Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་བཞི་པ།


   
   
   
   
  expand section
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱོར་བ་ཡན་ལག་དྲུག་པ།  དཔེ་མེད་བསྲུང་བས་མཛད།
   


 
previousསྦྱོར་བ་ཡན་ལག་དྲུག་པ། དཔེ་མེད་བསྲུང་བས་མཛད།next

སྦྱོར་བ་ཡན་ལག་དྲུག་པ།
དཔེ་མེད་བསྲུང་བས་མཛད།


DTG014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ཥ་ཌཾ་ག་ཡོ་ག །བོད་སྐད་དུ། །སྦྱོར་བ་ཡན་ལག་དྲུག་པ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀུན་ལ་སྒྲིབ་པ་སྲིན་གྲི་དྲ་བ་བསལ་བ་ལ། །རྣམ་རྟོག་རླུང་གི་གྲངས་རྣམས་མ་ལུས་ནུ་བ་གྱུར་པའི། །རང་གི་ནམ་མཁའི་མཁས་སུ་ཤར་བའི་འདོད་བཟང་ཅན། །འཛིན་རྟེན་དབང་ཕྱུག་ཟླ་བ་གང་བས་གསལ་གྱུར་ཅིག །གང་ཞིག་འཁོར་ཞིའི་དམིགས་པ་བྲལ་ཡང་དེ་དག་ལས་ནི་ཐ་དད་མེད་ཅིང་ཁྱབ་པའི་བདག །སྟོང་པ་ཡིན་ཡང་འདི་ནི་བརྩེ་བའི་རང་བཞིན་གནས་པ་ལས་ནི་འདས་ཀྱངས་དབང་ཕྱུག །རྟོག་ལྡན་རྣམས་ནི་མ་ལུས་བདེ་བ་རྒྱས་པར་བྱེད་ཀྱང་རྟོག་པ་སྤངས་ཤིང་འགྲོ་མེད་མགོན། །སེམས་དང་བྲལ་བ་འཆར་བ་འགའ་ཡིས་འགྲོ་བའི་སེམས་ལ་རྒྱན་དུ་བྱེད་གྱུར་ཅིག །ཅུང་ཟད་རྟོག་པའི་ཡངས་འཛིན་གདོན་བཞིན་ཉམས་པའི་ཆེད་དུ་འཛིན་པས་བཅིངས་པ་


