Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།next

ལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།

༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། ཡུལ་དེ་ན་ཀུན་ཏུ་རྒྱུ་ཨུ་པ་གུབ་ཏ་ཞེས་བྱ་བ་ཤེས་རབ་ཆེ་བ་དུས་གསུམ་གྱི་གནས་རྟོག་པ་ལ་མཁས་པ་ཞིག་ཡོད་པ་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། བདག་རབ་ཏུ་བྱུང་ན་ཤེས་རབ་དང་སྤོབས་པ་ཤཱ་རིའི་བུ་དང་མཉམ་པར་འགྱུར་རམ་དེ་ལྟར་མ་གྱུར་ན་ཕྱིར་ཁྱིམ་དུ་མཆིའོ། །ཞེས་ཞུས་པས། སྟོན་པས་དེ་ཙམ་མི་འབྱུང་བར་ལུང་བསྟན་པས་ཕྱིར་ཁྱིམ་དུ་སོང་ངོ་། །དེར་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། བྲམ་ཟེ་འདི་རབ་ཏུ་བྱུང་ནས་མངོན་པར་ཤེས་པ་དྲུག་དང་ཤེས་རབ་ཏུ་ལྡན་ཏེ་སེམས་ཅན་རྡུལ་སྙེད་གཅིག་གི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཕྱིས་སྟོན་པ་མྱ་ངན་ལས་འདས་ཁར་ཀུན་དགའ་བོ་ལ་བསྟན་པ་གཏད་ཅིང་། ཀུན་དགའ་བོ་མྱ་ངན་ལས་འདས་ཁར་ཉེ་གནས་ཡ་ཤེའི་ཀེ་ལ་བསྟན་པ་གཏད་ནས། ཡུལ་ཝཱ་རཱ་ཱཎ་སཱིར་ཁྱིམ་བདག་གུབ་ཏ་ཞེས་བྱ་བ་ལ་བུ་ཨུ་པ་གུསྟ་ཞེས་བྱ་བ་ཞིག་ཡོད་གྱིས་ཁྱོད་ཀྱིས་སློང་ལ་རབ་ཏུ་ཕྱུངས་ཤིག ཁྱོད་འདས་པའི་འོག་ཏུ་ཆོས་ཀྱང་དེ་ལ་གཏོད་ཅིག་ཅེས་ཞལ་ཐེམས་སུ་བཞག་གོ །དེ་ནས་ཡ་ཤེའི་ཀེས་ཁྱིམ་བདག་དེ་དང་འདྲིས་པར་བྱས་ནས། ཕྱིས་བུ་ཨུ་པ་གུབ་ཏ་བྱུང་བ་དང་ལན་གསུམ་གྱི་བར་དུ་བསླང་བའི་ཐ་མར་ཆེར་སྐྱེས་པ་ན་འབུལ་བར་ཁས་བླངས་སོ། །དེ་ཆེར་སྐྱེས་པ་ན་ཕས་ཚོང་བྱེད་དུ་བཅུག་པའི་སར་ཡ་ཤེའི་ཀེ་ཉིད་བྱོན་ཏེ་ཆོས་བསྟན་ནས་ཉིན་རེ་བཞིན་དུ་དགེ་སེམས་སྐྱེས་ན་རྡེའུ་དཀར་པོ་དང་སྡིག་སེམས་སྐྱེས་ན་ནག་པོ་རེ་བཞག་ནས་བརྩིར་བཅུག་པས། དང་པོ་དཀར་པོ་ཉུང་། བར་དུ་མཉམ། ཐ་མར་དཀར་པོ་འབའ་ཞིག་ཏུ་གྱུར་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། དེའི་ཚེ་སྨད་འཚོང་མ་ཞིག་གིས་བྲན་མོ་མངགས་ཏེ་ནང་མ་རེ་བཞིན་ཨུ་པ་གུབ་ཏ་ལས་མེ་ཏོག་ཉོ་བ་ལས། དེ་ཕྱིན་སྔར་བས་མང་བར་བྱུང་བས་སྨད་འཚོང་མས་དེའི་དོན་དྲིས་པ་ན། བྲན་མོས་ཨུ་པ་གུབ་ཏའི་ཡོན་ཏན་བརྗོད་དེ་གཡོ་སྒྱུ་མེད་ཚུལ་དང་གཟུགས་བྱད་བཟང་བའི་ལོ་རྒྱུས་བཤད་པས། སྨད་འཚོང་མ་དེ་དེ་ལ་ཆགས་ནས་ཡང་ཡང་འབོད་དུ་བཏང་ཡང་