Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་མོའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་མོའི་མདོ།next

དཔལ་ཆེན་མོའི་མདོ།

༄༅། །དཔལ་ཆེན་མོའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། མ་ཧཱ་ཤྲཱི་སཱུ་ཏྲ། བོད་སྐད་དུ། དཔལ་ཆེན་མོའི་མདོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས། འཕགས་པ་སྤྱན་རས་གཟགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡང་རུང་བས་དཔལ་ཆེན་མོའི་མིང་བཅུ་གཉིས་པོ་ཤེས་པ་དང༌། འཆང་བ་དང༌། ཀློག་པ་དང༌། འབྲི་བ་དང༌། འདྲིར་འཇུག་པ་དེ་ནི་དབུལ་བ་བོར་ཏེ་ཕྱུག་པོར་འགྱུར་རོ། །དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་དེ་ལྟར་གྱུར་ཅིག་ཅེས་ཀུན་ནས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ། དཔལ་ལྡན་མ། དཔལ་དཀྲིས་མ། པདྨའི་འཕྲེང་བ་ཅན། ནོར་གྱི་བདག་མོ། དཀར་མོ། གྲགས་པ་ཆེན་མོ། པདྨའི་སྤྱན། བྱེད་པ་མོ། འོད་ཆེན་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་སྦྱིན་མོ། དཔལ་ཆེན་མོ། །སྱད་ཡ་ཐེ་ད་ན། ཛི་ནི་གྲི་ནི། སརྦ་ཨརྠ་ས་དྷ་ནི། ཤ་ཤི་ན་ཨ་ལ་ག་ཤི་མ་ན། ནཱ་ཤ་ཡ། སིདྡན་ཏུ་མནྟྲ་པ་དཻ་སྭཱ་ཧཱ། །ཨོཾ་བི་གུ་ནི་བ་ར་མ་སུ་བྷ་གེ་སྭཱ་ཧཱ། གང་ལ་ལ་ཞིག་དུས་གསུམ་དུ་འདོན་པར་བྱེད་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །སྐལ་པ་བཟང་པོ་དང་ལྡན་པར་འགྱུར་རོ། །འབྱོར་པ་ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ། །དེ་ལ་ཐམས་ཅད་ཀྱིས་བུ་ལྟ་བུའི་འདུ་ཤེས་བསྐྱེད་དེ་དགའ་བར་འགྱུར་ཞིང་ཇི་ལྟར་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན། །ཚངས་པས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་ཆེན་མོའི་མདོ་རྫོགས་སོ།། །།སངས་རྒྱས་ཕལ་པོ་ཆེ་ལ་ཕྱག་འཚལ་ལོ། །ན་མོ་བུདྡྷ་ཡ། ཨོཾ་ན་མོ་བུདྡྷ་ཡ། ཨོཾ་དྷུ་ན་དྷུ་ན། ཨོཾ་དྷུ་ན་དྷུ་ན་མ་ཧཱ་བཱ་རི་ཡེ་སྭཱ་ཧཱ། ཕལ་ཆེན་གསུང་བསྒྲགས་པ་དང་མཉམ་པར་འགྱུར་རོ།། །།


previousདཔལ་ཆེན་མོའི་མདོ།next