི་རིག་བྱེད་མ་ཡིན་པ་དང་ལྡན་པ་དང་། སྡོམ་པ་ལ་གནས་པ་མི་དགེ་བའི་རིག་བྱེད་མ་ཡིན་པ་དང་ལྡན་པ་ཡོད་དེ། ཇི་སྲིད་དེ་གཉིས་ལ་གནས་བཞིན་དུ་རབ་ཏུ་དང་བ་དྲག་པོས་ཕྱག་འཚལ་བ་དང་། ཉོན་མོངས་ཤུགས་དྲག་པོའི་སྒོ་ནས་གསོད་པ་དང་འཆིང་བ་སོགས་བྱེད་པའི་ཚེ་རིམ་པ་བཞིན་དུ་ལྡན་པའི་ཕྱིར། །གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ནི། རྣམ་པར་རིག་བྱེད་ཆོས་ཅན། ལྡན་ཚུལ་ཁྱད་པར་ཅན་ཡོད་དེ། སྡོམ་པ་དང་སྡོམ་པ་མིན་པ་ལ་སོགས་པའི་རྣམ་


GLG014_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་བྱེད་ནི་ཐམས་ཅད་བྱེད་པ་ལ་མ་བཏང་བར་དུ་ད་ལྟར་དང་ལྡན་ཞིང་། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ལྡན་གྱི། མ་འོངས་པ་དང་ལྡན་པ་ནི་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྒྲིབས་པ་དང་ནི་མ་བསྒྲིབས་པའི་རྣམ་པར་རིག་བྱེད་མ་འོངས་པར་མ་ཟད། འདས་པ་དག་དང་ཡང་ལྡན་པ་མེད་དེ། དེ་གཉིས་ཤིན་ཏུ་སྟོབས་ཆུང་བའི་ཕྱིར། གསུམ་པ་སྡོམ་མིན་གྱི་རྣམ་གྲངས་ནི། ཤེས་བྱ་ཆོས་ཅན། སྡོམ་པ་མིན་པའི་རྣམ་གྲངས་གཞག་ཏུ་ཡོད་དེ། ཉེས་སྤྱད་དང་། འཆལ་པའི་ཚུལ་ཁྲིམས་དང་། ལས་དང་། དེའི་ལམ་ཞེས་པ་རྣམས་ཡིན་པའི་ཕྱིར། བཞི་པ་མུ་བཞིའི་སྒོ་ནས་དོགས་པ་དཔྱད་པ་ནི། ཤེས་བྱ་ཆོས་ཅན། རྣམ་པར་རིག་བྱེད་དང་ལྡན་ཞིང་། རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་ཡོད་དེ། སེམས་ཞན་པས་བར་མ་དོར་གནས་ཤིང་དགེ་མི་དགེ་བྱེད་པ་ན། རྣམ་པར་རིག་བྱེད་ཉིད་དང་ལྡན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ཞིང་། རྣམ་པར་རིག་བྱེད་དང་མི་ལྡན་པའང་ཡོད་དེ། རྣམ་པར་རིག་བྱེད་བཏང་བ་དང་། དེ་མ་སྐྱེས་པའི་འཕགས་པའི་གང་ཟག་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དང་ལྡན་པའི་ཕྱིར། གཉིས་པ་འཐོབ་པའི་ཚུལ་ལ། རྒྱུ་གང་ལ་བརྟེན་པ་དང་། གཞི་གང་ལ་བརྟེན་པའོ། །དང་པོ་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དང་། སོ་ཐར་གྱི་སྡོམ་པ་རྒྱུ་གང་ལ་བརྟེན་ནས་འཐོབ་པ་གཉིས། དང་པོ་ནི། བསམ་གཏན་ལས་སྐྱེས་པ་བསམ་གཏན་གྱི་སྡོམ་པ་ཆོས་ཅན། འཐོབ་ཚུལ་ཡོད་དེ། བསམ་གཏན་ས་དྲུག་ཏུ་སྐྱེས་པ་ཉིད་ཀྱིས་འཐོབ་པའི་ཕྱིར། ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཅན། འཐོབ་ཚུལ་ཡོད་དེ། འཕགས་པ་ཟག་མེད་ས་དྲུག་ཏུ་སྐྱེས་པ་དེས་འཐོབ་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་ཆོས་ཅན། གང་ཟག་གཞན་གྱི་རྣམ་པར་རིག་བྱེད་སོགས་ཀྱིས་འཐོབ་


GLG014_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ད་ལྟར་གྱི་ཆོས་དང་སྔོན་ཆོག་སོགས་ལ་བརྟེན་ནས་འཐོབ་པའི་ཕྱིར། གཉིས་པ་ལ། དུས་བསྙེན་གནས། དགེ་བསྙེན། ཆེ་ཆུང་གི །སྐྱབས་སུ་འགྲོ་བའི་རྟེན། བསླབ་བྱའི་ཁྱད་པར་ལ་དཔྱད་པ་དང་དྲུག །དང་པོ་ནི། སོ་ཐར་རིགས་བདུན་པོ་ཆོས་ཅན། ལེན་ཚུལ་ཡོད་དེ། སྔ་མ་རྣམས་ཚེ་ཇི་སྲིད་འཚོ་དང་། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་ཏུ་ཡང་དག་པར་བླང་བར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉིན་ཞག་གཅིག་པའི་སྡོམ་མིན་ནི་མེད་དེ། དེ་དེ་ལྟར་ནོད་པ་མེད་ཅེས་གྲགས་པའི་ཕྱིར། གཉིས་པ་ལ། ལེན་ཚུལ། བསླབ་བྱ། ལེན་པའི་གང་ཟག་ལ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། བསྙེན་གནས་ཀྱི་སྡོམ་པ་དེ་ལེན་ཚུལ་གྱི་ཁྱད་པར་བཞི་ཡོད་དེ། ཀུན་སྤྱོད་ཀྱི་ཁྱད་པར་སློབ་དཔོན་ལས་སྟན་དམའ་བར་འདུག་ཅིང་། རྒྱན་གསར་དུ་མི་འདོགས་པ། ལེན་ཚུལ་གྱི་ཁྱད་པར་གཞན་གྱིས་སྨྲས་པའི་རྗེས་ཟློས་བྱེད་པ། དུས་ཀྱི་ཁྱད་པར་ནམ་ལངས་ནས་ཉི་མ་ཤར་གྱི་བར་དུ། ཡན་ལག་གི་ཁྱད་པར་བསྙེན་གནས་ཡན་ལག་བརྒྱད་ཚང་བར་ནི་ནངས་པར་ལེན་པའི་ཡུལ་སྡོམ་ལྡན་གཞན་ལས་ནོད་པར་བྱེད་དགོས་པའི་ཕྱིར། གཉིས་པ་ནི། རྩ་བ་བཞི་སྤོང་བ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ཏེ། ཚུལ་འཆལ་གྱི་དངོས་གཉེན་ཡིན་པའི་ཕྱིར། མྱོས་འགྱུར་སྤོང་བ་གཅིག་ནི་ཆོས་ཅན། བག་ཡོད་པའི་ཡན་ལག་ཡིན་ཏེ། བག་མེད་ཀྱི་དངོས་གཉེན་ཡིན་པའི་ཕྱིར། གར་སོགས་གསུམ་སྤོང་བ་ནི་ཆོས་ཅན། བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ཏེ། རིམ་པ་བཞིན་དུ་བརྟུལ་ཞུགས་ངན་པའི་དངོས་གཉེན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡན་ལག་རྣམས་མ་སྤངས་པ་སྐྱོན་དུ་འགྱུར་ཏེ། མྱོས་འགྱུར་འཐུང་བ་དེ་ཡིས་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པར་འགྱུར། དུས་མིན་གྱི་ཟས་ལ་ལོངས་སྤྱད་པས་བསྙེན་གནས་ཀྱི་དྲན་པ་


GLG014_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྱོ་བའི་དྲན་པ་ཉམས་པར་འགྱུར། ཁྲི་སྟན་མཐོན་པོ་དང་ཆེན་པོ་དང་། གླུ་གར། ཕྲེང་བ་རྣམས་ལ་སྤྱད་ན་རྒྱུད་དྲེགས་པ་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བསྙེན་གནས་འདི་དགེ་བསྙེན་ཁོ་ན་ལ་ཡོད་པ་ནི་མ་ཡིན་ཏེ། ཁྱིམ་པ་གཞན་ལའང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། འོན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ལ་ནི་མེད་དེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་སྒོ་ནས་ཁས་ལེན་དགོས་པའི་ཕྱིར། གསུམ་པ་དགེ་བསྙེན་གྱི་ཁྱད་པར་ནི། ཤེས་བྱ་ཆོས་ཅན། སྐྱབས་སུ་སོང་བ་ཙམ་གྱིས་དགེ་བསྙེན་གྱི་སྡོམ་པ་འཐོབ་པ་མ་ཡིན་ཏེ། དགེ་བསྙེན་ཉིད་དུ་ཁས་བླངས་པ་ལས་དགེ་བསྙེན་གྱི་སྡོམ་པ་འཐོབ་པའི་ཕྱིར། འོན་ཀྱང་བསླབ་པ་བསྟན་པ་ལ་དགོས་པ་ཡོད་དེ། བླང་དོར་ཤེས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་དགེ་སློང་གི་སྡོམ་པ་བརྗོད་པ་བཞིན་ནོ། །ཤེས་བྱ་ཆོས་ཅན། གལ་ཏེ་དགེ་བསྙེན་ཐམས་ཅད་སྡོམ་པས་བསྡམས་པ་ཡིན་ན། སྣ་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་སོགས་ཀྱི་དགེ་བསྙེན་བཤད་པ་ཇི་ལྟ་བུ་སྙམ་པའི་སྐྱོན་ཡོད་པ་ནི་མ་ཡིན་ཏེ། དང་པོར་ལེན་པའི་ཚེ་དགེ་བསྙེན་ཙམ་དུ་ཁས་བླངས་ནས་ཕྱིས་སྤང་བྱ་དེ་དག་བསྲུང་བ་ལ། སྣ་གཅིག་སྤྱོད་པ་སོགས་སུ་གསུངས་ཞེས་གྲགས་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། སྡོམ་པ་དེ་ལ་ཆུང་འབྲིང་ཆེན་པོ་གསུམ་ཡོད་དེ། ལེན་འདོད་ཀྱི་ཀུན་སློང་དེ་ལ་ཆུང་ངུ་དང་ལ་སོགས་པ་འབྲིང་དང་། ཆེན་པོའི་ཡིད་གསུམ་ཡོད་པ་ཇི་ལྟ་བ་བཞིན་དུ་སྡོམ་པ་སྐྱེ་བའི་ཕྱིར། ལྔ་པ་ནི། གང་ཟག་གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ཆོས་ཅན། ཁྱོད་ཀྱི་སྐྱབས་ཡུལ་ཡོད་དེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀ་དང་། ཆོས་སུ་བྱེད་པའི་ཆོས་མྱ་ངན་ལས་འདས་པ་ལ་སྐྱབས་
སུ་འགྲོ་བའི་ཕྱིར། གཟུགས་ཕུང་ནི་ཟག་བཅས་ཡིན་པས་སངས་རྒྱས་དཀོན་མཆོག་མ་ཡིན་ཡང་སངས་རྒྱས་སུ་འདོད་དེ། འགྲེལ་པ་ལས། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེ་ནི་ཀླན་ཀར་མི་རུང་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དྲུག་པ་ནི། ཤེས་བྱ་ཆོས་ཅན། དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་ལོག་གཡེམ་སྤོང་བ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། ཁྱིམ་པས་དེ་སྤོང་སླ་ཞིང་། འཕགས་པ་རྣམས་ཀྱིས་ཚེ་རབས་གཞན་དུའང་མི་བྱེད་པ་ཐོབ་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། དགེ་བསྙེན་གྱིས་ཆུང་མ་བླངས་ན་སྡོམ་པ་གཏོང་བར་མི་འགྱུར་ཏེ། དགེ་བསྙེན་གྱི་སྡོམ་པ་ནི། འདོད་པས་ལོག་པར་གཡེམ་པ་སྤོང་བ་ཞེས། ཇི་ལྟར་ཁས་བླངས་པ་བཞིན་འཐོབ་ཀྱི། བུད་མེད་གང་ཡང་རུང་བའི་རྒྱུད་ལ་མི་ཚངས་པར་སྤྱོད་པ་སྤོང་དགོས་པ་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ངག་གི་ཉེས་སྤྱོད་རྣམས་ཀྱི་ནང་ནས་རྫུན་སྤོང་བ་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་གཞག་པ་ལ་རྒྱུ་མཚན་ཡོད་དེ། བསླབ་པའི་ཡན་ལག་ཐམས་ཅད་ལས་འདས་ཤིང་བྲལ་བར་གྱུར་ཀྱང་། དེ་ལྟར་མ་བྱས་སོ་ཞེས་རྫུན་དུ་ཐལ་བར་འགྱུར་བ་དེ་དག་དགག་པའི་ཆེད་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་མྱོས་འགྱུར་སྤོང་བ་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། མྱོས་འགྱུར་སྤངས་པ་ལས་ཡན་ལག་གཞན་རྣམས་བསྲུང་བའི་གྲོགས་སུ་འགྱུར་བའི་ཕྱིར་རོ། །འདུལ་བ་འཛིན་པ་རྣམས་མྱོས་པར་འགྱུར་བ་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་འགྱུར་འཐུང་བ་མ་གནང་བ་དང་། དགེ་སློང་དག །ང་སྟོན་པ་ཡིན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ། །ཞེས་གསུངས་སོ་ཞེས་འཆད་དོ།


GLG014_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །

གཞི་གང་ལ་བརྟེན་ནས་འཐོབ་ཚུལ་བཤད་པ།


GLG014_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཞི་གང་ལ་བརྟེན་ནས་འཐོབ་པ་ལ། སྡོམ་པ། སྡོམ་མིན། བར་མ་དང་གསུམ། དང་པོ་ལ། སོ་ཐར་གྱི་སྡོམ་པ་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས། དང་པོ་ནི། འདོད་པར་གཏོགས་པའི་སོ་ཐར་གྱི་སྡོམ་པ་ཆོས་ཅན། འཐོབ་ཚུལ་དང་ལྡན་ཏེ། སྦྱོར་དངོས་ཐམས་ཅད་དང་། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་དང་། དུས་ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་དག་ལས་ཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་ཆོས་ཅན། འཐོབ་ཚུལ་དང་ལྡན་ཏེ། ལས་ལམ་གྱི་དངོས་གཞི་དང་། དུས་ནི་གསུམ་པོ་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ལས་འཐོབ་པའི་ཕྱིར། སོ་ཐར་གྱི་སྡོམ་པ་ཆོས་ཅན། སེམས་ཅན་ཁ་ཡར་བ་ཙམ་ལས་འཐོབ་པ་མ་ཡིན་ཏེ། ཡུལ་སེམས་ཅན་ཐམས་ཅད་ལས་འཐོབ་པའི་ཕྱིར། ཤེས་བྱ་ཆོས་ཅན། སོ་ཐར་གྱི་སྡོམ་པ་དེ་འཐོབ་པའི་ཡན་ལག་དང་རྒྱུ་ལ་དབྱེ་བ་ཡོད་དེ། དགེ་སློང་གི་སྡོམ་པ་ནི་ཡན་ལག་ཐམས་ཅད་ལས་འཐོབ། སོ་ཐར་ལྷག་མ་རྣམས་ནི་ཡན་ལག་འགའ་ཞིག་ལས་འཐོབ། རྒྱུ་ལ་ཡང་ཆུང་འབྲིང་གི་དབྱེ་བ་ཡོད་པའི་ཕྱིར། གཉིས་པ་ནི། སྡོམ་མིན་ཆོས་ཅན། འཐོབ་ཚུལ་གཉིས་དང་ལྡན་ཏེ། ཡུལ་སེམས་ཅན་ཐམས་ཅད་དང་། ཡན་ལག་ཀུན་ལས་རྒྱུས་འཐོབ་པ་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡོམ་པ་མིན་པའི་འཐོབ་ཚུལ་གཉིས་སུ་ཡོད་དེ། བཤན་པ་སོགས་ཀྱི་རིགས་སུ་སྐྱེས་པ་ནི་སྲོག་གཅོད་ལ་སོགས་པའི་བྱ་བ་ལ་ཞུགས་པ་འམ། དེའི་རིགས་སུ་མ་སྐྱེས་ཀྱང་། བདག་སྲོག་གཅོད་པས་འཚོ་བར་བྱའོ། །ཞེས་ཁས་ལེན་པ་ལས་ཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། སྡོམ་པ་དང་སྡོམ་མིན་གྱི་ལྷག་མ་བར་མའི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཆོས་ཅན། འཐོབ་ཚུལ་ཡོད་དེ། ཀུན་དགའ་ར་བ་འབུལ་བ་སོགས། ཞིང་དང་། དཀོན་མཆོག་ལ་ཕྱག་མ་བྱས་པར་ཟས་མི་ཟ་ཞེས་ཁས་


