Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 expand section
 expand section
 collapse section
ཞབས་བརྟན་སྐོར།
  
  
  
  
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཞབས་བརྟན་སྐོར།next

ཞབས་བརྟན་སྐོར།

ཨ་འཛོམས་འབྲུག་པ་རིན་པོ་ཆེའི་ཞབས་བརྟན་ཁག་གཉིས།

༈ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་བྱིན་རླབས་ཀྱིས། །ངེས་གསང་སྙིང་པོའི་བསྟན་འཛིན་ཆོས་ཀྱི་རྗེའི། །ཞབས་པད་ཆོས་བདུན་ཁམས་སུ་བརྟན་པ་དང༌། །བཤད་དང་སྒྲུབ་པས་བསྟན་པ་དར་རྒྱས་ཤོག །ཅེས་པ་འདིའང་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་ཞབས་བརྟན་དུ་གནང་བ་ལགས།

༈ མཆོག་གསུམ་ཚེ་ལྷ་རབ་འབྱམས་བདེན་པ་དང༌། །འཆི་མེད་མཚོར་འཁྲུངས་རྒྱལ་བའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་ཅིང༌། །རྡོ་རྗེ་རྩེ་མོའི་རིང་ལུགས་རྒྱས་པར་ཤོག །ཅེས་ཀྱང་སྙིང་ནས་གསོལ་བ་འདེབས་པ་དགེ་ལེགས་ཆོས་འཕེལ་ནས་སོ། །༼འདི་ཡང་འབྲུག་པ་རིན་པོ་ཆེའི་ཞབས་བརྟན་ལགས།༽

བསྟན་འཛིན་སྤྱིའི་ཞབས་བརྟན།

༈ ཨེ་མ་ཧོ། མཆོག་གསུམ་རྩ་བ་གསུམ་དང་ཚེ་ཡི་ལྷ། །རབ་འབྱམས་སྲས་བཅས་རྒྱལ་བའི་བྱིན་བརླབས་མཐུས། །ངེས་གསང་བསྟན་པ་འཛིན་པའི་སྐྱེས་མཆོག་རྣམས། །ཞབས་པད་རྟག་བརྟན་ཕྲིན་ལས་མཐའ་རྒྱས་ཤོག །ཅེས་པ་འདི་ཟླ་བ་༥ཚེས་༧ལ་ལྷག་བསམ་བཟང་པོས་རྩེ་གཅིག་ཏུ་སྨོན་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག མངྒལཾ།

དགུ་རོང་རྒྱལ་སྲས་རིན་པོ་ཆེའི་ཞབས་བརྟན།

༈ ན་མོ་མཉྫུ་ཤྲཱི་མ་ཧཱ་སུ་ཁ་ཡེ། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང༌། །ཁྱད་པར་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང༌། །རྣམ་གསུམ་ཚེ་ཡི་ལྷ་ཚོགས་བདེན་མཐུ་ཡིས། །དམ་པ་མཆོག་ཉིད་བསྐལ་བརྒྱར་ཞབས་བརྟན་གསོལ། །གསང་ཆེན་བསྟན་པ་ཡོངས་ཀྱི་ཉིན་བྱེད་དབང༌། །རྣམ་མང་ཡོན་ཏན་རྒྱ་མཚོའི་མངའ་བདག་མཆོག །མཆོག་གི་རྡོ་རྗེ་སློབ་དཔོན་ཆོས་ཀྱི་ཁྲིར། །མི་ཤིགས་ཆོས་བདུན་ངོ་བོར་རྟག་བཞུགས་ཤོག །རྨད་བྱུང་མཛད་པ་རྒྱ་མཚོའི་འཕྲིན་ལས་ཀྱིས། །ས་གསུམ་སྐྱེ་དགུའི་མོས་སྣང་དབང་དུ་བྱེད། །ངེས་གསང་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེང༌། །བཀྲ་ཤིས་དཔལ་གྱིས་ས་གསུམ་ཁྱབ་པར་ཤོག ། ཅེས་པ་འདི་དགུ་རོང་རྒྱལ་སྲས་རིན་པོ་ཆེའི་ཞབས་བརྟན་དུ་གནང་བ་ལགས།