DTG014_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དེ་གཏོང་བབ་ཅོལ་དུ་ནི་སྤངས་ཤིང་ཤིན་ཏུ་ཡུན་རིང་ཐར་པ་མེད་པར་ལྷུང་བ་ཀྱེ། །དེ་ལྟར་དམ་པའི་ལམ་ལ་བསླད་ལ་གང་གིས་ནམ་མཁའི་གཟུགས་བརྙན་སེམས་ལས་རྣམ་འདས་ཤིང༌། །མཁས་དང་བརྩེ་བའི་བདག་ཉིད་སྟོན་པའི་བླ་མ་མཆོག་ལ་དགའ་བས་རྟག་ཏུ་ཕྱག་འཚལ་ལོ། །དེ་ཕྱིར་རང་གི་རྟོག་པ་སྒྲོགས་པ་ཁོ་ན་དེ་ལྟ་བུར། །གྱུར་པ་བླ་མའི་བདག་ཉིད་ཆེན་པོ་སྒྲོགས་པ་སྟེ། །གང་ཕྱིར་འབར་བའི་གཟུགས་ཅན་མེ་ནི་མེད་པ་ནི། །དུ་བའི་རྩེ་མོ་ཡང་དག་འཕྱུར་བ་རྟོག་པ་མེད། །བདག་གི་རྟོག་པའི་ང་རྒྱལ་སྐྱོན་གྱི་རྒྱུན་མིན་ཏེ། །རབ་ཏུ་འཇུག་བྱེད་ཉིད་ཀྱིས་གཞན་དོན་སྒྲུབ་པར་བྱེད། །སྨྲ་བ་པོ་ལས་བརྗོད་པ་ངེས་པ་མེད་པ་ན། །སྐྱེ་བོ་འདོད་པ་འགྲུབ་པའི་ཆེད་དུ་ཇི་ལྟར་འཇུག །དྲང་དོན་རྟོགས་པས་ཁེངས་པའི་མཁས་པ་ལམ་རྣམས་སྤངས་པའི་སྔགས་པ་ངན་པ་རྣམས། །ཤེས་རབ་དམན་པ་ཉིད་ཀྱིས་སྒྲུབ་པའི་སྒོ་ནས་དགག་པ་རྣམས་ཀྱང་རིག་མི་བྱད། །རྡོ་རྗེ་འཛིན་དཔལ་བཀའ་ཡིས་འགྲོ་བ་གསུམ་རྣམས་དང་ཆེད་ཁྱབ་བདག་འཇམ་དཔལ་གྱིས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཉུང་ངུའི་རྒྱུད་ནི་རབ་ཏུ་གསལ་བའི་ཚིག་གིས་གསུངས། །གང་ལ་དཔལ་ལྡན་ཐུགས་རྗེ་ཆེན་པོ་བཅོམ་ལྡན་འཇིག་རྟེན་དབང་ཕྱུག་སྤྲུལ་པ་དེས། །ཐམས་ཅད་དོན་ཅན་ཤིན་ཏུ་གསལ་བའི་ཚིག་གིས་རྒྱས་འགྲེལ་དྲི་མ་བྲལ་འོད་མཛད། །དེས་གསལ་བྱས་པའི་སངས་རྒྱས་རིན་ཆེན་སྙིང་པོ་བསོད་ནམས་བདག་ཉིད་ལས་ཐོབ་ནས། །ངེས་པའི་དོན་གྱི་བདུད་རྩི་བསྟེན་པས་སྲིད་པའི་དུག་རྣམས་འཇོམས་བྱེད་དགའ་བར་བྱེད། །ཤེས་བྱའི་ཚོགས་རྣམས་ཀུན་གྱི་གཞི་རྟེན་བཅོམ་ལྡན་ཀུན་མཁྱེན་མཚན་གྱི་རྗེས་མཐུན་དང༌། །དམ་པ་དེ་ཉིད་རིན་ཆེན་ཆུ་གཏེར་གང་དུ་དབང་ཕྱུག་ལ་སོགས་རྩ་རུ་བཤད། །གང་དུ་ཤེས་རབ་ཕ་རོལ་ཏུ་ཕྱིན་པའང་མཐའ་དག་འདུ་བའི་རྣམ་རྟོག་ལྗོན་ཤིང་རྣམས། །རབ་ཏུ་འཇིག་བྱེད་ནམ་མཁའ་ལས་བྱུང་སངས་རྒྱས་དག་པའི་བདག་ཉིད་སྐྱེད་བྱེད་མའོ། །དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པ་མིག་འབྱེད་ལ། །ཐུགས་རྗེ་ཆེན་པོ་རྒྱས་པས་བརླན་པ་བསམ་


DTG014_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྟེན་ཟ་ལས། །ཡོད་དང་མེད་དང་གཉིས་ཀ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་འཆར། །དེ་ལྟར་རྫོགས་པའི་རིམ་པ་གསལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་ལམ་སྒོམ་པའི་རྗེས་སུ་མཐུན་པ་དཔལ་དང་ལྡན་པའི་རྒྱུད་དང་པོའི་སངས་རྒྱས་ལ་སོགས་པ་གསུང་རབ་རིན་པོ་ཆེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་པར་བྱེད་པ་རྣམས་ཡང་དག་པར་བསྡུ་བར་བྱའོ། །གང་སངས་རྒྱས་རིན་ཆེན་ཟ་མ་ཏོག་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་སུ་གསུངས་པ། གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང༌། །ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་ནི་མི་འདོད་དེ། །འགྱུར་བ་མེད་པས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་རྣམས་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་པར་བྱེད་པ་ལ་མངོན་པར་དགའ་བའི་རྣལ་འབྱོར་པ་བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་ཡོངས་སུ་སྤངས་པ་དུ་བ་ལ་སོགས་པའི་མཚན་མ་ཡོངས་སུ་བསྒོམས་པ་ལས་དང་པོ་པ་དབུ་མ་རྣམ་པར་སྦྱངས་པ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་བཅིངས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། བུ་དང་ཆུང་མ་ལ་སོགས་པ་དང་རང་གི་ལུས་ལ་ལྟོས་པ་མེད་པ། །ཚོགས་གང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་དུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞིས་རྣམ་པར་གནས་པ། ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་མངོན་པར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་གནས་པར་འདོད་པ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ཁམས་ལ་རྣམ་པ་