GLG014_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དང་། ཕྱག་འཚལ་བ་ལ་སོགས་པའི་གུས་པར་བྱེད་པ་ལས་འཐོབ་པའི་ཕྱིར། གསུམ་པ་གཏོང་བའི་རྒྱུ་ལ། སྡོམ་པ། སྡོམ་མིན། བར་མ། ཞར་ལ་གཟུགས་ཅན་མིན་པ་གཞན་གཏོང་བའི་རྒྱུ་དང་བཞི། དང་པོ་ལ། སོ་ཐར། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཏོང་བའི་རྒྱུ་གཉིས། དང་པོ་ནི། སོ་སོར་ཐར་པའི་འདུལ་བ་སྟེ་སྡོམ་པ་ཆོས་ཅན། གཏོང་བའི་ཚུལ་ཡོད་དེ། བརྡ་འཕྲོད་པའི་གང་ཟག་ལ་བསླབ་པ་བསམ་པ་ཐག་པས་ཕུལ་བ་དང་། ཤི་འཕོས་པ་དང་། མཚན་གཉིས་དག་ནི་ཅིག་ཅར་དུ་བྱུང་བ་དང་། དགེ་བའི་རྩ་བ་ཆད་ནས་གཏོང་བའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཚེ་སྡོམ་པའི་མི་མཐུན་ཕྱོགས་གྲུབ་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡོམ་པའི་རྟེན་བོར་བའི་ཕྱིར། གསུམ་པ་གྲུབ་སྟེ། སྡོམ་པའི་རྟེན་ཉམས་པའི་ཕྱིར། བཞི་པ་གྲུབ་སྟེ། སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་ཆོས་ཅན། གཏོང་རྒྱུ་ལྔ་ཡོད་དེ། སྔ་མ་བཞིའི་སྟེང་དུ་མཚན་མོ་འདས་པ་ན་གཏོང་བའི་ཕྱིར། མདོ་སྡེ་པ་ཁ་ཅིག་ན་རེ། དགེ་སློང་གི་སྡོམ་པ་ཡང་གཏོང་རྒྱུ་ལྔ་ཡོད་དེ། སྔ་མ་བཞིའི་སྟེང་དུ་རྩ་ལྟུང་བྱུང་བར་གྱུར་པ་ལས་གཏོང་བའི་ཕྱིར། ཞེས་སྨྲ། གོས་དམར་བའི་སྡེ་པ་གཞན་དག་ན་རེ། ཡོད་དེ། སྔ་མ་བཞིའི་སྟེང་དུ་དམ་པའི་ཆོས་ནུབ་པ་ལས་གཏོང་བའི་ཕྱིར། ཟེར། ཐོགས་མེད་སྐུ་མཆེད་ནི། ལུང་གི་དམ་ཆོས་ནུབ་པའི་ཚེ། སྡོམ་པ་སྔར་མེད་གསར་དུ་མི་སྐྱེ་ཡང་། སྔར་ཡོད་གཏོང་བ་མ་ཡིན་ཏེ། ལུང་གི་དམ་ཆོས་ནུབ་པས་རྟོགས་པའི་དམ་ཆོས་ནུབ་པའི་ངེས་པ་མེད་པའི་ཕྱིར། ཞེས་གསུང་ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་ནི། རྩ་ལྟུང་གང་རུང་གཅིག་བྱུང་ཡང་གཞན་རྣམས་མ་བྱུང་ན་སྡོམ་པ་ཟད་པར་གཏོང་བ་མ་ཡིན་ཏེ། དེ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་འཆལ་གཉིས་སུ་འདོད་པའི་ཕྱིར་ཏེ། དཔེར་ན་མི་འགའ་ཞིག་ལ་ནོར་ཡང་ཡོད་ཅིང་། བུ་ལོན་ཀྱང་ཆགས་ན་དེ་ནོར་ཅན་དང་བུ་ལོན་ཅན་གཉིས་ཀ་


GLG014_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་མཚུངས་པའི་ཕྱིར་ཏེ། དེས་བུ་ལོན་གཞལ་ཟིན་པ་དང་ཅིག་ཤོས་ཀྱིས་ལྟུང་བ་བཤགས་ཟིན་པ་མཚུངས་པའི་ཕྱིར་ཟེར་རོ། །གཉིས་པ་ནི། བསམ་གཏན་དུ་གཏོགས་པའི་དགེ་བ་བསམ་གཏན་གྱི་སྡོམ་པ་ནི་ཆོས་ཅན། གཏོང་བའི་རྒྱུ་ཡོད་དེ། གོང་ས་ནས་འོག་སར་འཕོས་པ་དང་། སྙོམས་འཇུག་ལས་ཉམས་པ་དག་གིས་གཏོང་བར་འགྱུར་བའི་ཕྱིར། དེ་བཞིན་དུ། གཟུགས་མེད་དུ་གཏོགས་པའི་དགེ་བ་ཡང་ཆོས་མཚུངས་སོ། །འཕགས་པ་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། གཏོང་བའི་རྒྱུ་གསུམ་ཡོད་དེ། འབྲས་བུ་གསར་དུ་ཐོབ་པ་དང་། དབང་པོ་སྦྱངས་པ་དང་། ཉམས་པ་ལས་གཏོང་བར་འགྱུར་བའི་ཕྱིར། གཉིས་པ་ནི། སྡོམ་མིན་གྱི་རྣམ་པར་རིག་བྱེད་ཆོས་ཅན། གཏོང་བའི་རྒྱུ་གསུམ་ཡོད་དེ། གཉེན་པོ་སྡོམ་པ་ཐོབ་པ་དང་། རྟེན་དེ་ཤི་འཕོས་པ་དང་། རྟེན་དེ་ལ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལས་གཏོང་བར་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། གཉེན་པོ་སྟོབས་དང་ལྡན་པའི་ཕྱིར། གཉིས་པ་གྲུབ་སྟེ། ལུས་བོར་བའི་ཕྱིར། གསུམ་པ་གྲུབ་སྟེ། ལུས་རྟེན་ཉམས་པའི་ཕྱིར། །གསུམ་པ་ནི། ཤེས་བྱ་ཆོས་ཅན། བར་མའི་དགེ་བ་གཏོང་བའི་རྒྱུ་དྲུག་ཡོད་དེ། དགེ་བ་དེ་བྱ་བའི་ཤུགས་ཆད་པ་དང་། བདག་མི་བྱེད་དོ་ཞེས་ཁས་བླངས་པ་ཆད་པ་དང་། བྱ་བ་དེ་རྒྱུན་ཆད་པ་དང་། ཀུན་དགའ་ར་བ་ཞིག་པ་སོགས་དོན་ཆད་པ་དང་། ཚེ་ཆད་པ་དང་། དགེ་བའི་རྩ་བ་ཆད་པ་ལས་གཏོང་བར་འགྱུར་བའི་ཕྱིར། །བཞི་པ་ནི། འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མ་ཡིན་པ་ནི་ཆོས་ཅན། གཏོང་བའི་རྒྱུ་གཉིས་ཡོད་དེ། དགེ་རྩ་ཆད་པ་དང་། གོང་སར་སྐྱེས་པ་ལས་གཏོང་བར་འགྱུར་བའི་ཕྱིར། ཉོན་མོངས་ཅན་གཟུགས་ཅན་མ་ཡིན་པ་ནི་ཆོས་ཅན། གཏོང་བའི་རྒྱུ་ཡོད་དེ། རང་གི་ངོ་སྐལ་གྱི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་བའི་ཕྱིར། བཞི་པ་ལྡན་པའི་གང་ཟག་ལ། སྡོམ་མིན་དང་། སྡོམ་པ་


GLG014_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་གང་ཟག་གཉིས། དང་པོ་ནི། མཚན་གཏན་ནས་མེད་པའི་ཟ་མ་དང་། ཡོད་ཀྱང་དོན་བྱེད་མི་ནུས་པའི་མ་ནིང་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། བྱང་སྒྲ་མི་སྙན་རྣམས་མ་གཏོགས་པའི་གླིང་གསུམ་གྱི་མི་རྣམས་ཆོས་ཅན། སྡོམ་མིན་དང་སྡོམ་པའི་ཡང་རྟེན་དུ་རུང་སྟེ། ཁྱོད་ལ་དེ་གཉིས་སྐྱེ་རུང་བའི་ཕྱིར། །གཉིས་པ་ནི། ལྷ་ཆོས་ཅན། ཁྱོད་ལའང་སྡོམ་པ་ཡོད་དེ། ཁྱོད་ལ་བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར། མི་ཆོས་ཅན། ཁྱོད་ལ་སྡོམ་པ་གསུམ་ཡོད་དེ། ཁྱོད་ལ་སོ་ཐར། བསམ་གཏན། ཟག་མེད་ཀྱི་དེ་གསུམ་ཡོད་པའི་ཕྱིར། བསམ་གཏན་སྐྱེས་བསམ་གཏན་གྱི་སྡོམ་པ་ཆོས་ཅན། ཁྱོད་ཀྱི་རྟེན་ཡོད་དེ། འདོད་པ་དང་གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཁྱོད་ཡོད་པའི་ཕྱིར། ཟག་མེད་ཀྱི་སྡོམ་པ་ཆོས་ཅན། ཁྱོད་ཀྱི་རྟེན་ཡོད་དེ། བསམ་གཏན་ཁྱད་པར་ཅན་དང་། འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པ་གཟུགས་མེད་ཁམས་ནའང་ཡོད་པའི་ཕྱིར། གཉིས་པ་མདོ་ནས་གསུངས་པའི་ལས་ཀྱི་རྣམ་གྲངས་ལ། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ལ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང་། ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ། ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ། ལས་ཀྱི་རྣམ་གྲངས་གཞན་བཤད་པའོ། །དང་པོ་ལ། འབྲས་བུའི་སྒོ་ནས་དབྱེ་བ། རྒྱུའི་སྒོ་ནས་དབྱེ་བ། རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། དགེ་སོགས་གསུམ་དུ་དབྱེ་བ། བསོད་ནམས་སོགས་གསུམ་དུ་དབྱེ་བ། མྱོང་འགྱུར་ལས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། དགེ་བ་ཟག་བཅས་ཀྱི་ལས་ཆོས་ཅན། ལས་བདེ་བ་ཡིན་ཏེ། རྣམ་སྨིན་བདེ་བ་འབྱིན་བྱེད་ཡིན་པའི་ཕྱིར། ཆགས་སོགས་མི་དགེ་བ་ཆོས་ཅན། ལས་མི་བདེ་བ་ཡིན་ཏེ། རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། གཞན་


GLG014_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་པ་ལ་སོགས་པ་ནི་ཆོས་ཅན། བདེ་མི་བདེ་ལས་གཞན་ཡིན་ཏེ། རྣམ་སྨིན་བདེ་སྡུག་གང་ཡང་འབྱིན་མི་ནུས་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། བཤད་མ་ཐག་པ་དེ་ལ་གསུམ་ཡོད་དེ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་རྣམས་སུ་ཡོད་པའི་ཕྱིར། །གཉིས་པ་ནི། འདོད་ཁམས་ཀྱི་དགེ་བའི་ལས་ཆོས་ཅན། བསོད་ནམས་ཀྱི་ལས་ཡིན་ཏེ། དཀར་པོའི་ངོ་བོར་ལུང་དུ་བསྟན་པའི་ལས་ཡིན་པའི་ཕྱིར། ཁམས་གོང་མར་སྐྱེས་པའི་དགེ་ལས་ཆོས་ཅན། མི་གཡོ་བའི་ལས་ཡིན་ཏེ། གང་གི་ཕྱིར་ན་རང་གི་ས་ནི་དེ་དག་ཏུ་ལས་རང་གི་རྣམ་སྨིན་སྨིན་པའི་ཕྱིར་ན་འབྲས་བུ་གཞན་དུ་མི་གཡོ་བའི་ཕྱིར་རོ། །གསུམ་པ་ལ་མྱོང་འགྱུར་གསུམ་དུ་དབྱེ་བ། མྱོང་འགྱུར་ལྔར་དབྱེ་བ། ལས་ངེས་མ་ངེས་ཀྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལས་དེ་ལ་གསུམ་དུ་ཡོད་དེ། བདེ་བ་མྱོང་འགྱུར་དང་། ལ་སོགས་པ་སྡུག་བསྔལ་མྱོང་འགྱུར་དང་། བཏང་སྙོམས་མྱོང་བར་འགྱུར་བ་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། འདོད་ཁམས་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བ་ཆོས་ཅན། བདེ་བ་མྱོང་བར་འགྱུར་བའི་ལས་ཡིན་ཏེ། ཚོར་བ་བདེ་བ་འདྲེན་པའི་ལས་ཡིན་པའི་ཕྱིར། བསམ་གཏན་གསུམ་པ་དེ་ཡན་ཆད་ཀྱི་དགེ་བའི་ལས་ཆོས་ཅན། སྡུག་མིན་བདེ་མིན་མྱོང་འགྱུར་གྱི་ལས་ཡིན་ཏེ། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡིན་པའི་ཕྱིར། འདོད་ཁམས་འདིའི་མི་དགེ་བ་ཆོས་ཅན། སྡུག་བསྔལ་མྱོང་འགྱུར་གྱི་ལས་ཡིན་ཏེ། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་བྱེད་ཡིན་པའི་ཕྱིར། བསམ་གཏན་བཞི་པའི་འོག་ནའང་བར་མ་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དེ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་གྱི་རྣམ་སྨིན་གྱི་འབྲས་བུ་མཚུངས་ལྡན་གྲུབ་པ་


GLG014_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ། །ཞེས་སྡེ་པ་ཁ་ཅིག་ཟེར་རོ། །སྔ་ཕྱི་མེད་པར་རྒྱུད་གཅིག་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྨིན་པ་ཡོད་དེ། བདེ་བ་མྱོང་བར་འགྱུར་བ་ནི་གཟུགས། སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང་སེམས་བྱུང་། བཏང་ཉོམས་མྱོང་འགྱུར་ནི་ལྡན་མིན་འདུ་བྱེད་ཅེས་མདོ་ལས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། མྱོང་འགྱུར་རྣམ་པ་ལྔ་ཡོད་དེ། ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་དང་། མཚུངས་ལྡན་གྱིས་མྱོང་བར་འགྱུར་བ་དང་། དམིགས་པས་མྱོང་བར་འགྱུར་བ་དང་ནི། རྣམ་སྨིན་གྱིས་མྱོང་བར་འགྱུར་བ་དང་། མངོན་སུམ་དུ་གྱུར་པའི་མྱོང་འགྱུར་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་དེ་ཡང་ཆོས་ཅན། གཉིས་སུ་ཡོད་དེ། ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ལ། དབྱེ་བ་སྤྱིར་བསྟན་པ། ཁྱད་ཆོས་སོ་སོར་བཤད་པ། མྱོང་ངེས་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ནི། མངོན་སུམ་དུ་མྱོང་བར་ངེས་པའི་ལས་ཆོས་ཅན། རྣམ་པ་གསུམ་དུ་ཡོད་དེ། ཚེ་འདིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། ལ་སོགས་པ་སྐྱེ་བ་ཕྱི་མར་མྱོང་བར་འགྱུར་བ། སྐྱེ་ནས་མྱོང་འགྱུར་དང་། ཡང་ཕྱི་མ་ལ་མྱོང་བར་འགྱུར་བ། ལན་གྲངས་གཞན་ལ་མྱོང་འགྱུར་རྣམས་སུ་ཡོད་པའི་ཕྱིར། སྡེ་པ་ཁ་ཅིག་ན་རེ། ལས་དེ་ལ་རྣམ་པ་ལྔ་ཡོད་དེ། སྔ་མ་གསུམ་གྱི་སྟེང་དུ་ངེས་མ་ངེས་རྣམས་སུ་ཡོད་པའི་ཕྱིར་ཞེས་ཟེར། དཔེ་སྟོན་སྡེ་པ་གཞན་དག་ན་རེ། མུ་ནི་བཞི་ཡོད་དེ། རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ། དེ་ལས་བཟློག་པ། གཉིས་ཀ་ངེས་པ། གཉིས་ཀ་མ་ངེས་པ་རྣམས་སུ་ཡོད་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། མ་ངེས་པའི་ལས་


