མཁའ་འགྲོ་གསང་བ་ཀུན་འདུས་ལས་བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས། ཀརྨ་པ་མཁའ་ཁྱབ་རྡོ་རྗེ།
མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །གདོད་ནས་རྣམ་དག་རང་བྱུང་གསང་བའི་དབྱིངས། །བརྡལ་བ་ཆེན་པོ་ཆོས་རྣམས་འབྱུང་བའི་གནས། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་མོར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིག་གདངས་འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན། །མཁའ་ཁྱབ་ཞིང་དང་སྐུ་ཡི་བཀོད་པ་རྫོགས། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་སྟོང་རོལ་པ་རིགས་ལྔའི་ཕྱག་རྒྱར་བཞེངས། །སྲིད་ཞིའི་སྤྱི་དཔལ་གནས་གསུམ་མཁའ་འགྲོའི་གཙོ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧེ་རུ་ཀ་དཔལ་འཆི་མེད་རིག་འཛིན་ཚུལ། །བདུད་བཞིའི་འཇིགས་བཅོམ་བདེ་ཆེན་རྡོ་རྗེའི་སྐུ །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དབྱིངས་ཀྱི་ཡུམ་ཆེན་གསང་སྔགས་བཀའ་ཡི་མཛོད། །མཆོག་གི་གྲུབ་བརྙེས་བོད་འབངས་སྐྱོབ་པའི་མ། །བཀའ་དྲིན་མཉམ་མེད་ཡེ་ཤེས་ཌཱ་ཀི་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཚོ་རྒྱལ་དངོས་བྱོན་ཕག་མོས་བྱིན་གྱིས་བརླབས། །འཇའ་ལུས་མཆོག་གྲུབ་ཇོ་མོ་སྨན་མོར་གྲགས། །ཡེ་ཤེས་མཁའ་འགྲོ་པདྨ་མཚོ་སྐྱིད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེ་བཙུན་མོས་རྗེས་བཟུང་འབར་བ་དང་། །འདུ་བ་གསུམ་ཐོབ་བཀའ་བབས་བདུན་གྱི་བདག །
པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཁ་སྐོང་ནི། མཁའ་འགྲོ་རྒྱ་མཚོའི་གསང་བའི་མཛོད་འཆང་བ། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་འཕྲུལ། །པདྨ་གར་དབང་བློ་གྲོས་མཐའ་ཡས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཀུན་བཟང་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །འཁོར་འདས་ཆོས་ཀུན་སྣ་ཚོགས་རང་སར་གྲོལ། །འཆི་མེད་གྲུབ་པ་སྣང་མཛད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བརྒྱུད་པའི་ཁ་སྐོང་འདིའང་རང་གིས་ཐོབ་ཚུལ་ལྟར་ཆོས་ཀྱི་བློ་གྲོས་པས་སོ། །རྒྱལ་ཀུན་གསང་བ་མི་ཟད་རྒྱན་འཁོར་ལྔ། །གནས་གསུམ་མཁའ་འགྲོའི་ཚུལ་སྣང་ཐུགས་གསུང་སྐུར། །རྣམ་དག་དཀྱིལ་འཁོར་བཀའ་སྡོད་བཅས་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཕྱི་ནང་གསང་བ་དེ་ཉིད་རིམ་པས་སྨིན། །བསགས་དང་སྦྱངས་པས་རྒྱུད་དག་བྱིན་རླབས་ཕེབས། །གསལ་བ་གསུམ་ལྡན་བསྐྱེད་རིམ་ཚད་དུ་ཕྱིན། །རྣམ་སྨིན་རིག་འཛིན་ཚེ་འདིར་འགྲུབ་པར་ཤོག །གཏུམ་མོའི་གཞི་ཐིངས་སྒྱུ་ལུས་རྩལ་ཆེན་འབྱོངས། །འོད་གསལ་མངོན་གྱུར་རྨི་ལམ་གཏན་ལ་ཕེབས། །བསྲེ་འཕོ་བར་དོའི་ཉམས་ལེན་གདིང་ཐོབ་ཅིང་། །ཚེ་དབང་རིག་པ་འཛིན་པའི་སྐུ་བརྙེས་ཤོག །ཆོས་ཀྱི་ཕྱག་རྒྱས་བདག་བྱིན་བརླབ་པ་རྫོགས། །དམ་ཚིག་ལས་རྒྱས་རང་གཞན་ཐབས་ལམ་འབྱོངས། །ཕྱག་ཆེན་སློབ་པའི་འོད་གསལ་མཐའ་རུ་ཕྱིན། །རིགས་ལྔ་ཕྱག་རྒྱའི་རིག་འཛིན་མངོན་གྱུར་ཤོག །ལྟ་བས་ཀ་དག་ཆོས་སྐུར་ཐག་ཆོད་དེ། །སྒོམ་པས་སྣང་སྟོང་ལོངས་སྐུའི་ཉམས་ལེན་རྫོགས། །སྤྱོད་པ་བསྲེ་བ་སྤྲུལ་སྐུའི་རྩལ་འབྱོངས་ཏེ། །ལྷུན་གྱིས་གྲུབ་པའི་རིག་འཛིན་སར་འཁོད་ཤོག །གདོས་བཅས་དྭངས་མ་སྐུ་ཡི་རྡོ་རྗེར་དག །སྲོག་རྩོལ་དྷཱུ་ཏིར་གསུང་གི་རྡོ་རྗེར་རྫོགས། །ཐིག་ལེ་འཕོ་མེད་ཐུགས་ཀྱི་རྡོ་རྗེར་སྨིན། །ཡེ་ཤེས་བླ་མའི་ས་ལ་བྱང་ཆུབ་ཤོག །ཅེས་ཟབ་ཆོས་
འདི་ཉིད་བཀའ་བབས་ཀྱི་ལུང་མཆོག་ཐོབ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། སརྦ་ཐཱ་མངྒ་ལཾ།། །།མཁའ་འགྲོ་གསང་འདུས་བརྒྱུད་འདེགས་ཁ་སྐོང་ནི། །རབ་འབྱམས་མཁའ་འགྲོ་འདུས་པའི་ཆོགས་ཀྱི་རྗེ། །ཁྲག་འཐུང་བདེ་མཆོག་པདྨ་གར་གྱི་དབང་། །ཁྱབ་བདག་སྟོན་པ་གཡུང་དྲུང་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཀུན་གསང་བ་མི་ཟད་སོགས་སྦྱང་རོ། །ཞེས་པའང་མཁའ་ཁྱབ་རྡོ་རྗེས་སོ། །