DTG014_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་པ་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་མ་སྐྱེས་པའི་ཆོས་ངེས་པར་མཐོང་བ། རང་གི་སེམས་ཀྱིས་སྤྲོས་པའི་སྣང་བ་རྙན་ནམ་མིག་ཡོར་རྨི་ལམ་དང་མཚུངས་པ་ཉིད་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་བས་སྟོང་པ་ཆད་པའི་སྟོང་ལ་ཉིད་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོའི་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ལམ་གཅིག་ཏུ་མཁས་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི་འདོད་དོ་ཞེས་པའོ། །དེ་བཞིན་དུ། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཞི་ལ་རབ་ཏུ་དབྱེ་བའི་བཅུ་དྲུག་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པས་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་ནི། །དེ་ཁོ་ན་ཡི་སྒྲུབ་ཐབས་གཞན་ཡོད་མིན། །ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་སྣང་བར་རྟོག་པ་ཡི། །བསྒོམ་བའི་ཐབས་རྣམས་ཀྱིས་ནི་མི་མཐོང་སྟེ། །དེ་ཉིད་དུ་འདི་ལ་ལ་ནཱ་དང་ནི། །རོ་མ་གཅིག་ཏུ་སྦྱོར་བ་མཐོང་བར་འགྱུར། །དུ་བ་ལ་སོགས་མཚན་མ་རྣམས་ཀྱང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འགག་པ་དང༌། །རིག་མའི་བརྟུལ་ཞུགས་ཀྱིས་ནི་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་ཅེས་པ། །མངོན་པར་སྒྲུབ་པ་འམ་ཕོ་ཉ་མོ་ཀུན་ཀྱི་། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་འཐོབ་འགྱུར། །གཟུགས་ལ་སོགས་པ་རྟོག་པར་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་


DTG014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །གང་རྣམས་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་གྱི་བྱ་བ་དགེ་བརྟག་བརྩོན་པའི། །སློབ་མ་དག་པ་རྣམས་ལ་ལམ་རྣམས་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ལམ་བཟངས་རིན་ཆེན་འདི་ནི་བག་མེད་ཀྱི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་རྣམས་སུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ན། །ལམ་བཟངས་རིན་པོ་ཆེ་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །བརྫུན་དང་ཚིག་རྩུབ་དང་ནི་ཕྲ་མ་དང༌། །འཁྱལ་བར་གྱུར་པའི་ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང༌། །གསོད་འཁུ་དབང་པོ་ཀུན་ནས་ཆགས་པ་སྟེ། །ཆོམ་རྐུན་ལྔ་པའི་ལྔ་པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་དང་སྣ་ཚོགས་པའི། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང༌། །རྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །གང་ཕྱིར་རང་ཉིད་རྟོག་པ་པོ་མིན་པ། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་པ་མིན་ཞེས་པའི། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་རྣམས་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་རྣམས་ཀྱིས་ནི་རྣམ་དག་ངག་རྣམས་ཀྱིས། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡིན། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟངས་རིན་ཆེན་སློབ་མ་རྣམས་ཀྱིས་ནི། །ཆོམ་རྐུན་རྩལ་གཡོངས་སུ་གཏང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །དཔའ་བོའི་རིམ་པ་བདག་


DTG014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་པ་ཡི། །རིམ་པའང་ཐར་བའི་ཆེད་དུ་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །མཚམས་མེད་ལྔ་པོ་བྱེད་པ་རྣམས་ཀྱང་ནི། །དབང་བསྐུར་དོན་ནི་བདེ་བ་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དུ་ནི། །རྒྱལ་བའི་དབང་པོས་ཡང་དག་གཟུང་བར་འགྱུར། །དཔའ་བོའི་རིམ་ནི་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། །བདག་བྱིན་རླབས་པའི་རིམ་པ་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་གྱུར་པའི་མིག །འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་བུ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་ཤིང་ཉམས་ལས་ཡང་དག་འབྱུང་བ་བཞིན། །སྡིག་སྲིན་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བདེ་རྣམས་དེས་ཉམས་བྱེད། །དེ་བཞིན་རྣལ་འབྱོར་རྣམས་ཀྱི་སེམས་དེས་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པར་འགྱུར། །གཉིས་མེད་གཡོ་བ་མེད་དང་གཉིས་རྟོག་མེད། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་ལས་འདས་པ་དང༌། །ཡེ་ཤེས་དང་ནི་སེམས་པ་ཀུན་ཏུ་བཟང༌། །སྒྲ་འཐབ་མེད་དང་སྒྲ་ཆེ་པ་དང་ནི། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། །ཤེས་རབ་ཐབས་ཀྱི་བདག་ཉིད་རྣལ་འབྱོར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད་བདེ་གཤེགས་རྣམས་ཀྱིས་བ་སྟེན་ཞིང་བརྟན་པ་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་ཀུན་གྱིས་ཡང་དག་བསྡུས་གྱུར་པའོ། །དང་པོར་ཡང་དག་བསྟེན་པར་བྱ་བ་བླ་མའང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་པ་ལྷག་པར་གནས། །དེ་ཁོན་ཉིད་སྒོམ་ཞིང་མ་ཆགས་དྲི་མ་རྣམ་བྲལ་བཟོད་པའི་ངང་ཚུལ་ལམ་ལ་འཇུག །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །


DTG014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་གཉིས་འདིར་འགྱུར་ཏེ། །མངོན་སུམ་དེ་ཁོ་ན་ཉིད་སྦྱོར་ལས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཁོ་ན་ཉིད་མིན་པས་རྟག་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་སྒོམ་པའི་དོན། །འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམས་ཀྱི་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་རྨི་ལམ་དང་སྒྱུ་མ་དང་མཚུངས་པའོ། །འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་གཟུགས་བརྙན་མཐོང་ངོ༌། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ༌། །དེ་ནས་འདོད་ཆགས་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང༌། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་ཆེད་དུ་གསུངས་ཏེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་དམུས་ལོང་ངོ་ཞེས་པ་དེ་ཁོ་ན་ཉིད་སྒོམ་པའི་ངེས་པའོ། །དེ་ཁོ་ན་ཉིད་མ་ཡིན་པའི་སྒྲུབ་པར་བྱེད་པ་ལ་མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་པའི་ལུས་བཞིན། དེ་ཁོ་ན་ཉིད་མིན་པས་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བར་བྱ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ་བར་བྱ་སྟེ། བྱིས་པའི་རྣལ་


DTG014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དམན་པ་རྣམས་ཀྱི་སྒོམ་པའི་དོན་ངུའོ་ཞེས་པ་རྣམ་པར་རྟོག་པ་སྒོམ་པའི་ངེས་པའོ། །བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱི་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར། དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་འཕོ་བ་མེད་པའི་ཕ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། །འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོགས་བསྙེན་པ་བྱས་ཏེ། ཕྱི་རོལ་དུ་བདུད་རྩི་ལྔ་ནི་བཤད་བ་ལ་སོགས་པའོ། །སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ། ལྷ་མཉེས་པའི་དོན་དུ་དེ་རྣམས་ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །སོགས་པའི་སྒྲས་ནི་དབང་པོ་ལ་རྣམས་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། །ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་བཤང་བ་ལ་སོགས་བ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། །ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་ལོངས་སྤྱོད་ཀྱི་བདེ་བ་ལ་ལྟོས་པ་མེད་པ་སྟེ་ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་པའི་དོན་ཏོ། །འདིས་ལྷ་མཆོག་སྦྱིན་པར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཆགས་པས་ནི་མ་ཡིན་ནོ་ཞེས་སོ། །སྔགས་ཀྱི་བཟླས་པ་སོགས་ཀྱིས་ཞེས་པ་ལ། །འདིར་སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་སྲོག་སྡོམ་པ་སྟེ། སོགས་པའི་སྒྲས་ནི་དབྱུང་བ་དང་དགང་བ་དང༌། བུམ་པ་ཅན་གྱི་རྣལ་འབྱོར་ནི་རྟག་ཏུ་བསྙེན་པའོ། །དེས་ལྷ་མཆོག་སྟེར་བར་འགྱུར་གྱི་སྲོག་མ་བསྡམས་པས་ནི་མ་ཡིན་ནོ་ཞེས་པ་ནི་ངེས་པའི་དོན་ཏོ། །དྲང་དོན་གྱིས་བགྲང་ཕྲེང་ལ་སོགས་པས་བཟླས་པ་ལ་སོགས་པ་བྱ་སྟེ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུའོ། །ད་ནི་ཉེ་བའི་བསྒྲུབ་པ་བརྗོད་པར་བྱ་སྟེ། །སོ་སོར་ཞེས་པ་ལ་སོགས་པས་སོ་སོར་སྡུད་པ་ཞེས་པ་ལ་འདིར་འཁོར་བ་རྣམས་ཀྱི་སྡུད་པ་མིག་