GLG014_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་ཆོས་ཅན། རང་གི་རིས་ནི་འཕེན་པར་བྱེད་དེ། རང་གི་རིགས་མཐུན་གྲུབ་པའི་ཕྱིར། ཁམས་གསུམ་པོ་ཐམས་ཅད་ན་ནི་ལས་ཀྱི་འཕེན་པ་བཞི་ཡོད་དེ། མཐོང་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་། མ་ངེས་པའི་ལས་རྣམས་སུ་ཡོད་པའི་ཕྱིར། དམྱལ་བ་ན་ནི་དགེ་བའི་ལས་རྣམས་ཀྱི་འཕེན་པ་གསུམ་ཡོད་དེ། མཐོང་ཆོས་ལ་མྱོང་འགྱུར་མ་གཏོགས་པ་ཡོད་པའི་ཕྱིར། ས་གང་ལས་འདོད་ཆགས་དང་བྲལ་བར་བརྟན་པར་བྱས་པའི་བྱིས་པ་སོ་སོ་སྐྱེ་བོ་ཆོས་ཅན། དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་བྱེད་དེ། དེ་མི་གསོག་པའི་ཕྱིར། ས་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པར་བྱས་པའི་འཕགས་པ་ཆོས་ཅན། དེར་ལན་གྲངས་གཞན་དུའང་མྱོང་འགྱུར་གྱི་ལས་མི་བྱེད་དེ། དེ་མི་གསོག་པའི་ཕྱིར། འདོད་ཁམས་དང་སྲིད་རྩེའི་འདོད་ཆགས་དང་བྲལ་བ་མི་བརྟན་པ་ཉམས་པའི་ཆོས་ཅན་གྱི་འཕགས་པ་ཡང་ཆོས་ཅན། ས་དེར་མྱོང་འགྱུར་གྱི་ལས་བྱེད་པ་མ་ཡིན་ཏེ། དེ་མི་གསོག་པའི་ཕྱིར། ཤེས་བྱ་ཆོས་ཅན། བར་མ་དོར་ཡང་ལས་འཕེན་པ་ཡོད་དེ། སྲིད་པ་བར་མ་ལ་གནས་པའི་གང་ཟག་དེ་འདོད་ཁམས་སུ་འཕེན་བྱེད་ཀྱི་ལས་གསོག་པ་ན། བར་དོ་དང་མངལ་གྱི་གནས་སྐབས་ལྔ། བཅས་པའི་གནས་སྐབས་ལྔ། དེ་རེ་རེ་ལ་ངེས་མ་ངེས་གཉིས་གཉིས་ཏེ་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་པར་བྱེད་པའི་ཕྱིར། སྲིད་པ་བར་མའི་ལས་ངེས་པ་བཅུ་གཅིག་བཤད་པ་གང་ཡིན་པ་དེ་ནི་ཆོས་ཅན། མཐོང་བའི་ཆོས་ལ་མྱོང་ངེས་ཀྱི་འབྲས་བུ་ཡིན་ཏེ། དེ་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་འབྲས་བུ་རིས་གཅིག་ཁོ་ནར་ངེས་པ་ཡིན་པའི་ཕྱིར། གསུམ་པ་ལ་མྱོང་ངེས་སྤྱིར་བསྟན་པ། མཐོང་ཆོས་ལ་མྱོང་ངེས་བྱེ་བྲག་ཏུ་བཤད་པ། ཞར་བྱུང་གི་དོན་དང་གསུམ། དང་པོ་ནི། ངེས་པའི་ལས་དེ་ཆོས་ཅན། དྲུག་ཏུ་ཡོད་དེ། ཉོན་མོངས་པ་དྲག་པོས་བྱས་པ་དང་། རབ་


GLG014_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དང་བ་དྲག་པོས་བྱས་པ་དང་། ཡོན་ཏན་གྱི་ཞིང་དཀོན་མཆོག་སོགས་ལ་ཕན་གནོད་བྱས་པ་དང་། དུས་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་། ཕ་མ་གསོད་པ་ལ་སོགས་པའི་ལས་གང་ཡིན་པ་དེ་དག་ནི་མྱོང་བར་ངེས་པའི་ལས་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་ཆོས་འབྲས་བུ་ཅན་གྱི་ལས་དེ་ལ་གཉིས་སུ་ཡོད་དེ། ཞིང་གི་ཁྱད་པར་དགེ་འདུན་ལ་བུད་མེད་ཅེས་སྐུར་པ་བཏབ་པས་མཚན་གྱུར་པ་དང་། བསམ་པའི་ཁྱད་པར་གླང་གི་མཚན་བཅོད་པ་ལས་ཐར་པར་བྱས་པས་སྐྱེས་པར་གྱུར་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་སྨིན་ངེས་པའི་ལས་གང་ཡིན་པ་དེ་དག་ནི་ཆོས་ཅན། ཁྱོད་འགྲུབ་པའི་རྒྱུ་ཡོད་དེ། དགེ་མི་དགེའི་ས་དེའི་འདོད་ཆགས་དང་གཏན་ནས་བྲལ་བར་བྱས་པ་ལས་ཁྱོད་འགྲུབ་པའི་ཕྱིར། ངེས་པའི་ལས་དེ་ཆོས་ཅན། ཁྱོད་ལ་དྲུག་ཡོད་དེ། གང་ཟག་གཞན་གང་དག་འགོག་པའི་སྙོམས་འཇུག་དང་། བྱམས་པ་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། མཐོང་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་མ་ཐག་པ་དང་། འབྲས་བུ་ལས་ལངས་མ་ཐག་པ་དེ་ལ་ཕན་པ་དང་གནོད་པ་བྱས་པ་ཡིས་འབྲས་བུ་མཐོང་ཆོས་ལ་འཕྲལ་དུ་མྱོང་བར་འགྱུར་བའི་ཕྱིར། གསུམ་པ་ལ། ལས་གང་གི་འབྲས་བུ་ངོས་གཟུང་བ་དང་། གཡེང་བའི་སེམས་ངོས་གཟུང་བ་གཉིས། དང་པོ་ནི། རྣམ་པར་རྟོགས་པ་མེད་པའི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ཆོས་ཅན། སེམས་ཀྱི་ཚོར་བ་ཁོ་ན་ཡིན་ཏེ། རྟོག་པ་དང་བྲལ་བའི་ཚོར་བ་ཡིན་པའི་ཕྱིར། མི་དགེའི་རྣམ་སྨིན་ནི་ལུས་ཀྱི་ཚོར་བ་ཡིན་ཏེ། དེ་དང་སེམས་ཀྱི་ཚོར་བའི་གཞི་མཐུན་པ་མེད་པའི་ཕྱིར། གཉིས་པ་ནི། གཡེང་བའི་སེམས་ནི་ཆོས་ཅན། རྟེན་ཡོད་དེ། ཡིད་ཀྱི་སེམས་ལ་བརྟེན་པའི་ཕྱིར། དེ་ནི་ཆོས་ཅན། རྒྱུ་ཡོད་དེ། ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཕྱིར། དེ་ཆོས་ཅན། རྒྱུ་བཞི་ཡོད་དེ། མི་མ་ཡིན་གྱིས་སྐྲག་པར་


GLG014_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང་། གནོད་པ་བྱས་པ་དང་། རླུང་མཁྲིས་བད་ཀན་མ་མཉམ་པར་འཁྲུགས་པ་དང་། མྱ་ངན་གྱིས་གཟིར་བ་ལས་སྐྱེས་པའི་ཕྱིར། སེམས་གཡེང་བ་དེ་ཆོས་ཅན། ཁྱོད་ཀྱི་རྟེན་ཡོད་དེ། སྒྲ་མི་སྙན་པ་མ་གཏོགས་པའི་འདོད་པ་དང་ལྡན་པའི་གང་ཟག་རྣམས་དེ་ཡིན་པའི་ཕྱིར། གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། ཤེས་བྱ་ཆོས་ཅན། ཡོན་པོའི་ལས་དང་། སྐྱོན་ཅན་གྱི་ལས་དང་། སྙིགས་མར་གསུངས་པའི་ལས་ཀྱི་རྒྱུ་ཡོད་དེ། དེ་རྣམས་གཡོ་སྒྱུ་དང་། ཞེ་སྡང་དང་། འདོད་ཆགས་ལས་རིམ་པ་བཞིན་སྐྱེས་པའི་ཕྱིར། །གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལས་ཀྱི་རྣམ་པ་བཞི་ཡོད་པ་ཡིན་ཏེ། དཀར་ལ་རྣམ་སྨིན་དཀར་བ། ནག་ལ་རྣམ་སྨིན་ནག་པ་ལ་སོགས་པ་དཀར་ནག་གཉིས་ཀའི་ལས། དེ་དག་ཟད་བྱེད་ཀྱི་བྱེ་བྲག་གིས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ལ། སོ་སོའི་ངོ་བོ་སྤྱིར་བསྟན་པ། ཟག་མེད་ཀྱི་ལས་བྱེ་བྲག་ཏུ་བཤད་པ། གཞན་གྱི་འདོད་པ་བརྗོད་པ་དང་གསུམ། དང་པོ་ནི། འདོད་པར་གཏོགས་པའི་མི་དགེ་བ་ཆོས་ཅན། གནག་ལ་རྣམ་སྨིན་གནག་པའི་ལས་ཡིན་ཏེ། རྣམ་སྨིན་གནག་པའི་ངོ་བོར་ལུང་དུ་བསྟན་པ་གང་ཞིག །སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། གཟུགས་ཁམས་ཀྱི་དགེ་བ་ཆོས་ཅན། དཀར་ལ་རྣམ་སྨིན་དཀར་བའི་ལས་ཡིན་ཏེ། དཀར་བའི་ལས་གང་ཞིག །མི་དགེ་བ་དང་མ་འདྲེས་པའི་ཕྱིར། འདོད་ཁམས་ཀྱི་དགེ་བ་ཆོས་ཅན། དཀར་ནག་གཉིས་ཀའི་ལས་སུ་བཤད་དུ་རུང་སྟེ། དཀར་བའི་ལས་གང་ཞིག །མི་དགེ་བ་འདྲེས་པའི་ཕྱིར། གཉིས་པ་ནི། ནག་པོ་དེ་ཟད་པར་བྱེད་པའི་ལས་ཡོད་དེ། ཟག་མེད་ཀྱི་ལམ་དེ། དེ་ཟད་བྱེད་ཡིན་པའི་ཕྱིར། ནག་པོ་ཟད་པར་བྱེད་པའི་ལས་ཆོས་ཅན། སེམས་པ་རྣམ་པ་བཅུ་གཉིས་སུ་ཡོད་དེ། སྡུག་བསྔལ་ཆོས་
བཟོད་སོགས་བཟོད་པ་བཞི་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡི་སྒོམ་ལམ་བར་ཆད་མེད་ལམ་བརྒྱད་གང་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། འདོད་པ་ལ་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་ཆོས་ཅན། དཀར་པོ་རྣམ་བྱང་དང་ནག་པོ་ཉོན་མོངས་ལ་དམིགས་པའི་ཉོན་མོངས་རྣམས་ཟད་བྱེད་ཡིན་ཏེ། དེ་རྣམས་འཇོམས་བྱེད་ཡིན་པའི་ཕྱིར། བསམ་གཏན་གྱི་ས་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་སྐྱེས་པའི་ཐ་མ་དགུ་པ་དེ་ཆོས་ཅན། དཀར་པོ་ཟད་པར་བྱེད་པའི་ལས་ཞེས་བྱ་སྟེ། བསམ་གཏན་བཞི་པའི་དགེ་བ་ལ་དམིགས་པའི་ཉོན་མོངས་རྣམས་འདུན་པ་ལ་ཆགས་བྲལ་གྱི་ཚུལ་གྱིས་ཟད་པར་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གཞན་དག་ནི། དམྱལ་བ་མྱོང་འགྱུར་གྱི་ལས་ལ་ནག་ལ་རྣམ་སྨིན་ནག་ཞེས་བྱ་སྟེ། འཕེན་རྫོགས་གཉིས་ཀ་ནག་པའི་ཕྱིར། དམྱལ་བ་ལས་གཞན་པའི་འདོད་པར་མྱོང་འགྱུར་གྱི་ལས་ནི། དཀར་ནག་གཉིས་སུ་འདྲེན་པའི་ལས་ཞེས་བྱ་སྟེ། དེ་དག་ན་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པའི་ཕྱིར། གཞན་ནི་མཐོང་བས་སྤང་བྱ་ལ་ནག་ཅེས་བྱ་སྟེ། དེ་དང་དགེ་བའི་གཞི་མཐུན་མེད་པའི་ཕྱིར། གཞན་འདོད་པ་ལས་སྐྱེས་པའི་སྒོམ་སྤང་ནི་དཀར་ནག་འདྲེས་མ་ཞེས་བྱ་སྟེ། དེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཆ་ཡོད་པའི་ཕྱིར་ཞེས་ཟེར་རོ། །

ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ།


GLG014_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལ། དབྱེ་བ་སྤྱིར་བསྟན་པ་དང་། ལས་ལམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐུབ་པ་དེ་ལ་གསུམ་ཡོད་དེ། མི་སློབ་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཉིད་ལུས་ཀྱི་ཐུབ་པ། ངག་གི་ཐུབ་པ། ཡིད་ཀྱི་ཐུབ་པ་ཞེས་བཞག་པའི་ཕྱིར། ལུས་ངག་ཡིད་ཀྱི་ལེགས་པར་སྤྱད་པ་གསུམ་པོ་ཐམས་ཅད་ནི་ཆོས་ཅན། གོ་རིམ་བཞིན་དུ་ལུས་ངག་


GLG014_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་གྱི་གཙང་བྱེད་རྣམ་པ་གསུམ་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། དེ་གསུམ་གྱི་དྲི་མ་འཁྲུད་བྱེད་ཡིན་པའི་ཕྱིར། ཉེས་པར་སྤྱད་པ་དེ་ལ་གསུམ་དུ་འདོད་དེ། ལུས་ཀྱི་ལས་མི་དགེ་བ་དང་། ལ་སོགས་པ་ངག་དང་། ཡིད་ཀྱི་ལས་ལམ་མི་དགེ་བ་རྣམས་སུ་ཡོད་པའི་ཕྱིར། ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་དུ་ཡོད་དེ། ལས་དངོས་མིན་ཡང་བརྣབ་སེམས་དང་། ལ་སོགས་པ་གནོད་སེམས་དང་། ལོག་ལྟ་རྣམས་སུ་ཡོད་པའི་ཕྱིར། ལེགས་པར་སྤྱད་པ་དེ་ལ་རྣམ་པ་གསུམ་དུ་ཡོད་དེ། ཉེས་པར་སྤྱད་པ་ལས་བཟློག་པ་རྣམ་པ་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དགེ་མི་དགེའི་ལས་ཀྱི་ལམ་ནི་བཅུར་གསུངས་པ་ཡིན་ཏེ། ལེགས་སྤྱད། ཉེས་སྤྱད། དེ་ལས་རགས་པ་ཆེ་ལོང་རྣམས་བསྡུས་ནས་ནི་དགེ་མི་དགེ་ཅི་རིགས་པར་བཅུར་གསུངས་པའི་ཕྱིར། གཉིས་པ་ལ། རིག་བྱེད་དང་རིག་བྱེད་མ་ཡིན་པ་ངོས་གཟུང་། རྩ་བ་གསུམ་དུ་བསྟན། རྫོགས་བྱེད་གསུམ་དུ་བསྟན། སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་བཞི། དང་པོ་ལ། དངོས་གཞི་ལ་དོགས་པ་སྤྱད་པ་དང་། སྦྱོར་མཇུག་ལ་དོགས་པ་སྤྱད་པ་གཉིས། དང་པོ་ནི། ངག་གི་བཞི་དང་། སྲོག་གཅོད། མ་བྱིན་ལེན་ཏེ། མི་དགེ་བ་དྲུག་ནི་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར། །གཅིག་འདོད་ལོག་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། གོང་གི་དྲུག་པོ་དེ་དག་ཀྱང་གཉིས་སུ་འགྱུར་ཏེ། རང་གི་བྱེད་པའི་ཚེ་ན་རིག་བྱེད་དང་། རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། ལུས་ངག་གི་དགེ་བ་བདུན་པོ་ཆོས་ཅན། རྣམ་པ་གཉིས་སུ་འགྱུར་ཏེ། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱི། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། རྣམ་