མ་འོངས་སོ། །ནམ་ཞིག་སྨད་འཚོང་མ་དེ་རྒྱལ་པོའི་བུ་ཞིག་དང་འདུས་པ་ལས་དེའི་གོས་ལ་ཆགས་ནས་རྒྱལ་བུ་བསད་པ་རྒྱལ་པོས་ཤེས་ནས། དེའི་རྐང་ལག་གཏུབ་ཅིང་རྣ་བ་དང་སྣ་ཡང་བཅད་ནས་དུར་ཁྲོད་དུ་བོར་བ་དང་། ཨུ་པ་གུབ་ཏ་དེར་བྱོན་པ་ན། སྨད་འཚོང་མ་དེས། སྔོན་སྡུག་པའི་ཚེ་འོང་དུ་མ་བཏུབ་ན། ད་མ་རུངས་པར་གྱུར་པའི་འོག་ཏུ་གར་འགྲོ་ཞེས་སྨྲས་པ་དང་། ཨུ་པ་གུབ་ཏས། ཁྱོད་ཀྱི་གཟུགས་འདོད་པས་མ་ཡིན་གྱི། སྙིང་བརྩེ་བའི་ཕྱིར་འོངས་སོ་གསུངས་ནས། མི་གཙང་བ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་ཆོས་བསྟན་པས། སྨད་འཚོང་མས་ཆོས་མིག་རྣམ་པར་དག་པ་ཐོབ་ཅིང་། ཨུ་པ་གུབ་ཏ་རང་ཉིད་ཀྱིས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེར་ཡ་ཤེའི་ཀེས་ཁྱིམ་བདག་ལས་བསླངས་ནས་གཞོན་ནུ་ཨུ་པ་གུབ་ཏ་རབ་ཏུ་བྱུང་ཞིང་ལོ་དུས་སོན་པ་ན་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པས་དགྲ་བཅོམ་པ་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་ཏེ་སྨྲ་བ་དང་སྤོབས་པ་ཟད་མི་ཤེས་པར་གྱུར་ནས་འཁོར་མང་པོ་ལ་ཆོས་བསྟན་པས། བདུད་སྡིག་ཅན་གྱིས་བར་ཆད་རྩོམ་སྟེ་འཁོར་གྱི་ནང་དུ་གསེར་གྱི་དོང་རྩེའི་ཆར་དང་། དེའི་ཕྱི་ཉིན་མེ་ཏོག་གི་ཕྲེང་བའི་ཆར་དང་། དེའི་ཕྱི་ཉིན་གླང་པོ་ཆེ་མཆེ་བ་དྲུག་ལྡན། མཆེ་བ་རེ་ལ་རྫིང་བུ་རེ་རེ། དེ་རེ་རེ་ལ་མེ་ཏོག་བདུན་བདུན་མེ་ཏོག་རེ་རེ་ལ་ཤེལ་གྱི་བུ་མོ་རོལ་མོ་དཀྲོལ་བ་བདུན་བདུན་སོགས་སྤྲུལ་ནས་མི་རྣམས་བསླུས་པས་ཆོས་ཉན་དུ་མ་འདོད་ལ། དེའི་ཕྱི་ཉིན་བུད་མེད་བཟང་མོ་ལྟ་བས་ཆོག་མི་ཤེས་པ་ཤིག་ཏུ་སྤྲུལ་ནས་འཁོར་གྱི་ནང་དུ་འོང་ནས་བསླུ་བར་བྱེད་པ་ལ། ཡ་ཤེའི་ཀེས་སྤྲུལ་པའི་བུད་མེད་དེ་ཀེང་རུས་དཀར་པོར་བསྒྱུར་ཏེ་བསྟན་པས། མི་ཀུན་གྱིས་གདོད་ཆོས་ཉན་ནས་འབྲས་བུ་ཐོབ་པ་ཡང་རབ་ཏུ་མང་ངོ་། །བཙུན་པ་དེ་དག་ལ་ཐོག་མ་ནས་ཁྱི་ཞིག་ཡོད་པ་དེས། ཉིན་བཞིན་ཆོས་ལ་རྣ་བ་གཏད་ནས་ཉན་པ་ལས་ཚེ་འཕོས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་ནས་བདུད་སྡིག་ཅན་དང་སྟན་ཐོག་གཅིག་ཏུ་འདུག་པ་ན། བདུད་ཀྱིས་བརྟགས་ཏེ་དེའི་རྒྱུ་ཤེས་ནས་དགེ་སློང་གིས་བདག་སྨ་ཕབ་བོ་སྙམ་ནས། ཉེར་སྦས་མཆན། བཙུན་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