ཁྱབ་བདག་པདྨ་སྐལ་བཟང་མཆོག་གི་ཞབས་བརྟན།

༈ ཨོཾ་སྭ་སྟི། ཕུན་ཚོགས་དགེ་ལེགས་བཀྲ་ཤིས་བྱེ་བའི་དངོས། །ཀུན་ནས་འཇོ་བས་ཕན་བདེའི་སྣང་བ་ཡིས། །ས་གསུམ་ཁྱབ་མཛད་རིན་ཆེན་རྣམ་གསུམ་གྱིས། །རྣམ་ཀུན་ཤིས་པའི་དགེ་མཚན་ཆར་དུ་བསྙིལ། །འོད་མཚན་སྟོང་འབར་བཅོམ་ལྡན་ཚེ་མཐའ་ཡས། །རྡོ་རྗེའི་སྐུ་བརྙེས་མཚོ་འཁྲུངས་རྒྱལ་བའི་དབང༌། །འཕོ་ཆེན་དྭངས་མའི་སྐུར་བཞེངས་བཱི་མ་ལར། །ཐུགས་རྒྱུད་བསྐུལ་བའི་གདུང་དབྱངས་ཀྱིས་འབོད་ན། །མཐའ་ཡས་འགྲོ་བའི་ཕན་བདེ་གཏེར་གྱུར་ཞིང༌། །སྒྲིབ་གཉིས་དྲི་མ་མཐའ་དག་འཇོམས་མཛད་པའི། །དྲི་མེད་རྒྱལ་བསྟན་འཛིན་མཛད་སྤྲུལ་པའི་སྐུ། །ཞབས་པད་ཆོས་བདུན་ཁམས་སུ་བརྟན་གྱུར་ཅིག །དགོངས་བརྒྱུད་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང༌། །བརྡ་བརྒྱུད་རིག་འཛིན་བྱེ་བའི་ནུས་མཐུ་དང༌། །སྙན་བརྒྱུད་སྐྱེས་མཆོག་དམ་པའི་བདེན་སྟོབས་ཀྱིས། །བསྟན་འཛིན་མཆོག་ཉིད་ཞབས་པད་རྟག་བརྟན་ཤོག །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་དུ་བསྙིལ། །འདོད་དགུའི་ཕྲིན་ལས་སྒྲུབ་པའི་ཉེར་འཛིན་པའི། །རྩ་གསུམ་བསྟན་སྲུང་བཅས་པའི་བདེན་སྟོབས་ཀྱིས། །བསྟན་འཛིན་མཆོག་རྣམས་ཞབས་པད་རྟག་བརྟན་ཅིང༌། །བར་ཆད་བདུད་སྡེའི་དཔུང་ཚོགས་ལས་རྒྱལ་ཏེ། །རྣམ་དཀར་ཕྲིན་ལས་ས་གསུམ་ཡོངས་ལ་ཁྱབ། །མདོ་སྔགས་བསྟན་པའི་ཆོས་ཚུལ་ཕྱོགས་བརྒྱར་འཕེལ། །དགེ་མཚན་བཀྲ་ཤིས་སྣང་བས་ཡོངས་ཁྱབ་ཤོག །ཅེས་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་ཉུང་བསྡུས་འདི་ནི་དམ་པའི་སྐྱེས་བུ་སྡེ་སྣོད་འཛིན་པ་དུ་མའི་བཀས་བསྐུལ་བ་བཞིན། རྨོངས་བརྟུལ་གྱི་ན་བ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་རྩེ་གཅིག་ཏུ་སྨོན་ཅིང་གསོལ་བ་བཏབ་པས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །༼ཁྱབ་བདག་པདྨ་སྐལ་བཟང་མཆོག་གི་ཞབས་བརྟན་ལགས།༽

༈ ཕྱི་སྣོད་པདྨ་འོད་ཀྱི་ཞིང་དུ་གྱུར། །ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད། །བརྟན་གཡོ་མཐའ་དག་དག་པ་ཆེན་པོར་ཤར། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་མངོན་གྱུར་ཤོག། །

༈ བརྒྱུད་གསུམ་བླ་མས་བྱིན་རླབས་གྲུ་ཆར་འབེབས། །ཡི་དམ་རྒྱ་མཚོས་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཚོགས་ཌཱ་ཀིས་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །དགེ་ལེགས་སྣང་བས་ས་གསུམ་འགེངས་གྱུར་ཅིག།


previousཞབས་བརྟན་སྐོར།next