GLG014_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་བྱེད་མ་ཡིན་ཏེ། རིག་བྱེད་མ་ཡིན་པ་ཁོ་ནར་ཡོད་པའི་ཕྱིར། གཉིས་པ་ནི། ལས་ལམ་གི་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ནི་ཆོས་ཅན། རྣམ་པར་རིག་བྱེད་མ་ཡིན་ཏེ། བྱེད་པ་ལ་ལྟོས་པའི་ཕྱིར། དང་པོ། དྲག་པོའི་ཀུན་དཀྲིས་ཀྱིས་དྲག་པོས་འཇུག་པ་ན་ཉེར་བསྡོགས་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པར་འགྱུར་རམ་ཞེས་ན་མ་ཡིན་ཏེ། ཉེར་བསྡོགས་ལས་བཟློག་པ་ནི་ལས་ཀྱི་མཇུག་ཅེས་སྒྲ་བཤད་པར་བྱ་རིགས་པའི་ཕྱིར། གཉིས་པ་ནི། མི་དགེ་བ་བཅུའི་སྦྱོར་བ་ཆོས་ཅན། རྒྱུ་ཡོད་དེ། དུག་གསུམ་གྱི་རྩ་བ་ལས་སྐྱེས་པའི་ཕྱིར། བརྣབ་སེམས་དང་། ལ་སོགས་པ་གནོད་སེམས་དང་ལོག་ལྟ་ཆོས་ཅན། དུག་གསུམ་གྱི་རྩ་བ་ལས་སྐྱེས་ཏེ། དེའི་འཇུག་ཐོགས་ལས་བྱུང་བའི་ཕྱིར། དགེ་བ་བཅུའི་སྦྱོར་བ་མཇུག་དང་བཅས་པ་རྣམས་ཆོས་ཅན། རྒྱུ་ཡོད་དེ། ཆགས་སྡང་གཏི་མུག་མེད་པའི་དགེ་རྩ་ལས་སྐྱེས་པའི་ཕྱིར། གསུམ་པ་རྫོགས་བྱེད་གསུམ་དུ་བསྟན་པ་ལ། དངོས་དང་། གཞི་གང་ལ་བརྟེན་ནས་འབྱུང་བའོ། །དང་པོ་ནི། གསོད་དང་། གནོད་སེམས་དང་། ཚིག་རྩུབ་རྣམས་ཆོས་ཅན། ཞེ་སྡང་གི་རྫོགས་པར་བྱེད་དེ། ཀུན་ནས་མནར་སེམས་ཀྱིས་མཐར་ཕྱིན་པར་བྱེད་པའི་ཕྱིར། འདོད་པས་ལོག་པར་གཡེམ་པ་དང་། བརྣབ་སེམས་དང་། མ་བྱིན་ལེན་ཆོས་ཅན། ཆགས་པས་རྫོགས་པར་བྱེད་དེ། དེའི་སྒོ་ནས་མཐར་ཕྱིན་པར་བྱེད་པའི་ཕྱིར། ལོག་པར་ལྟ་བ་ཆོས་ཅན། གཏི་མུག་གིས་མཐར་ཕྱིན་པར་བྱེད་དེ། རྨོངས་པས་རྫོགས་པར་བྱེད་པའི་ཕྱིར། དེ་དག་གི་ལྷག་མ་རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་བཀྱལ་བ་རྣམས་ཆོས་ཅན། གསུམ་གྱིས་རྫོགས་པར་འདོད་དེ། རེས་འགའ་འདོད་ཆགས། རེས་འགའ་ཞེ་སྡང་། རེས་འགའ་གཏི་མུག་གིས་མཐར་ཕྱིན་པར་བྱེད་པའི་ཕྱིར། གཉིས་པ་ནི། སྲོག་གཅོད་ཆོས་ཅན། ཁྱོད་ཀྱི་གཞི་ཡོད་དེ། སེམས་ཅན་ལས་ཁྱོད་གྲུབ་པའི་ཕྱིར། འདོད་པས་ལོག་གཡེམ་ཆོས་ཅན། ཡོད་དེ། ཕྱི་ནང་གི་


GLG014_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ལ་བརྟེན་ནས་གྲུབ་པའི་ཕྱིར། ལོག་ལྟ་ཆོས་ཅན། ཡོད་དེ། མིང་དང་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་གྲུབ་པའི་ཕྱིར། ངག་གི་ལས་བཞི་ཆོས་ཅན། ཡོད་དེ། མིང་ལ་བརྟེན་ནས་གྲུབ་པའི་ཕྱིར། །བཞི་པ་སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་ལ། ལས་ལམ་སོ་སོའི་ངོ་བོ། སེམས་པ་གང་ལས་ལམ་དུ་དང་ལྷན་ཅིག་ཏུ་འབྱུང་དཔྱད་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་དཔྱད། ལས་ཀྱི་འབྲས་བུ་ཞར་བྱུང་དང་བཅས་པ་བཤད་པའོ། །དང་པོ་ལ། ལུས་ཀྱི་ལས། ངག་གི་ལས། ཡིད་ཀྱི་ལས་གསུམ། དང་པོ་ལ། སྲོག་གཅོད་པ། མ་བྱིན་ལེན། ལོག་གཡེམ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཞེ་སྡང་གིས་ཀུན་ནས་བསླང་ནས་འཆི་ངེས་ཀྱི་མཚོན་བསྣུན་པ་ན་གསད་བྱ་ཤི་བ་ན་གསོད་པ་པོ་ལ་ལས་ལམ་འབྱུང་བས་མ་ཁྱབ་སྟེ། ཅིག་ཤོས་ཀྱི་སྔ་རོལ་ཏུ་ཤི་བའམ་མཉམ་དུ་ཤི་བ་ལ་ལས་ལམ་གྱི་དངོས་གཞི་མེད་པའི་ཕྱིར། དེར་ཐལ། སྦྱོར་བའི་སྐབས་དང་འཕེན་པ་མི་གཅིག་པའི་ལུས་གཞན་སྐྱེས་ཟིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། སྲོག་གཅོད་ཀྱི་ལས་ལམ་འབྱུང་བ་ལ་རང་གིས་དངོས་སུ་བྱས་པ་མི་དགོས་ཏེ། གྲོས་མཐུན་པའི་དམག་དང་། ལིངས་འདེབས་པ་སོགས་བྱེད་ཚེ་དོན་དུ་གཉེར་བྱ་གཅིག་པའི་ཕྱིར་ན། དེའི་མི་ཐམས་ཅད་དངོས་སུ་བྱེད་པ་པོ་བཞིན་དུ་ལས་ལམ་ལྡན་པ་ཡོད་པའི་ཕྱིར། སྲོག་གཅོད་པ་ནི་ཆོས་ཅན། ཁྱོད་འགྲུབ་པའི་རྒྱུ་ཚོགས་ཡོད་དེ། བསམས་བཞིན་དུ་མ་ནོར་བར་ནི་གཞན་ཕ་རོལ་པོ་བསད་པ་ལས་འགྲུབ་པའི་ཕྱིར། གཉིས་པ་ནི། མ་བྱིན་ལེན་ཆོས་ཅན། ཁྱོད་འགྲུབ་པའི་རྒྱུ་ཡོད་དེ། བསམས་བཞིན་དུ་གཞན་གྱི་ནོར་མཐུས་ཕྲོགས་པ་དང་། འཇབས་བུ་སྟེ་བརྐུས་ནས་བདག་གིར་བྱེད་པ་ལས་འགྲུབ་པའི་ཕྱིར། གསུམ་པ་ནི། ལོག་གཡེམ་ཆོས་ཅན། རྣམ་པ་བཞི་ཡོད་དེ། སྲིང་མོ་སོགས་བགྲོད་བྱ་མ་ཡིན་པ་ལ་བགྲོད་པ་དང་། ཁ་དང་བཤང་ལམ་སོགས་ལམ་མ་ཡིན་པ་ལ་བགྲོད་པ་དང་། མཆོད་རྟེན་གྱི་དྲུང་སོགས་ཡུལ་མ་ཡིན་པ་དང་། སྦྲུམ་མ་སོགས་དུས་མ་ཡིན་པ་


GLG014_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲོ་བར་འདོད་པས་བགྲོད་པ་རྣམས་ཡིན་པའི་ཕྱིར། གཉིས་པ་ལ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལས། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། རྫུན་ཚིག་ཆོས་ཅན། ཁྱོད་འགྲུབ་པའི་རྒྱུ་ཡོད་དེ། བདེན་པའི་འདུ་ཤེས་ལས་གཞན་དུ་བསྒྱུར་བའི་མ་ནོར་བར་སྨྲས་པའི་ཚིག་ཕ་རོལ་པོས་དོན་མངོན་པར་གོ་བ་ན་གྲུབ་པའི་ཕྱིར། གཉིས་པ་ནི། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོགས་པའི་རྣམ་གཞག་ཀྱང་ཡོད་དེ། མིག་དང་། རྣ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ལ། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོགས་པ་ཞེས་རིམ་པ་བཞིན་དུ་བཤད་པའི་ཕྱིར། གཉིས་པ་ཕྲ་མ་ནི། དེ་ཆོས་ཅན། ཁྱོད་ཡན་ལག་དུ་མ་ལས་འགྲུབ་སྟེ། ཕ་རོལ་པོ་མཐུན་པ་དབྱེ་བའི་ཕྱིར་དུ་ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག་སྨྲས་པ་ལ་ཕ་རོལ་པོས་དོན་གོ་བ་ན་འགྲུབ་པའི་ཕྱིར། གསུམ་པ་ནི། ཚིག་རྩུབ་ཆོས་ཅན། ཡོད་དེ། ཉོན་མོངས་པས་ཀུན་ནས་བསླང་ནས་ཕ་རོལ་པོ་ལ་མི་སྙན་པ་སྨྲ་བ་དེ་ཡིན་པའི་ཕྱིར། བཞི་པ་ནི། ཚིག་བཀྱལ་པ་ཆོས་ཅན། དུ་མ་ཡོད་དེ། སེམས་ཉོན་མོངས་ཅན་གྱིས་སྨྲས་པའི་ཚིག་ཀུན་ཡིན་པའི་ཕྱིར། སྡེ་པ་གཞན་ནི། གསུམ་པོ་དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་ལ་བཀྱལ་པར་འདོད་དེ། ལོག་འཚོའི་ཕྱིར་དུ་ཁ་བསག་བྱེད་པ་དང་། ཆགས་པས་གླུ་ལེན་ཞིང་། ཟློས་གར་གྱི་བསྟན་བཅོས་ངན་པ་འདོན་པ་རྣམས་བཞིན་ཡིན་པའི་ཕྱིར། གསུམ་པ་ལ། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ལས། དང་པོ་ནི། བརྣབ་སེམས་ནི་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། སེམས་ཕྱིན་ཅི་ལོག་པས་གཞན་གྱི་ནོར་ལ་ཆགས་པའི་བློ་དེ་ཡིན་པའི་ཕྱིར། གཉིས་པ་ནི། གནོད་སེམས་ཆོས་ཅན། ཡོད་དེ། ཁོང་ཁྲོ་བས་སེམས་ཅན་གཞན་ལ་སྡང་བ་དེ་ཡིན་པའི་ཕྱིར།

དགེ་རྩ་གཅོད་བྱེད་ཀྱི་ལས་བཤད་པ།


GLG014_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། དགེ་བ་དང་མི་དགེ་བ་མེད་པར་ལྟ་བ་ཆོས་ཅན། ལོག་ལྟ་ཡིན་ཏེ། ལས་འབྲས་ཕྱིན་ཅི་ལོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པའི་ཕྱིར། སྒྲོ་འདོགས་ཀྱི་ལོག་པར་ལྟ་བ་ཆོས་ཅན། ཡོད་དེ། འཇིག་རྟེན་སྣོད་བཅུད་ཚངས་པ་དང་དབང་ཕྱུག་གིས་བྱས་པར་ལྟ་བ་དེ་ཡིན་པའི་ཕྱིར། ཡིད་ཀྱི་ལས་གསུམ་པོ་ཆོས་ཅན། ལམ་ཟེར་བའི་རྒྱུ་མཚན་ཡོད་དེ། ངན་སོང་དུ་འཕེན་བྱེད་ཡིན་པའི་ཕྱིར། ལུས་ངག་གི་བདུན་ནི་ཆོས་ཅན། དེར་མ་ཟད་ལས་ཀྱང་ཡིན་ཏེ། བྱ་བའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། ལས་འབྲས་མེད་པར་ལྟ་བ་ཆོས་ཅན། དགེ་རྩ་གཅོད་བྱེད་ཡིན་ཏེ། ཆད་ལྟ་ཡིན་པའི་ཕྱིར། ལས་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལྟ་བ་ཆོས་ཅན། ཁྱོད་ཀྱི་གཅད་བྱའི་དགེ་རྩ་ཡོད་དེ། འདོད་པར་གཏོགས་པའི་དགེ་བ་སྐྱེས་ནས་ཐོབ་པ་རྣམས་ཁྱོད་ཀྱིས་གཅོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ལོག་ལྟ་ཀུན་གྱིས་དགེ་རྩ་གཅོད་དེ། རིམ་གྱིས་ཆུང་འབྲིང་ཆེན་པོ་རྣམས་ཀྱིས་དགེ་རྩ་ཡང་ཆུང་འབྲིང་ཆེན་པོ་རྣམས་གཅོད་པའི་ཕྱིར། ངན་སོང་བའི་ནང་དུ་དགེ་རྩ་མི་གཅོད་དེ། མིའི་ནང་དུ་གཅོད་དགོས་པའི་ཕྱིར། མ་ནིང་དང་། ཟ་མ་སོགས་ཀྱིས་ཀྱང་མི་གཅོད་དེ། སྐྱེས་པ་དང་བུད་མེད་སོགས་ཀྱིས་གཅོད་དགོས་པའི་ཕྱིར། དེ་ཡང་ལྟ་བ་སྤྱད་པའི་རྟེན་ལ་གཅོད། དེ་སྡིག་སེམས་བརྟན་ཅིང་གོམས་པ་ཅན་ཡིན་པའི་ཕྱིར། སྲེད་པ་སྤྱད་པ་ནི་མ་ཡིན་ནོ། །ལོག་ལྟས་དགེ་རྩ་བཅད་པ་དེ་དག་ནི་ཆོས་ཅན། དགེ་རྩ་དང་མི་ལྡན་པ་ཞེས་བྱ་སྟེ། དེ་དང་བྲལ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དགེ་རྩ་འཚམས་སྦྱར་བའི་དུས་ཀྱང་ཡོད་དེ། དགེ་རྩའི་མཚམས་ནི་ལས་འབྲས་ཡོད་སྙམ་པའི་ཐེ་ཚོམ་དོན་འགྱུར་ཅན་སྐྱེས་པ་དང་དེ་ཡོད་པར་ལྟ་བའི་ལྟ་བ་ཡང་དག་འབྱོར་བའི་ཕྱིར། འཚམས་མེད་བྱེད་པའི་དགེ་རྩ་ནི་ཚེ་འདི་ལ་འཚམས་སྦྱོར་པ་མ་ཡིན་ཏེ། ཕྱི་མ་སོགས་ཁོ་ན་ལ་འཚམས་སྦྱོར་དགོས་པའི་ཕྱིར། །གཉིས་པ་སེམས་པ་གང་ལས་ལམ་དུ་དང་ལྷན་ཅིག་ཏུ་འབྱུང་དཔྱད་པ་ལ། མི་དགེ་བའི་དབང་དུ་བྱས་པ་དང་། དགེ་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། སེམས་པ་ཆོས་