དབུའི་སྟེང་དུ་རིན་པོ་ཆེའི་ཅོད་པཎ་ཞིག་བཞག་ནས་ཕྱིར་ལྷ་གནས་སུ་སོང་ངོ་། །དེ་ཏིང་ངེ་འཛིན་ལས་ལངས་ནས་བདུད་ཀྱིས་བཞག་པར་ཤེས་ནས། རྫུ་འཕྲུལ་གྱི་མཐུས་བདུད་སྡིག་ཅན་བཀུག་སྟེ། ཁྱི་རོ་གཅིག་ཕྲེང་བར་སྤྲུལ་ནས། ཁྱོད་ཀྱིས་ང་ལ་ཅོད་པཎ་བྱིན་པའི་ལན་དུ་ཁྱོད་ལ་ཕྲེང་བ་གཅིག་སྦྱིན་གྱི་བཞེས་ཤིག་སྨྲས་པས་དེས་ཀྱང་མགོ་ལ་གྱོན་ཏེ་སོང་བ་ན། རང་གནས་སུ་ཕྱིན་ནས་ཁྱི་རོ་ཡིན་པར་ཤེས་ནས་རང་གི་མཐུ་ཅི་ཡོད་ཀྱིས་འདོར་བར་བརྩམས་ཀྱང་འདོར་མ་ནུས་ནས། བརྒྱ་བྱིན་ནས་ཚངས་པའི་བར་གྱི་ལྷ་ཐམས་ཅད་ཀྱི་ཐད་དུ་སོང་སྟེ། མི་གཙང་བ་འདི་དོར་ཅིག་ཅེས་སྨྲས་པ་དང་། དེ་ཐམས་ཅད་ཀྱིས་འདི་ལྟར་སུས་བྱས་པ་དེ་ཉིད་ཀྱིས་འདོར་ནུས་ཀྱི། ངེད་ལ་འདི་འདོར་བའི་མཐུ་མེད་དོ་ཞེས་སྨྲས་པས། ཅི་བྱར་མེད་ནས་བཙུན་པའི་དྲུང་དུ་འོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་བྱམས་པའི་ཐུགས་དང་ལྡན་པས་བདག་ལ་དགྲར་མི་དགོངས་ཀྱི་ཁྱོད་ཉན་ཐོས་རྣམས་ནི་འཇིགས་སུ་རུང་སྟེ་བདག་གིས་རྩེད་མོ་བྱས་པ་ཙམ་ལའང་ལན་འདི་འདྲ་ཞེས་སྨྲས་སོ། །དེར་ཨུ་པ་གུབ་ཏས་ཁྱོད་ཟེར་བ་བདེན་ཏེ། སངས་རྒྱས་དང་བསྒྲུན་ན་བརྒྱ་འགྱུར་སྟོང་འགྱུར་དུ་དཔེར་བྱར་མི་རུང་སྟེ། རི་རབ་དང་ཡུངས་ཀར་རམ་རྒྱ་མཚོ་དང་རྨིག་རྗེས་ཀྱི་ཆུའམ་སེང་གེ་དང་ཝ་སྐྱེས་འགྲན་པ་འདྲ་སྟེ་ཆེ་ཆུང་གི་ཁྱད་དཔག་ཏུ་མེད་དོ། །ཁོ་བོས་དེ་བཞིན་གཤེགས་པའི་གཟུགས་སྐུ་མ་མཐོང་ན། ཁྱོད་ཀྱི་རྫུ་འཕྲུལ་གྱིས་སྤྲུལ་ནུས་ཞེས་ཐོས་པས། དེ་ཁོ་བོ་ལ་སྟོན་ཅིག བདུད་ཀྱི་ངས་དེ་འདྲ་བ་ཞིག་སྤྲུལ་གྱིས། ཁྱོད་ཀྱིས་ཁོ་བོ་ལ་ཕྱག་མ་བྱེད་ཅིག་ཅེས་སྨྲས་ནས། སངས་རྒྱས་ཇི་འདྲ་བར་སྤྲུལ་པ་ན། ཨུ་པ་གུབ་ཏ་རབ་ཏུ་དགའ་ནས་ཕྱག་བྱེད་པར་བརྩམས་པ་ན་ཕྱིར་ཡང་། བདུད་ཀྱི་གཟུགས་སུ་བསྒྱུར་ནས་ཅིའི་ཕྱིར་ཕྱག་བྱེད་སྨྲས་པས། འཕགས་པས་ཁོ་བོས་སངས་རྒྱས་ལ་ཕྱག་བྱེད་ཀྱི་ཁྱོད་ཕྱག་མི་བྱེད་དོ། །བདུད་ཀྱིས། བཙུན་པ་བདག་ལ་ཐུགས་བརྩེ་བའི་སླད་དུ་ཁྱི་རོ་འདི་མེད་པར་མཛོད་ཅིག་ཨུ་པ་གུབ་ཏས། ཁྱོད་སྙིང་རྗེའི་སེམས་བསྐྱེད་དེ་སེམས་ཅན་ཀུན་གྱི་སྐྱབས་བྱོས་ཤིག་དང་། ཁྱི་རོ་འདི་རིན་པོ་ཆེའི་ཕྲེང་བར་འགྱུར་རོ། །གལ་ཏེ་མི་དགེ་བའི་སྡིག་པའི་སེམས་སྐྱེ་ན་ཁྱི་རོ་ཉིད་ལས་མི་འགྱུར་རོ། །དེར་བདུད་ཤིན་