GLG014_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། མི་དགེ་བ་དུ་མ་དང་ཅིག་ཅར་ལྷན་ཅིག་འབྱུང་སྟེ། མི་དགེ་བ་གཅིག་ནས་བརྒྱད་ཀྱི་བར་དག་དང་ལྷན་ཅིག་ཏུ་འགྲོགས་པའི་ཕྱིར། །གཉིས་པ་ནི། སེམས་པ་ཆོས་ཅན། དགེ་བ་དུ་མ་དང་ལྷན་ཅིག་ཏུ་འགྲོགས་ཏེ། དགེ་བ་གཅིག་ནས་བཅུའི་བར་དག་དང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། དགེ་བ་གཅིག་ཁོ་ན་དང་། བརྒྱད་ཁོ་ན་དང་ལྔ་ཁོ་ན་དང་འགྲོགས་པ་མེད་དེ། དེ་ལྟར་མི་སྲིད་པའི་ཕྱིར། གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་དཔྱད་པ་ལ། མི་དགེ་བའི་དབང་དུ་བྱས་པ་དང་། དགེ་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དམྱལ་བ་ན་ནི་མི་དགེ་བ་གསུམ་ཡོད་དེ། ཚིག་བཀྱལ་པ་དང་། ཚིག་རྩུབ་པ་དང་། གནོད་སེམས་རྣམས་མངོན་གྱུར་དང་ལྡན་པ་རྣམ་པ་གཉིས་ཡོད་པའི་ཕྱིར། དེ་ན་མི་དགེ་བ་གཞན་ཡང་རྣམ་པ་གཉིས་ཡོད་དེ། བརྣབ་སེམས་དང་། ལོག་ལྟ་ལྡན་པའི་སྒོ་ནས་ཡོད་པའི་ཕྱིར། སྒྲ་མི་སྙན་ན་མི་དགེ་བ་གསུམ་ཡོད་དེ། དེ་ན་བརྣབ་སེམས་གནོད་སེམས་ལོག་ལྟ་རྣམས་ལྡན་པའི་སྒོ་ནས་ཡོད་པའི་ཕྱིར། དེ་ན་མི་དགེ་བ་བདུན་པ་ངག་བཀྱལ་པ་དངོས་སུ་ཡང་ཡོད་དེ། ཉོན་མོངས་ཅན་གྱི་གླུ་ལེན་པ་སོགས་ཡོད་པའི་ཕྱིར། དམྱལ་བ་དང་སྒྲ་མི་སྙན་དེ་ལས་གཞན་པའི་འདོད་ཁམས་ན་མི་དགེ་བ་བཅུ་ཡོད་དེ། དེ་རྣམས་ལྡན་པ་དང་མངོན་གྱུར་ཅི་རིགས་ཀྱི་སྒོ་ནས་ཡོད་པའི་ཕྱིར། གཉིས་པ་ནི། ཡིད་ཀྱི་དགེ་བ་གསུམ་ནི་ཆོས་ཅན། ཁྱོད་ཁམས་གསུམ་ཐམས་ཅད་ན་ཡང་ཡོད་དེ། དེ་ན་རྙེད་པ་དང་མངོན་གྱུར་ཅི་རིགས་ཀྱི་སྒོ་ནས་ཡོད་པའི་ཕྱིར། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་སེམས་ཅན་ཆོས་ཅན། ལུས་ངག་གི་དགེ་བ་བདུན་ཡོད་དེ། དེ་རྙེད་པའི་སྒོ་ནས་ཡོད་པའི་ཕྱིར། དེ་གཉིས་ལྷག་མར་བྱས་པའི་ཁམས་དང་། འགྲོ་བ་རྣམས་ནི་བདུན་པོ་དེ་མངོན་དུ་གྱུར་པའི་སྒོ་ནས་ཡོད་དེ། དེ་ན་དེ་རྣམས་དངོས་སུ་སྤྱོད་པའི་སྒོ་ནས་ཡོད་པའི་ཕྱིར། ཐམས་ཅད་ལ་ཡོད་པ་ནི་མ་ཡིན་ཏེ། དམྱལ་བ་དང་བཅས་པ་སྒྲ་མི་སྙན་པ་གཉིས་ནི་མ་གཏོགས་ཞེས་དངོས་སུ་མེད་པར་བཤད་པའི་ཕྱིར། བཞི་པ་ལས་ཀྱི་འབྲས་བུ་ཞར་བྱུང་དང་
བཅས་པ་ལ། ལས་ཀྱི་འབྲས་བུ་དང་། ཞར་བྱུང་གཉིས་ལས། དང་པོ་ནི། མི་དགེ་བ་ཐམས་ཅད་ཀྱང་ཆོས་ཅན། འབྲས་བུ་འབྱིན་པར་འདོད་དེ། བདག་པོ་དང་རྒྱུ་མཐུན་དང་། རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར། སྲོག་གཅོད་ཀྱི་ལས་ཆོས་ཅན། འབྲས་བུ་རྣམ་པ་གསུམ་དུ་འབྱུང་སྟེ། རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྡུག་བསྔལ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་གྱིས་གསོད་པ་དང་། བདག་འབྲས་ས་ཕྱོགས་གཟི་བྱིན་མེད་པར་འགྱུར་བའི་ཕྱིར། །གཉིས་པ་ནི། ལུས་དང་ངག་གི་ལས་འདོད་ཆགས་ལས་སྐྱེས་པ་དེ་ཆོས་ཅན། ལོག་འཚོ་ཞེས་ལོགས་ཤིག་ཏུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། སྦྱང་དཀའ་བས་བསྒྲིམས་ཏེ་སྤང་བར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བའི་ལུས་དང་ངག་ཁོ་ན་ལ་ལོག་འཚོར་འཆད་པ་མི་འཐད་དེ། མདོ་དང་འགལ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གླང་པོ་ཆེ་འཐབ་པ་ལ་ལྟ་བ་སོགས་ལོག་འཚོར་གསུངས་པའི་ཕྱིར།

ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ་བཤད་པ།


GLG014_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། དྲིར་བཅས་ཀྱི་སྤོང་བའི་ལམ་དག་གི་ལས་ནི་ལྔ་ཡི་འབྲས་བུར་བཅས་པ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་སོགས་ལྔ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། དྲི་མེད་ཀྱི་སྤོང་ལམ་ཟག་མེད་ཀྱི་ལས་ནི་ཆོས་ཅན། འབྲས་བུ་བཞི་དང་ལྡན་ཏེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་དང་ལྡན་པའི་ཕྱིར། སྤོང་ལམ་ལས་གཞན་པའི་དགེ་བ་ཟག་བཅས་དང་མི་དགེ་བ་གང་ཡིན་པ་ཆོས་ཅན། འབྲས་བུ་བཞི་དང་ལྡན་ཏེ། བྲལ་འབྲས་མ་གཏོགས་པའི་འབྲས་བུ་དང་ལྡན་པའི་ཕྱིར། སྤོང་ལམ་ལས་གཞན་པའི་ཟག་པ་མེད་པ་ལྷག་མ་དང་ལུང་བསྟན་མ་ཡིན་པའི་ལས་ཆོས་ཅན། འབྲས་བུ་གསུམ་དང་བཅས་ཏེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། དགེ་སོགས་གསུམ་དུ་བཤད། ཁམས་སོགས་གསུམ་དུ་བཤད། སློབ་སོགས་གསུམ་དུ་བཤད།


GLG014_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྤང་སོགས་གསུམ་དུ་དབྱེ་བ་དང་། དང་པོ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལས་དགེ་བའི་འབྲས་བུ་དགེ་བ་བཞི་ཡོད་དེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་བཞི་ཡོད་པའི་ཕྱིར། སོགས་པས་ནི། དེའི་འབྲས་བུ་མི་དགེ་བ་གཉིས་ཡོད་དེ། སྐྱེས་པ་དང་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་གསུམ་ཡོད་དེ། རྒྱུ་འབྲས་གཉིས་མ་གཏོགས་པ་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། མི་དགེ་བའི་འབྲས་བུ་ལ་དགེ་བ་གཉིས་ཡོད་དེ། སྐྱེས་བདག་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་ལ་མི་དགེ་བ་གསུམ་ཡོད་དེ། རྒྱུ་བདག་སྐྱེས་གསུམ་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་ལ་བཞི་ཡོད་དེ། བྲལ་འབྲས་མ་གཏོགས་པ་བཞི་ཡོད་པའི་ཕྱིར། གསུམ་པ་ནི། ལུང་དུ་བསྟན་པ་མ་ཡིན་པ་རྣམས་ཀྱི་འབྲས་བུ་དགེ་བ་གཉིས་ཡོད་དེ། སྐྱེས་བདག་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་མི་དགེ་བ་གསུམ་ཡོད་དེ། རྒྱུ་བདག་སྐྱེད་གསུམ་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་གསུམ་ཡོད་དེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་ཡོད་པའི་ཕྱིར། གཉིས་པ་ལ། འདས་པ། ད་ལྟར་བ། མ་འོངས་པ་གསུམ་ལས། དང་པོ་ནི། འདས་པའི་ལས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དུས་གསུམ་ག་ཡོད་ཀྱི། དེ་ཐམས་ཅད་བཞི་དང་བཅས་པ་ཡིན་ཏེ། བྲལ་འབྲས་མ་གཏོགས་པའི་བཞི་ཡོད་པའི་ཕྱིར། །གཉིས་པ་ནི། བར་མ་ཡི་ནི་སྟེ། བར་མ་ད་ལྟར་བའི་ལས་ཀྱི་འབྲས་བུ་མ་འོངས་པ་ལ་བཞི་ཡོད་དེ། བྲལ་འབྲས་མ་གཏོགས་བཞི་ཡོད་པའི་ཕྱིར། བར་མ་ད་ལྟར་བའི་ལས་ཀྱི་འབྲས་བུ་ད་ལྟར་བ་གཉིས་ཡོད་དེ། སྐྱེས་བདག་གཉིས་ཡོད་པའི་ཕྱིར། གསུམ་པ་ནི། མ་སྐྱེས་པ་སྟེ་མ་འོངས་པའི་ལས་ཀྱིས་མ་འོངས་པའི་ལས་སྐྱེད་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྒྱུ་མཐུན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བའི་ཕྱིར། གསུམ་པ་ཁམས་སོགས་གསུམ་དུ་དབྱེ་བ་ནི། རང་གིས་སའི་ལས་ཀྱིས་རང་སའི་ལས་སྒྲུབ་པ་ལ་འབྲས་བུ་བཞི་ཡོད་དེ། བྲལ་འབྲས་


GLG014_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པ་ཡོད་པའི་ཕྱིར། དེས་གཞན་གྱི་ས་པའི་ལས་སྒྲུབ་པ་ལ་འབྲས་བུ་གསུམ་མམ་གཉིས་འབྱུང་སྟེ། ཟག་མེད་གྲུབ་ན་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་། ཟག་བཅས་གྲུབ་ན་སྐྱེས་བདག་གཉིས་འབྱུང་བའི་ཕྱིར། བཞི་པ་སློབ་སོགས་གསུམ་དུ་དབྱེ་བ་ལ། སློབ་པ། མི་སློབ་པ། གཉིས་ཀ་མ་ཡིན་པའི་ཆོས་ཀྱི་དབང་དུ་བྱས་པ་གསུམ་ལས། དང་པོ་ནི། སློབ་པའི་ལས་ཀྱིས་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བའི་ཕྱིར། སོགས་པས་མི་སློབ་པ་དང་མི་སློབ་པའང་མ་ཡིན་པའི་ལས་སྒྲུབ་པ་ལའང་འབྲས་བུ་གསུམ་འབྱུང་སྟེ། དང་པོ་ལ་སྔ་མ་ལྟར་དང་། ཕྱི་མ་ལ་རྒྱུ་མཐུན་དང་རྣམ་སྨིན་མ་གཏོགས་འབྱུང་བའི་ཕྱིར། གཉིས་པ་ནི། མི་སློབ་པའི་ལས་ཀྱིས་འབྲས་བུ་སློབ་པའི་ཆོས་ཏེ་ལས་སྒྲུབ་པ་ལ་འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་འབྱུང་བའི་ཕྱིར། ལ་སོགས་པས་དེས་མི་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་འབྱུང་བའི་ཕྱིར། དེས་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པ་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེས་བདག་གཉིས་འབྱུང་བའི་ཕྱིར། གསུམ་པ་ནི། དེ་ལས་གཞན་མི་སློབ་པའང་མ་ཡིན་པའི་ལས་ཀྱིས་སློབ་པའི་ལས་དང་། སོགས་ཀྱིས་མི་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གཉིས་གཉིས་འབྱུང་སྟེ། སྐྱེས་བདག་གཉིས་འབྱུང་བའི་ཕྱིར། དེའི་རིགས་འདྲ་སྒྲུབ་པ་ལ་འབྲས་བུ་འབྱུང་སྟེ། འབྲས་བུ་ལྔ་འབྱུང་བའི་ཕྱིར། ལྔ་པ་མཐོང་སྤང་སོགས་གསུམ་དུ་དབྱེ་བ་ལ། མཐོང་སྤང་། སྒོམ་སྤང་། སྤང་བྱ་མ་ཡིན་པའི་དབང་དུ་བྱས་པ་དང་གསུམ་ལས། དང་པོ་ནི། མཐོང་བས་སྤང་བྱའི་ལས་ཀྱིས་མཐོང་སྤང་ཕྱི་མ་དེ་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་འབྱུང་བའི་ཕྱིར། སོགས་པས་དེའི་སྒོམ་སྤང་སྒྲུབ་པ་ལ་འབྲས་བུ་བཞི་འབྱུང་སྟེ། བྲལ་འབྲས་མ་གཏོགས་འབྱུང་བའི་ཕྱིར། སྤང་བྱ་མ་ཡིན་པའི་སྒྲུབ་པ་ལ་འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་ཁོ་ན་འབྱུང་བའི་ཕྱིར། གཉིས་པ་ནི། བསྒོམས་
པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་གསུམ་པོ་ལས་མཐོང་སྤང་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེས་བདག་གཉིས་འབྱུང་བའི་ཕྱིར། དེས་བསྒོམས་སྤང་སྒྲུབ་པ་ལ་འབྲས་བུ་བཞི་འབྱུང་སྟེ། བྲལ་འབྲས་མ་གཏོགས་འབྱུང་བའི་ཕྱིར། སྤང་བྱ་མ་ཡིན་པའི་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་རྒྱུ་མཐུན་མ་གཏོགས་འབྱུང་བའི་ཕྱིར། གསུམ་པ་ནི། སྤང་བྱ་མ་ཡིན་པའི་ལས་དེ་དག་ལས་མཐོང་སྤང་སྒྲུབ་པ་ལ་འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་ཁོ་ན་འབྱུང་བའི་ཕྱིར། དེས་བསྒོམས་སྤང་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེས་བདག་གཉིས་འབྱུང་བའི་ཕྱིར། དེས་སྤང་བྱ་མ་ཡིན་པའི་ལས་སྒྲུབ་པ་ལ་འབྲས་བུ་བཞི་འབྱུང་སྟེ། རྣམ་སྨིན་མ་གཏོགས་འབྱུང་བའི་ཕྱིར། སྨྲས་པ། རིགས་པ་འབུམ་ཕྲག་གསུང་བའི་རྒྱལ་བ་ཡིས། །རིགས་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཅུད། །རིགས་གཞུང་ཀུན་གྱི་ཡང་སྙིང་ཆོས་མངོན་པ། །རིགས་པའི་བདག་ཉིད་དབྱིག་གཉེན་ཞལ་གྱི་ལུང་། །ལུང་དང་རིགས་པས་གཏན་ལ་ཕབ་པའི་ཚེ། །ཚེ་འདིར་ཤེས་བྱའི་གནས་ལུགས་མ་ལུས་པ། །པ་སངས་མདོག་ལྟར་གསལ་བས་ཐམས་ཅད་མཁྱེན། །མཁྱེན་དེས་ཉི་མའི་གཉེན་གྱི་གོ་འཕང་གང་། །གང་ཞིག་བསྒྲུབ་ཅེས་རི་ཕུག་སྟོང་པ་ན། །ན་ཚོད་སྨིན་པའི་སྒོམ་ཆེན་རྒན་པོའི་ལུགས། །ལུགས་སྲོལ་དེ་འདྲ་སྤངས་ཏེ་གསུང་རབ་དག །དག་དང་མ་དག་དཔྱད་པས་ཆོས་ཀུན་རྟོགས། །ལས་དང་འབྲས་བུའི་རྣམ་གཞག་ཆེས་ཕྲ་བས། །དེ་དོན་རང་གི་ཐོག་ཏུ་སྨིན་པའི་ཚུལ། །ལེགས་པར་སོམས་ལ་ཆུང་ངུའི་སྡིག་པ་ཡང་། །སྤོངས་དང་མང་དུ་ཐོས་པའི་སྐྱེ་བོ་རྣམས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ལས་ཀྱི་རྣམ་གྲངས་གཞན་བཤད་པ།


GLG014_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལས་ཀྱི་རྣམ་གྲངས་གཞན་བཤད་པ་ནི། རིགས་པ་མ་ཡིན་པས་སྐྱེད་པའི་ལས་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཉོན་མོངས་ཅན་གྱིས་སྐྱེད་པའི་ལས་དེ་ཡིན་པའི་ཕྱིར། ཁ་ཅིག །འགྲོ་འདུག་ལ་སོགས་པའི་ཆོ་ག་ཉམས་པའང་དེ་ཡིན་ཞེས་ཟེར་རོ། །གོང་དུ་བཤད་པའི་ལས་དེ་རྣམས་ལས། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ནི་མ་


GLG014_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སྐྱེ་བ་གཅིག་ཁོ་ན་འཕེན་པའི་ཕྱིར། འོ་ན། གནས་བརྟན་མ་འགགས་པས་བསོད་སྙོམས་གཅིག་ཕུལ་བའི་རྣམ་སྨིན་ལ་བརྟེན་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་པའི་མཐར། ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས་པས་གནོད་དམ་སྙམ་ན་མི་གནོད་དེ། བསོད་ནམས་དེའི་མཐུ་ལས་སྐྱེ་བ་བརྒྱད་རྒྱུན་ཆགས་སུ་བྱུང་བ་ལ་དགོངས་པའི་ཕྱིར། དཔེར་ན། གསེར་གྱི་དོང་རྩེ་ཚོང་བསྒྱུར་མང་དུ་བྱས་པའི་སྟོབས་ཀྱིས། ཕྱུག་པོར་གྱུར་པའི་མི་གཅིག་གསེར་གྱི་དོང་རྩེ་གཅིག་གིས་ཕྱུག་པོར་གྱུར། ཅེས་པ་ལྟ་བུ་ཡིན་པའི་ཕྱིར། ལས་གཅིག་གིས་འབྲས་བུ་ཡོངས་སུ་རྫོགས་པ་སྐྱེད་པ་ནི་དུ་མ་ཡིན་ཏེ། དབང་པོ་ཚང་མ་ཚང་སོགས་ཡོངས་སུ་རྫོགས་པ་བྱེད་པའི་ཕྱིར། སེམས་མེད་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་སྐྱེ་བ་འཕེན་པར་བྱེད་པ་མ་ཡིན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར། ལྷ་རྣམས་ཀྱི་ཐོབ་པའང་འཕེན་བྱེད་མ་ཡིན་ཏེ། ལས་དང་འབྲས་བུ་མི་གཅིག་པའི་ཕྱིར། གཉིས་པ་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་ཀྱི་གཞི་གསུམ། ཆ་མཐུན་གྱི་དགེ་བ་གསུམ་བཤད་པའོ། །དང་པོ་ལ། སྤྱིར་བསྟན་པ་དང་། འགྲོ་བ་གང་ན་སྒྲིབ་པ་དུ་ཡོད་པ་དཔྱད་པ། ལས་སྒྲིབ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། སྒྲིབ་པ་ལ་གསུམ་དུ་ཡོད་དེ། ལས་ཀྱི་སྒྲིབ་པ། ཉོན་མོངས་ཀྱི་སྒྲིབ་པ། རྣམ་སྨིན་གྱི་སྒྲིབ་པ་དང་གསུམ་ཡོད་པའི་ཕྱིར། དེར་ཐལ། འཚམས་མེད་པ་ཡི་ལས་རྣམས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་ཤས་ཆེན་པོའི་སྒྲིབ་པ་རྣམས་ཉོན་མོངས་པའི་སྒྲིབ་པ་དང་། ངན་འགྲོ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་པ་རྣམས་རྣམ་སྨིན་གྱི་སྒྲིབ་པས་བསྡུས་པའི་ཕྱིར། གཉིས་པ་ནི། འཚམས་མེད་ལྔ་ནི་སྒྲ་མི་སྙན་ན་མེད་དེ། གླིང་གསུམ་ཁོ་ན་དག་ན་ཡོད་པའི་ཕྱིར། ཟ་མ་དང་མ་ནིང་སོགས་ལ་འཚམས་མེད་ཡོད་པར་མི་འདོད་དེ། ཕན་པ་དང་ངོ་ཚ་ཁྲེལ་ཡོད་ཆུང་བའི་ཕྱིར་ན། སྡོམ་པ་དང་སྡོམ་མིན་གྱི་རྟེན་དུ་མི་རུང་བའི་ཕྱིར། ལྷག་མ་ཉོན་མོངས་པའི་སྒྲིབ་པ་དང་། རྣམ་སྨིན་གྱི་སྒྲིབ་པ་ཆོས་ཅན། འཛམ་


GLG014_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གླིང་ཁོ་ནར་ཡོད་པ་མ་ཡིན་ཏེ། ལྷ་སོགས་འགྲོ་བ་ལྔ་དག་ན་ཡོད་པའི་ཕྱིར། གསུམ་པ་ལ། འཚམས་མེད་དང་། ཉེ་བའི་འཚམས་མེད་ཞར་བྱུང་དང་བཅས་པ་གཉིས། དང་པོ་ལ། དགེ་འདུན་གྱི་དབྱེན་གྱི་འཚམས་མེད་ངོས་གཟུང་། དེ་དག་འཚམས་མེད་ཡིན་པའི་རྒྱུ་མཚན། དེ་ལ་གཞན་གྱི་དོགས་པ་སྤང་བ། དགེ་མི་དགེའི་འབྲས་བུ་ཚེ་ཚད་ངོས་གཟུང་བ་དང་བཞི། དང་པོ་ལ། དགེ་འདུན་གྱི་དབྱེན་ངོས་གཟུང་། དེའི་འཚམས་མེད་ཀྱི་ལས་ངོས་གཟུང་། དེའི་ཁྱད་ཆོས་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དགེ་འདུན་གྱི་དབྱེན་ནི་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། དགེ་འདུན་ཐུགས་མི་འཕྲོད་པར་བྱེད་པའི་རང་བཞིན་གྱི་ལྡན་པ་མ་ཡིན་པའི་ཕྱིར་དང་། ཉོན་མོངས་ཅན་མ་ཡིན་པ་དང་། ལུང་དུ་བསྟན་པ་མ་ཡིན་པའི་ཆོས་དང་ལྡན་པའི་ཕྱིར། དབྱེན་དེ་དང་ལྡན་པ་ཡོད་དེ། བྱེ་བའི་དགེ་འདུན་འགའ་ཞིག་དང་ཡང་དག་པར་ལྡན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ་ཁ་ཅིག །དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དགེ་འདུན་དབྱེན་ཡིན་ན། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དགེ་འདུན་དབྱེན་ཡིན་པས་ཁྱབ་ཟེར་ན། ལས་ཀྱི་དགེ་འདུན་དབྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཞུང་དེས་ལས་ཀྱི་དགེ་འདུན་གྱི་དབྱེན་དང་། འཁོར་ལོའི་དགེ་འདུན་གྱི་དབྱེན་གཉིས་ཀ་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། དེ་གཉིས་ངོ་བོ་དགེ་འདུན་ཐུགས་མི་འཕྲོད་པའི་རང་བཞིན་གྱི་ལྡན་མིན་འདུ་བྱེད་ཡིན་པ་དང་། དགེ་མི་དགེ་གང་རུང་མ་ཡིན་པའི་མ་སྒྲིབས་ལུང་མ་བསྟན་ཡིན་པ་དང་། དེ་གཉིས་གང་ཟག་གཉིས་ཀ་ལ་ལྡན་པའི་ཕྱིར། ཞེས་འཆད་པ་ལ། དགེ་འདུན་དབྱེན་ནི་མི་འཕྲོད་པའི་ཞེས་སོགས་ཤློ་ཀ་གཅིག་འབྱུང་བའི་ཕྱིར། ཁ་ཅིག །དགེ་འདུན་དབྱེན་ཡིན་ན། དགེ་འདུན་དབྱེན་གྱི་འཚམས་མེད་ཀྱི་ལས་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དགེ་འདུན་དབྱེན་དེ་


GLG014_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མི་དགེ་གང་རུང་མ་ཡིན་པའི་ལུང་མ་བསྟན་ཡིན། དེའི་འཚམས་མེད་ཀྱི་ལས་དེ་རྣམ་སྨིན་བསྐལ་བར་མནར་མེད་དུ་སྐྱེ་བའི་མི་དགེ་བའི་ལས་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དགེ་འདུན་དབྱེ་བའི་ཕྱིར་རྫུན་སྨྲའི་ཁ་ན་མ་ཐོ་བ་དེ་བྱེད་པ་པོ་དང་ལྡན་པའི་ཕྱིར། དེ་ཡི་ཁ་ན་མ་ཐོ་རྫུན། དེ་དང་འབྱེད་པོ་ཡང་དག་ལྡན། སྐལ་པར་མནར་མེད་པར་སྨིན་འགྱུར། ཞེས་པའི་སྐབས་ཀྱི་རྫུན་སྨྲ་བ་ལ་བྱེད་པའི་ཕྱིར། །གཉིས་པ་ནི། དེའི་ཁ་ན་མ་ཐོ་བ་ཡོད་དེ། དེ་རྫུན་སྨྲ་བའི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར། ཁ་ན་མ་ཐོ་བ་དེ་དང་ལྡན་པ་ཡོད་དེ། དེ་དང་འབྱེད་པོ་ལྷ་སྦྱིན་ལྟ་བུ་ཡང་དག་པར་ལྡན་པའི་ཕྱིར། །གསུམ་པ་ལ། འབྲས་བུའི་ཁྱད་པར། གང་ཟག་གང་གིས། ཚུལ་ཇི་ལྟ། གནས་གང་དུ། དུས་ནམ་གྱི་ཚེ་བྱེད་པ་དང་ལྔ། དང་པོ་ནི། དེའི་རྣམ་པར་སྨིན་པ་ཡོད་དེ། བར་གྱི་བསྐལ་པར་མནར་མེད་པར་སྨིན་པར་འགྱུར་བའི་ཕྱིར། མང་ཉུང་ཁྱད་པར་ཡོད་དེ། ཚེ་གཅིག་ལ་འཚམས་མེད་གཅིག་ལས་ལྷག་པ་བྱས་པའི་གང་ཟག་ལ་ལུས་གཞན་ལས་ལྷག་པ་ཐོབ་ནས་གནོད་པ་ཡང་ལྷག་པར་འཕེལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། དབྱེན་བྱེད་པ་པོ་དེ་ཡང་ཁྱིམ་པ་སོགས་མ་ཡིན་ཏེ། དགེ་སློང་ཡིན་པ། ལྟ་བ་གཙོ་བོར་སྤྱད་པ། ཚུལ་ཁྲིམས་དང་ལྡན་པས་འབྱེད་དགོས་པའི་ཕྱིར། གསུམ་པ་ནི། སྟོན་པ་མངོན་སུམ་དུ་བཞུགས་པ་དེ་ལས་ལྐོག་ཏུ་བྱིས་པ་སོ་སྐྱེ་རྣམས་ཁོ་ན་འབྱེད་དགོས་ཏེ། འཕགས་པ་རྣམས་འབྱེད་མི་ནུས་པའི་ཕྱིར། བྱེ་བའི་ཚད་ཡོད་དེ། སངས་རྒྱས་ལས་གཞན་པའི་སྟོན་པ་དང་། དེའི་བསྟན་པ་ལས་གཞན་པའི་ལམ་ལ་བཟོད་ཅིང་བཀོད་པ་ན་བྱེ་བར་གྱུར་པའི་ཕྱིར། དབྱེན་དེ་ནི་ཆོས་ཅན། ཞག་གཅིག་ལས་རིང་དུ་མི་གནས་ཏེ། གདོན་མི་ཟ་བར་སང་ནམ་མི་ལངས་པ་ཁོ་ནར་དགེ་འདུན་རྣམས་སླར་ཐུགས་འདུམས་པར་འགྱུར་བའི་ཕྱིར། དབྱེན་དེ་ནི་ཆོས་ཅན། འཁོར་ལོའི་དབྱེན་དུ་འདོད་པ་ལ་རྒྱུ་མཚན་ཡོད་དེ། ཆོས་ཀྱི་འཁོར་ལོ་འབྱེད་པའི་ལས་ངན་ཡིན་པས་དེ་ལྟར་བཤད་པའི་ཕྱིར། །བཞི་པ་ནི། དེ་འདྲའི་དབྱེན་དེ་ཆོས་ཅན། གླིང་གཞན་དུ་མི་འབྱུང་སྟེ། འཛམ་བུ་གླིང་ཁོ་ནར་འབྱུང་བའི་ཕྱིར། དགེ་འདུན་དུ་མ་ལོངས་པར་དེ་ལྟར་འབྱེད་མི་ནུས་ཏེ། དགེ་སློང་དགུ་ཡན་ཆད་ཚང་དགོས་པའི་ཕྱིར། དེར་ཐལ། ཕྱོགས་