ཏུ་སྐྲག་ནས་རྟག་ཏུ་དགེ་བའི་སེམས་བསྐྱེད་དོ། །དེའི་ཚེ་བཙུན་པ་ཨུ་པ་གུབ་ཏ་སྟེ་ཉེར་སྦས་ཀྱིས་འབྲས་བུ་ཐོབ་པའི་འོག་ཏུ་སེམས་ཅན་བཏུལ་ཏེ་འབྲས་བུ་ཐོབ་པར་བྱས་པའི་གྲངས་ནི། འབྲས་བུ་ཐོབ་པའི་མི་རེ་རེས་ཚུལ་ཤིང་སོར་བཞི་པ་རེ་རེ་བྱས་པའི་ཚུལ་ཤིང་དེ་ལྟ་བུས་ཁང་པ་མཐོ་ཚད་ཆག་དྲུག་ཅུ་པ་ཆུ་ཞེང་གབ་པར་ཆག་དྲུག་ཅུ་པའི་ནང་ཡོངས་སུ་གང་ངོ་། །དེ་ནས་མི་རྣམས་ཀྱིས་བསྔགས་ཏེ། ཁྱོད་ཀྱི་ཡོན་ཏན་ནི་རྒྱ་ཆེ་བས་སེམས་ཅན་བརྟུལ་བའི་གྲངས་ཀྱང་དཔག་ཏུ་མེད་དོ་ཞེས་སྨྲས་པ་དང་། ཨུ་པ་གུབ་ཏས། ཁོ་བོ་དུད་འགྲོ་བྱེད་པའི་ཚེ་ན་ཡང་སེམས་ཅན་དག་བཏུལ་ཏེ། འཕགས་པའི་འབྲས་བུ་ཐོབ་པར་བྱས་ན། ད་ལྟར་གྱི་དུས་ན་བཏུལ་བ་ལྟ་ཅི་སྨོས་ཏེ། སྔོན་ཝཱ་རཱ་ཎ་སཱིར་རང་སངས་རྒྱས་ལྔ་བརྒྱ་བཞུགས་པ་ལ་སྤྲེའུ་ཞིག་གིས་ཉིན་གཅིག་བ ཞིན་ཏུ་མཆོད་པ་འབུལ་ཞིང་ལྟ་བར་བྱེད་པ་ལས། ཕྱིས་ཞིག་ན་གནས་དེར་ཀུན་ཏུ་རྒྱུ་ལྔ་བརྒྱ་བྱུང་སྟེ། རྐང་པ་ཡ་ཅིག་འགྲེང་བ་སོགས་ཀུན་ཏུ་རྒྱུའི་སྤྱོད་པ་སྣ་ཚོགས་བྱེད་པ་ལ། སྤྲེའུ་དེ་འོངས་ནས་དེ་དག་ལས་ལྡོག་པར་བགྱིས་ཏེ་ལུས་དྲང་པོར་སྲོང་བའི་མཉམ་བཞག་གི་སྤྱོད་ལམ་ལ་བཀོད་པས། དེ་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏོ། །དེའི་དུས་ཀྱི་སྤྲེའུ་ནི་ང་ཡིན་ནོ་གསུངས། དེར་སྤྲེའུར་གྱུར་པའི་རྒྱུ་ཞུས་པས། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུའི་ཕ་རོལ་ཏུ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ཏེ། དགེ་སློང་རྣམས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷགས་པའི་གནས་སུ་བཞུགས་སོ། །དེའི་ཚེ་འབྲས་བུ་ཐོབ་པའི་དགེ་སློང་ཞིག་རིའི་རྩེ་མོར་མགྱོགས་པར་སོང་བ་ན། དགེ་སློང་གཞོན་ནུ་ཞིག་གིས་མགྱོགས་ཚད་སྤྲེའུ་དང་འདྲའོ། །ཞེས་སྨྲས་པས། རྒྱུ་དེས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲེའུར་གྱུར་ཏོ། །དེ་བས་ན་འཁོར་བཞི་པོ་དག་ངག་གི་ལས་ཡོངས་སུ་བསྡམས་ཏེ་མི་དགོས་པ་མི་སྨྲའོ་གསུངས། འདིས་ནི་ལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་ཏོ། །


previousལུས་གནད་བགྱིས་པ་དང་། གཞན་དགེ་བ་ལ་བསྐུལ་བ་སོགས་ཀྱི་ཕན་ཡོན་དང་། ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།next