GLG014_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་བཞི་བཞི་དང་། འབྱེད་པ་པོ་དང་དགུ་དགོས་པའི་ཕྱིར། ལས་ཀྱི་དབྱེན་ནི་ཆོས་ཅན། གླིང་གསུམ་ན་ཡོད་དེ། སྒྲ་མི་སྙན་མ་གཏོགས་པ་ན་འབྱུང་བའི་ཕྱིར། ལས་ཀྱི་དབྱེན་དེ་ནི་ཆོས་ཅན། དགེ་འདུན་དུ་མ་ལོངས་པས་འབྱེད་མི་ནུས་ཏེ། དགེ་སློང་བརྒྱད་དག་ཡན་ཆད་ཀྱིས་འབྱེད་དགོས་པའི་ཕྱིར། ལྔ་པ་ནི། འཁོར་ལོའི་དབྱེན་དུས་དྲུག་དག་ཏུ་མི་འབྱུང་སྟེ། དང་པོ་སྟོན་པ་སངས་རྒྱས་མ་ཐག་དང་། ཐ་མ་མྱ་ངན་ལས་འདའ་ཁ་དང་། བར་དུ་བསྟན་པ་ལ་སྐྱོན་མ་བྱུང་གི་བར་དང་། ཉན་ཐོས་ཀྱི་མཆོག་ཟུང་གཅིག་གི་སྔ་རོལ་དང་། ཐུབ་པ་ནོངས་པ་སྟེ་མྱ་ངན་ལས་འདས་པའི་རྗེས་དང་། ལས་ཀྱི་མཚམས་མ་བཅད་པ་དག་ཏུ་ཡང་འཁོར་ལོའི་དབྱེན་མི་འབྱུང་བའི་ཕྱིར། དེར་ཐལ། རིམ་པ་བཞིན་ཐམས་ཅད་དད་པ་ཤས་ཆེ་བ་དང་། སྐྱོ་ཤས་ཆེ་བ་དང་། གཞི་མེད་པ་དང་། འཁོར་ལོའི་དབྱེན་བཟླུམས་པ་ལ་མཆོག་ཟུང་གཅིག་དགོས་པ་དང་། འགྲན་ཟླ་མེད་པ་དང་། མཚམས་ནང་གཅིག་ཏུ་གནས་པ་ལ་དེ་མི་འབྱུང་བའི་ཕྱིར། གཉིས་པ་དེ་དག་མཚམས་མེད་ཡིན་པའི་རྒྱུ་མཚན་ནི། ཤེས་བྱ་ཆོས་ཅན། མཚམས་མེད་ལྔ་ཡིན་ཏེ། ཕན་འདོགས་པའི་ཞིང་བསམ་པའི་སྒོ་ནས་སྤངས་ཤིང་། སྦྱོར་བའི་སྒོ་ནས་མེད་པར་བྱས་པ་ལ་ཕ་མ་གསོད་པའི་མཚམས་མེད་གཉིས། ཡོན་ཏན་གྱི་ཞིང་དེ་བཞིན་གཤེགས་པ་དགེ་འདུན་དགྲ་བཅོམ་པ་བསམ་པས་སྤངས་ཤིང་སྦྱོར་བས་མེད་པ་སོགས་བྱས་པའི་ཕྱིར། གསུམ་པ་ནི། མཚན་གཞན་དུ་གྱུར་ཀྱང་མཚམས་མེད་དུ་འགྱུར་བ་ཡོད་དེ། མ་སྐྱེས་པར་མཚན་གྱུར་པ་དང་། ཕ་བུད་མེད་དུ་མཚན་གྱུར་པ་བསད་ན་མཚམས་མེད་དུ་འགྱུར་བའི་ཕྱིར། བུད་མེད་འགས་རང་གི་ནུར་ནུར་པོ། གཞན་གྱི་མངལ་དུ་བླུག་ཅིང་བཙས་ན། དེའི་མ་གང་ཞེ་ན། གང་གི་ཟླ་མཚན་ལས་བྱུང་བ་ནི་དེའི་མ་ཡིན་ཞིང་། དེ་བསད་ན་མཚམས་མེད་དུ་འགྱུར་ཏེ། དེ་སྐྱེད་བྱེད་ཀྱི་མ་དང་། ཕྱི་མ་སྐྱོང་བྱེད་ཀྱི་མ་ཡིན་པའི་ཕྱིར། སངས་རྒྱས་ལ་བརྡེག་པར་བསམས་པ་ཙམ་གྱིས་ཁྲག་ཕྱུང་བ་ལ་མཚམས་མེད་འབྱུང་བ་མ་ཡིན་ཏེ། མཚམས་མེད་འབྱུང་བ་ལ་སངས་རྒྱས་


GLG014_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོང་འདོད་ཀྱི་བློ་དགོས་པའི་ཕྱིར། མཚོན་བསྣུན་པའི་འོག་ཏུ་དགྲ་བཅོམ་པ་བསད་པས། དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་འབྱུང་བར་མ་ངེས་ཏེ། དགྲ་བཅོམ་ཐོབ་ཁ་མ་ལ་མཚོན་བསྣུན་པས་འཆི་བའི་ཚེ་དགྲ་བཅོམ་ཡིན་པ་ཡང་ཡོད་པའི་ཕྱིར། མཚམས་མེད་ཀྱི་སྦྱོར་བ་བྱས་པའི་གང་ཟག་ལ་ཚེ་འདིར་འདོད་ཆགས་དང་བྲལ་བ་མི་སྲིད་དེ། དེ་ལས་སྒྲིབ་སྟོབས་ལྡན་གྱིས་བསྒྲིབས་པའི་ཕྱིར། བཞི་པ་དགེ་མི་དགེའི་འབྲས་བུ་ཆེ་ཚད་ངོས་གཟུང་བ་ནི། དགེ་འདུན་དབྱེ་བའི་ཕྱིར་རྫུན་སྨྲ་བའི་མཚམས་མེད་ནི་ཆོས་ཅན། ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། ཁྱོད་བྱས་པ་ལ་བར་བསྐལ་གཅིག་མནར་མེད་མྱོང་དགོས་པའི་ཕྱིར། འཇིག་རྟེན་པ་ཡི་དགེ་བ་ལ་སྲིད་རྩེའི་སེམས་པ་རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ། དེའི་རྣམ་སྨིན་ལ་བསྐལ་ཆེན་བརྒྱད་ཁྲིར་རབ་ཏུ་ཞི་བར་གནས་ཕྱིར། གཉིས་པ་ལ་ཉེ་བའི་མཚམས་མེད་དངོས། ལས་ལམ་གྱི་གེགས་ངོས་གཟུང་བ། བྱང་ཆུབ་སེམས་དཔའ་ངེས་གནས་བཤད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མཚམས་མེད་ཀྱི་ལས་དང་ཆ་འདྲ་བའི་ཉེས་པ་ལྔ་ཡོད་དེ། མ་དང་དགྲ་བཅོམ་མ་མི་ཚངས་སྤྱོད་ཀྱིས་སུན་དབྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱ་ནས་འཚང་རྒྱ་བའི་ངེས་པ་ལ་གནས་པ་བསད་པ་དང་། འཕགས་པ་སློབ་པ་བསད་པ་དང་། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོའི་འཚོ་བ་འཕྲོག་པ་དང་། སྐུ་གསུང་ཐུགས་ཀྱི་མཆོད་རྟེན་འཇིག་པར་བྱེད་པ་ལྔ་པ་ནཡིན་པའི་ཕྱིར། །གཉིས་པ་ནི། ཡོན་ཏན་ཁྱད་པར་ཅན་འཐོབ་པ་ལ་ཤིན་ཏུ་གེགས་བྱེད་པ་གསུམ་ཡོད་དེ། བཟོད་པ་ཐོབ་པར་བྱེད་པའི་གེགས་ཕྱི་མ་ངན་སོང་དུ་སྐྱེ་འགྱུར་གྱི་ལས་དང་། ཕྱིར་མི་འོང་འཐོབ་པའི་གེགས་འདོད་པར་སྐྱེ་ངེས་པའི་ལས་དང་། དགྲ་བཅོམ་པ་འཐོབ་པའི་གེགས། ཁམས་གོང་དུ་སྐྱེ་ངེས་ཀྱི་ལས་རྣམས་ཡིན་པའི་ཕྱིར། གསུམ་པ་ལ། བྱང་ཆུབ་སེམས་དཔའ་ངེས་གནས་ཀྱི་ཁྱད་ཆོས། སྔོན་བྱུང་སྟོན་པའི་རྣམ་ཐར་དང་གཉིས། དང་པོ་ནི། དུས་གང་ནས་བྱང་ཆུབ་སེམས་དཔའ་ངེས་གནས་


GLG014_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཚུལ་ཡོད་དེ། གང་ཕན་ཆད་ནས་མཚན་གྱི་རྣམ་པར་སྨིན་པར་འགྱུར་བའི་ལས་བྱེད་པ་དེ་ནས་ངེས་གནས་ཞེས་བཤད་པའི་ཕྱིར། ངེས་གནས་ཆོས་ཅན། ཡོན་ཏན་ལྔ་དང་ལྡན་ཏེ། བདེ་འགྲོ་རིགས་མཐོ་བར་སྐྱེ་བ་དང་། དབང་པོ་ཀུན་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། ལམ་ལས་མི་ལྡོག་པ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། ཡོན་ཏན་གྲུབ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། འཛམ་བུ་གླིང་གི་ཕོ་ཉིད་དུ་གྱུར་ནས་སངས་རྒྱས་ལ་མངོན་སུམ་དུ་སེམས་པ་དང་བསམས་པ་ལས་བྱུང་བའི་བསོད་ནམས། འཚང་རྒྱ་བ་ལ་བསྐལ་པ་བརྒྱ་ལུས་པ་དག་ཏུ་འཕེན་ཅིང་སྒྲུབ་པར་བྱེད་པའི་ཕྱིར། མཚན་དེ་རྣམས་དེ་ཆོས་ཅན། བསོད་ནམས་ཁྱད་པར་ཅན་དང་ལྡན་ཏེ། ཁྱོད་ཀྱི་ཆ་ཤས་རེ་རེ་ལའང་བསོད་ནམས་བརྒྱ་བརྒྱ་ལས་སྐྱེས་པའི་ཕྱིར། གཉིས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་ལ་བསོད་ནམས་བསག་པའི་ཚུལ་དང་། ཕར་ཕྱིན་དྲུག་རྫོགས་ཚུལ་ལོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་ཀྱིས་བསྐལ་པ་གྲངས་མེད་གསུམ་གྱི་ཐ་མར་སངས་རྒྱས་གསུམ་བྱུང་བ་ལ་ཐུག་གི་བར་སངས་རྒྱས་རབ་ཏུ་མང་པོ་ལ་ཚོགས་བསགས་ཏེ། དང་པོའི་ཐ་མར་རིན་ཆེན་གཙུག་ཏོར་ཅན། གཉིས་པའི་ཐ་མར་མར་མེ་མཛད། གསུམ་པའི་ཐ་མར་རྣམ་གཟིགས་བྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་དང་པོར་ཚོགས་བསགས་པའི་ཡུལ་ཡོད་དེ། ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཚོགས་བསགས་པའི་ཕྱིར། གཉིས་པ་ནི། འོ་སྐོལ་གྱི་སྟོན་པ་ཆོས་ཅན། ཁྱོད་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་ཕར་ཕྱིན་གང་རྫོགས་ཚུལ་ཡོད་དེ། རྒྱལ་པོ་ཐམས་ཅད་སྒྲོལ་དུ་གྱུར་པའི་ཚེ་སེམས་ཅན་ཀུན་ལ་ལུས་ལོངས་སྤྱོད་ཐམས་ཅད་སྙིང་རྗེ་ཡིས་སྦྱིན་པར་བྱེད་པས་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྱིར། དེ་


GLG014_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་ཚུལ་ཡོད་དེ། དྲང་སྲོང་བཟོད་པ་ཅན་དུ་གྱུར་པའི་ཚེ་ཆགས་པ་དང་བཅས་བཞིན་དུ་རང་གི་ཡན་ལག་བཅད་ཀྱང་ནི་ཁོང་མི་འཁྲུག་པས་བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པའི་ཕྱིར། དེ་ཆོས་ཅན། བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་ཚུལ་ཡོད་དེ། དེ་བཞིན་གཤེགས་པ་སྐར་རྒྱལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཚིགས་སུ་བཅད་པའི་སྒོ་ནས་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཕྱིར། དེ་ཆོས་ཅན། བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་ཚུལ་ཡོད་དེ། བྱང་ཆུབ་ཀྱི་སྔ་ལོགས་དེ་མ་ཐག་ལ་ཏིང་ངེ་འཛིན་བསམ་གཏན་དང་། བློ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པའི་ཕྱིར། གཉིས་པ་བསྟེན་བྱ་བསོད་ནམས་ཀྱི་གཞི་གསུམ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། ཞར་བྱུང་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། བསོད་ནམས་བྱ་བའི་གཞི་ལ་གསུམ་ཡོད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི། ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་གཞི་རྣམས་སུ་ཡོད་པའི་ཕྱིར། བསོད་ནམས་ཀྱང་ཡིན་ལ། གཞི་ཡང་ཡིན་པས་དེའི་གཞི་ཞེས་བྱ་སྟེ། དཔེར་ན་ལས་ཀྱི་ལམ་བཞིན་ནོ། གཉིས་པ་ལ། སྦྱིན་པ། ཚུལ་ཁྲིམས། བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་གཞི་དང་གསུམ། དང་པོ་ལ། ངོ་བོ། དབྱེ་བ། ཁྱད་ཆོས། ཞར་བྱུང་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་པའི་ངོ་བོ་ཡོད་དེ། གང་ཟག་གང་གིས་འཇིགས་པ་དང་། ལན་ལ་རེ་བ་དང་། ཆགས་པས་སྦྱིན་པར་བྱེད་པ་དེའང་སྦྱིན་པ་ཙམ་ཡིན་པའི་ཕྱིར། སྦྱིན་པ་ཁྱད་པར་ཅན་ཡོད་དེ། དཀོན་མཆོག་མཆོད་པ་དང་། དམན་པ་ལ་ཕན་གདགས་པར་འདོད་པས་སྦྱིན་པར་བྱེད་པའི་ལུས་ངག་གི་ལས་ཀུན་སློང་དང་བཅས་པ་ལ་སྦྱིན་པ་ཞེས་བཤད་པའི་ཕྱིར། སྦྱིན་པ་དེ་ཆོས་ཅན། འབྲས་བུ་དང་བཅས་ཏེ། མ་འོངས་པ་ན་ལོངས་སྤྱོད་ཆེན་པོ་ཅན་དུ་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། དབྱེ་ན་བཞི་ཡོད་དེ། བདག་ཁོ་ནའི་ཕྱིར་སྦྱིན་པ། གཞན་ཁོ་ནའི་ཕྱིར་སྦྱིན་པ། གཉིས་ཀའི་དོན་གྱི་ཕྱིར་སྦྱིན་པ། སྦྱིན་ཡུལ་དང་སྦྱིན་པ་པོ་གཉིས་ཀའི་དོན་དུ་མ་ཡིན་པར་སྦྱིན་པ་དང་བཞི་ཡོད་པའི་ཕྱི། དང་པོ་གྲུབ་སྟེ། སོ་སོ་སྐྱེ་བོས་མཆོད་རྟེན་ལ་ཕུལ་བ་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འཕགས་པ་


GLG014_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྲལ་གྱིས་སོ་སྐྱེ་ལ་སྦྱིན་པ་དེ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། འཕགས་པ་འདོད་ཆགས་དང་མ་བྲལ་བས་གཞན་ལ་སྦྱིན་པ་དེ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་ཕུལ་བ་དེ་ཡིན་པའི་ཕྱིར། ཁ་ཅིག །འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་ཕུལ་བ་དེ་བདག་གཞན་གཉིས་ཀའི་དོན་མ་ཡིན་པར་སྦྱིན་པ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་གཞན་དོན་དུ་སྦྱིན་པའི་ཕྱིར། དེར་ཐལ། དེས་གཞན་སེམས་ཅན་མྱང་འདས་ཐོབ་ཕྱིར་དུ་སྦྱིན་པའི་ཕྱིར། དེར་ཐལ། དེས་གཞན་སེམས་ཅན་མྱང་འདས་ཐོབ་ཕྱིར་དུ་བསྔོ་བའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་གཞན་མྱང་འདས་ཐོབ་འདོད་ཀྱི་བློ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡོད་པའི་ཕྱིར། གསུམ་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་པ་དེ་ཡི་ཁྱད་པར་ཡོད་དེ། སྦྱིན་བདག་དང་། དངོས་པོ་དང་། ཞིང་གི་ཁྱད་པར་ལས་ཁྱད་པར་དུ་འགྱུར་བའི་ཕྱིར། གཉིས་པ་ལ། སྦྱིན་བདག །དངོས་པོ། ཞིང་གི་ཁྱད་པར་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་བདག་ཁྱད་འཕགས་དེ་ལ་བཞི་ཡོད་དེ། དད་ཅིང་གུས་པས་སྦྱིན་པ་དང་། སོགས་པས་རང་གི་ལག་གིས་སྦྱིན་པ་དང་། དུས་སུ་སྦྱིན་པ་དང་། གཞན་ལ་མི་གནོད་པར་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། དེ་ལྟར་སྦྱིན་པའི་འབྲས་བུའི་ཁྱད་པར་ཡོད་དེ། སྦྱིན་ཚུལ་དང་པོས་མ་འོངས་པ་ན་བཀུར་སྟི་དང་བཅས་པ་དང་། གཉིས་པས་ལོངས་སྤྱོད་རྒྱ་ཆེན་པོ་དང་། གསུམ་པས་ཟས་གོས་དུས་སུ་རྙེད་པ་དང་། བཞི་པས་ལོངས་སྤྱོད་བར་ཆད་མེད་པར་རྙེད་པའི་ཕྱིར། གཉིས་པ་ནི། སྦྱིན་བྱའི་དངོས་པོ་ཕུན་སུམ་ཚོགས་པ་དེ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པས་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་དངོས་པོ་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། དེ་


GLG014_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྦྱིན་པའི་འབྲས་བུའི་ཁྱད་པར་ཡོད་དེ། སྦྱིན་ཚུལ་དང་པོས་གཟུགས་བཟང་བ་དང་། གཉིས་པས་སྙན་གྲགས་དང་ལྡན་པ་དང་། གསུམ་པས་རོ་དགའ་བ་ཉམས་སུ་མྱོང་བ་དང་། བཞི་པས་ལུས་ཤིན་ཏུ་གཞོན་ཤ་ཅན་དང་། དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་བའི་ཕྱིར། གསུམ་པ་ནི། སྦྱིན་ཡུལ་ཁྱད་པར་ཅན་དེ་ལ་བཞི་ཡོད་དེ། དུད་འགྲོ་ལས་མིའི་འགྲོ་བ་ཁྱད་པར་དུ་འཕགས་པ་དང་། ནད་པ་སོགས་སྡུག་བསྔལ་གྱི་ཞིང་དང་། ཕ་མ་སོགས་ཕན་འདོགས་ཀྱི་ཞིང་དང་། ཚུལ་ཁྲིམས་དང་ལྡན་པ་སོགས་ཡོན་ཏན་གྱི་ཞིང་ཁྱད་དུ་འཕགས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དུད་འགྲོ་ལ་སྦྱིན་ན་རྣམ་སྨིན་བརྒྱ་འགྱུར། ཚུལ་འཆལ་ལ་སྦྱིན་ན་སྟོང་འགྱུར་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འདྲའི་མགོན་མེད་པ་ལ་སྦྱིན་ན་བསོད་ནམས་གཞལ་དུ་མེད་པའི་ཕྱིར། གསུམ་པ་གྲུབ་སྟེ། སྔ་མ་དང་འདྲ་བའི་ཕྱིར། བཞི་པ་གྲུབ་སྟེ། རྣམ་སྨིན་འབུམ་འགྱུར་འབྱུང་བའི་ཕྱིར། སྦྱིན་པའི་མཆོག་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། གྲོལ་བ་དགྲ་བཅོམ་པས་གྲོལ་བ་དགྲ་བཅོམ་པ་ལ་སྦྱིན་པ་དང་། བྱང་ཆུབ་སེམས་དཔས་སེམས་ཅན་ཀུན་ལ་སྙིང་རྗེས་སྦྱིན་པ་དང་། བརྒྱད་པ་སེམས་ཀྱི་རྒྱན་ལ་སོགས་པ་ཐོབ་ཕྱིར་དུ་སྦྱིན་པ་རྣམས་ཡོད་པའི་ཕྱིར། བརྒྱད་པོ་ཡོད་དེ། ཉེ་བས་སྦྱིན་པ། འཇིགས་པས་སྦྱིན་པ། བདག་ལ་སྦྱིན་པས་སྦྱིན་པ། བདག་ལ་སྦྱིན་པར་འགྱུར་བའི་སྦྱིན་པ། ཕ་མེས་ཀྱི་སྦྱིན་པས་བྱིན་པ། མཐོ་རིས་ཀྱི་དོན་དུ་སྦྱིན་པ། གྲགས་པའི་དོན་དུ་སྦྱིན་པ། སེམས་ཀྱི་རྒྱན་རྫུ་འཕྲུལ་དང་། སེམས་ཀྱི་ཡོ་བྱད་འཕགས་ལམ་བརྒྱད་དང་། སེམས་ཀྱི་རྣལ་འབྱོར་ཏིང་ངེ་འཛིན་གྱི་ཚོགས་དང་། དོན་གྱི་མཆོག་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་དུ་སྦྱིན་པ་རྣམས་དེ་ཡིན་པའི་ཕྱིར། འཕགས་པ་མ་ཡིན་པའི་སྦྱིན་ཡུལ་ཁྱད་པར་དུ་འཕགས་པ་ལ་སྦྱིན་པ་བཞི་ཡོད་དེ། ཕ་མ་ལ་སྦྱིན་པ། ནད་པ་ལ་སྦྱིན་པ། ཆོས་སྨྲ་བ་པོ་ལ་སྦྱིན་པ། སྐྱེ་མཐའ་སྟེ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་རྣམས་དེ་ཡིན་པའི་ཕྱིར། བཞི་པ་ཞར་བྱུང་ལ། ལས་ཆེ་ཆུང་


GLG014_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། ལས་ཀྱི་འབྲས་བུ་ལ་དོགས་པ་དཔྱད་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ལས་དེ་ལ་ལྕི་ཡང་གཉིས་སུ་ཡོད་དེ། ལས་ཀྱི་མཇུག་དང་། དེའི་ཞིང་དང་། དེའི་དངོས་གཞི་དང་། དེའི་སྦྱོར་བ་དང་། དེ་མཐར་ཕྱིན་པར་བྱེད་པའི་སེམས་པ་དང་། བསམ་པ་སྟེ། ཀུན་སློང་དེ་དག་ཆུང་བ་དང་། ཆེ་བ་ལས། ལས་ཀྱང་ཆུང་བ་ཡང་བ་དང་། ཆེ་བ་ལྕི་བ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ནི། བསགས་པའི་ལས་སུ་གྱུར་པ་རྣམ་པ་དྲུག་ཡོད་དེ། ལས་དེ་བསམས་བཞིན་དུ་བྱས་པ་དང་། མཇུག་ཡོངས་སུ་རྫོགས་པར་བྱས་པ་དང་། མཐར་མི་འགྱོད་པ་དང་། དངོས་གཞིའི་དུས་སུ་གཉེན་པོ་མེད་པ་དང་། མི་དགེ་བ་ཡིན་ན་འཁོར་ཡང་མི་དགེ་བ་དང་། རྣམ་པར་སྨིན་པ་འབྱིན་པར་ངེས་པ་ལས་བསགས་པའི་ལས་ཞེས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། མཆོད་རྟེན་དང་སྐུ་གཟུགས་སོགས་ལ་ཕུལ་བ་ལ་དེ་ལན་པ་དང་སྤྱོད་པ་མེད་ནའང་། བསམ་པ་བཟང་པོས་དངོས་པོ་བཏང་བས་དེ་ལས་བྱུང་བའི་བསོད་ནམས་འཐོབ་སྟེ། བྱམས་སོགས་ཚད་མེད་དང་ཡང་དག་པའི་ལྟ་བ་བསྒོམས་པས་རང་གི་སེམས་ཀྱི་མཐུས་བསོད་ནམས་འཐོབ་པ་བཞིན་ཡིན་པའི་ཕྱིར། ངན་པའི་ཞིང་ལ་སྦྱིན་པ་བཏང་བ་ལའང་། འབྲས་བུ་ཡིད་དུ་འོང་བ་ལོངས་སྤྱོད་འབྱུང་སྟེ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་མི་འཁྲུལ་བའི་ཕྱིར། གཉིས་པ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། འཆལ་བའི་ཚུལ་ཁྲིམས་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། རིག་བྱེད་མིན་པས་བསྡུས་པའི་གཟུགས་ཅན་གྱི་མི་དགེ་བ་དེ་ཡིན་པའི་ཕྱིར། འཆལ་ཚུལ་དེ་སྤོང་བའི་ཚུལ་ཁྲིམས་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། སངས་རྒྱས་ཀྱིས་ནི་བཅས་པའི་ཁ་ན་མ་ཐོ་བ་ཡང་འཆལ་ཚུལ་ཡིན་ལ་དེ་སྤོང་བའི་ཚུལ་ཁྲིམས་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རིག་བྱེད་དང་། རིག་བྱེད་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། ཚུལ་ཁྲིམས་རྣམ་དག་ཆོས་ཅན། ཡོན་ཏན་བཞི་དང་ལྡན་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱིས་འཕན་པ་


GLG014_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་དང་། དེའི་རྒྱུ་ཉོན་མོངས་ཀྱིས་འཕན་པ་མ་བྱུང་བ་དང་། དེའི་གཉེན་པོ་དྲན་ཤེས་བཞིན་ལ་བརྟེན་པ་དང་། དེའི་གཞི་མྱང་འདས་སུ་བསྔོས་པ་ལ་བརྟེན་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། མཉམ་པར་བཞག་པའི་དགེ་བ་ཏིང་ངེ་འཛིན་ནི་ཆོས་ཅན། སྒོམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སེམས་རྒྱུད་ལ་ཡོན་ཏན་བསྒོ་བྱེད་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཚུལ་ཁྲིམས་དང་སྒོམ་པ་ལ་འབྲས་བུ་ཡོད་དེ། མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་གཙོ་བོར་འཇུག །སེམས་ཉོན་མོངས་དང་འབྲལ་བའི་དོན་དུ་སྒོམ་པ་གཙོ་བོར་འཇུག་པའི་ཕྱིར། གསུམ་པ་ཞར་བྱུང་ལ། ཚངས་པའི་བསོད་ནམས་དང་། ཆོས་ཀྱི་སྦྱིན་པ་ངོས་གཟུང་བ་གཉིས། དང་པོ་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གདུང་གི་སྙིང་པོ་ཅན་གྱི་མཆོད་རྟེན་མེད་པའི་ས་ཕྱོགས་སུ་དེ་བྱེད་པ་དང་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་གཙུགས་ལག་ཁང་བརྩིག་པ་དང་དགེ་འདུན་བྱེ་བ་སྡུ་བ་དང་བྱམས་པའི་སེམས་པའི་སེམས་རྒྱ་ཆེན་པོ་སྒོམ་པ་སྟེ་མདོ་ལས་ཚངས་པའི་བསོད་ནམས་བཞི་ཞེས་བཤད་པ་དེ་དག་ཆོས་ཅན། ཚངས་པའི་བསོད་ནམས་ཟེར་བའི་རྒྱུ་མཚན་ཡོད་དེ་བྱེད་པ་པོ་ཚངས་པ་མདུན་ན་འདོན་གྱི་ཚེ་ཚད་བཞིན་བར་བསྐལ་བཞི་བརྒྱར་འདོད་པར་ལྷ་མིའི་ཚེ་ལ་ཡང་ཡང་ལེན་པར་བྱེད་པའི་ཕྱིར། གཉིས་པ་ནི། ཆོས་ཀྱི་སྦྱིན་པ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་ལྟ་བའི་སེམས་ཉོན་མོངས་ཅན་མ་ཡིན་པས་མདོ་དང་བསྟན་བཅོས་སོགས་དོན་ཡང་དག་པར་ཇི་ལྟ་བ་བཞིན་དུ་སྟོན་པ་དེ་ཡིན་པའི་ཕྱིར། གསུམ་པ་ཆ་མཐུན་གྱི་དགེ་བ་གསུམ་བཤད་པ་ནི། ཤེས་བྱ་ཆོས་


GLG014_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། དེ་གསུམ་ཡོད་དེ། མྱང་འདས་དོན་གཉེར་གྱི་བསམ་པས་མ་ཟིན་པའི་དགེ་བ་ནི་བསོད་ནམས་ཆ་མཐུན། སྦྱོར་ལམ་མ་སྐྱེས་གོང་གི་མྱང་འདས་དོན་གཉེར་གྱི་བསམ་པས་ཟིན་པའི་དགེ་བ་ནི་ཐར་པ་ཆ་མཐུན། སྦྱོར་ལམ་དྲོད་སོགས་བཞི་ངེས་འབྱེད་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར། གསུམ་པ་ལས་ཀྱི་རྣམ་གྲངས་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཡིག་འབྲུ་བརྒྱ་འཕྲི་བ་དང་། བགྲང་བ་དང་བཅས་པའི་སྙན་ངག་དང་རྩིས་སྡོམ་པའི་གྲངས་ཀྱི་ལས་ཀྱང་གཞག་ཏུ་ཡོད་དེ། རིགས་པས་རབ་ཏུ་བཅུག་པའི་ལུས་ངག་ཡིད་རྣམ་པ་གསུམ་གྱི་ལས་དང་ཀུན་སློང་དང་བཅས་པ་ནི། དེ་དག་ཏུ་གོ་རིམ་བཞིན་དུ་བཞག་པའི་ཕྱིར། ཉོན་མོངས་ཅན་གྱི་ཆོས་ཆོས་ཅན། རྣམ་གྲངས་དུ་མ་དང་ལྡན་ཏེ། བསྒྲིབས་པ་དང་། ངན་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དག་ཏུ་ཡོད་པའི་ཕྱིར། ཟག་མེད་ཀྱི་དགེ་བ་ཆོས་ཅན། རྣམ་གྲངས་དུ་མ་དང་ལྡན་ཏེ། དྲི་མ་མེད་པ་དང་། གྱ་ནོམ་པ་གཉིས་སུ་ཡོད་པའི་ཕྱིར། ལས་ཀྱི་དགེ་བ་ཆོས་ཅན། རྣམ་གྲངས་དང་ལྡན་ཏེ། རྒྱུད་ལ་བསྟེན་བྱ་ཡིན་པའི་ཕྱིར། ཐར་པ་མྱང་འདས་ནི་ཆོས་ཅན། བླ་ན་མེད་པ་ཡིན་ཏེ། སློབ་པའི་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་བཞི་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། ལས་ཀྱི་རྣམ་གཞག་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར། སྨྲས་པ། ཀུན་མཁྱེན་མིན་པ་གཞན་གྱིས་རྟོགས་དཀའ་ཕྲ་ཞིབ་ལས་འབྲས་རྣམ་གཞག་ཚུལ། །ཇི་ལྟར་མཁའ་ལ་ཟླ་བ་ཤར་ཚེ་དང་བའི་ཆུ་ལ་གཟུགས་འཆར་ལྟར། །ཆོས་མངོན་རྒྱ་མཚོའི་ཉིང་ཁུ་ལས་འོངས་དབྱིག་གཉེན་ཞབས་ཀྱི་གསུང་རབ་ཚོགས། །བློ་གྲོས་དག་གིས་ཞིབ་མོར་དཔྱད་ཚེ་ཀུན་མཁྱེན་རྒྱལ་བའི་འགྲན་ཟླར་བྱས། །ཧ་ཅང་ཚིག་གི་སྤྲོས་པའི་ལོ་འདབ་ཀྱིས། །དོན་བཟང་འབྲས་བུ་སྒྲིབ་པ་མ་ཡིན་ཞིང་། །ཉུང་ངུས་གཞན་གྱིས་རྟོགས་དཀའི་སྐྱོན་མེད་པའི། །བློ་ལྡན་སྐྱེ་བོའི་ངོ་མཚར་དགའ་སྟོན་བྱས། །དེང་དུས་སྐྱེ་བོའི་བག་ཡངས་སྤྱོད་ཚུལ་དང་། །བསླུ་མེད་རྒྱུ་ལས་འབྲས་བུ་འབྱུང་ཚུལ་དང་། །སྔོན་བྱོན་དམ་པའི་རྣམ་ཐར་ཚུལ་བསམས་ན། །བདག་དང་བདག་འདྲ་ཕལ་ཆེར་སྨྱོན་པར་ངེས། །ཚེ་འདིའི་བདེ་སྡུག་ཕྲ་མོ་ཙམ་ལ་ཡང་། །དགའ་དང་མི་དགའི་སྣང་བ་ཆེར་སྐྱེ་ན། །དཀར་ནག་རྒྱུ་ལས་བདེ་སྡུག་འབྲས་འབྱུང་བར། །རྒྱལ་བས་གསུངས་ལ་རས་སུ་བོར་འདི་ནོངས། །
མུན་པའི་རུམ་དུ་ཆ་མེད་རྒྱུ་བ་ལྟར། །རྨོངས་པའི་སྐྱེ་བོ་དེ་ལས་འོས་མེད་ཀྱང་། །རང་ཅག་ཅུང་ཟད་ཐོས་པར་རློམ་བཞིན་དུ། །ཤེས་བཞིན་ཁྱད་དུ་གསོད་འདི་ངོ་རེ་ཚ། །ལས་འབྲས་སྟོན་པའི་བསྟན་བཅོས་འདི་ཉིད་ཀྱི། །དགོངས་དོན་ཅུང་ཟད་བཤད་པའི་དགེ་བས་ཀྱང་། །དཀར་པོའི་ལས་བསགས་འབྲས་བུ་བདེ་བ་མཆོག །མཐའ་ཀླས་མར་གྱུར་འགྲོ་འདིས་སྤྱོད་གྱུར་ཅིག །ཆོས་མངོན་པ་མཛོད་གསལ་བར་བྱེད་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་བཞི་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousགནས་བཞི་པ་ལས་བསྟན་པ།next