DTG014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པར་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་གཟུགས་ལ་མིག་ལ་སོགས་པ་གཞན་རྣམས་ཀྱིས་ཡུལ་འཛིན་པ་ནི་ཉེ་བའི་བསྒྲུབ་པའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་སྟེ། རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་བསྒྲུབ་པ་སྟེ་ངེས་པའི་དོན་གྱིས་སོ། །དྲང་བའི་དོན་གྱིས་ནི་ཕྱི་རོལ་དུ་ལྷ་སྤྲོས་པས་སོ་ཞེས་པ་ཉེ་བའི་སྒྲུབ་པའོ། །ད་ནི་སྒྲུབ་པ་གསུངས་པ། དགའ་བ་ཞེས་པ་ལ་སོགས་པ་སྟེ། འདིར་དགའ་བ་ལ་སོགས་པ་རྣམས་ཀྱིས་རྡོ་རྗེ་གསུམ་པོ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་ཏེ། དེ་རྣམས་ཆུ་སྐྱེས་སུ་རོ་མཉམ་པར་གྱུར་པ་སྒོམ་པ་བསྒྲུབ་པར་འགྱུར་ཏེ་སྙིང་ག་དང་ལྟེ་བ་དང་གསང་བར་ཐིག་ལེ་རྣམས་གནས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་སྦྱར་ལ་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་འགྱུར་བ་དེའི་ཚེ་སྒྲུབ་པ་ཆེན་པོ་སྟེ། ཕྲ་མོའི་རྣལ་འབྱོར་ལས་ནི་ཞེས་པ་ངེས་པའི་དོན་གྱིས་སུ་ཤུ་མ་ནའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་ངེས་པའི་དོན་གྱིས་བསྒྲུབ་པ་ཆེན་པོར་བརྗོད་པར་བྱའོ། །དྲང་བའི་དོན་གྱིས་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་སྣའི་རྩེ་མོར་ཡུངས་ཀར་ལ་སོགས་པའོ་ཞེས་པ་ངེས་པའོ། །དེ་ལྟར་བསྒྲུབ་པ་ཆེན་པོར་འགྱུར་རོ། །དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་ཡང་དག་འཛིན། དེ་ནས་གཟུགས་རྣམས་བསྐྱེད་ཅིང་རབ་མཆོག་རོ་ཡི་རིག་རྣམས་ཀྱིས་ནི་ཡི་གེ་འགོད་པ་ཉིད། །འདི་ཅིའི་བསྙེན་པ་ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་བསྒྲུབ་པའི་འབྲིང་པོ་ཡང༌། །འདིར་ཐབས་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་བསྒྲུབ་པའི་ཡན་ལག་དེ་བཞིན་ཉིད། །དིར་བསྐྱེད་པའི་རིམ་པས་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་བྱ་བ་ནི་སྲོག་ཆགས་རྣམས་ཤི་བའི་མཐར་ཕུང་པོ་ཡོངས་སུ་དོར་ཞིང་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོའི་འཛིན་པ་ལས་པར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་གཅིག་པོ་སྲིད་པ་གསུམ་མཐོང་བ་ནི་སྟོང་ཞེས་བརྗོད་པར་བྱའོ། །ངེས་པར་གདོན་མི་ཟ་བར་རོ། །སྐད་ཅིག་དེ་ཡི་ཕྱི་ནས་ཟླ་བ་ཐིག་ལེ་ཡང་དག་


DTG014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཞེས་པ་འདིར་ཀུན་གཞི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ནི་ཡང་དག་འཛིན་ནོ། །དེ་འོག་ཏུ་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་གཟུགས་རྣམས་བསྐྱེད་པ་ཞེས་བྱ་བ་ནི་ཟླ་བ་བདུན་པ་རྣམས་ཀྱིས་མངལ་རྫོགས་པ་སྟེ། ལུས་རྫོགས་པའོ་ཞེས་པའི་དོན་ཏོ། །དེ་ནས་རབ་མཆོག་རོ་ཡི་རིགས་རྣམས་ཀྱིས། །ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་དགོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ་ཞེས་པའོ། །དེ་བཞིན་དུ་ལྷའི་རྣལ་འབྱོར་ལ་ཡང་བརྟགས་པའི་བདག་ཉིད་བསྒོམ་པར་བྱ་སྟེ་ལས་དང་པོ་པས་སོ། །འདི་ནི་སྤྱིའི་བསྙེན་པའོ། །ཆུའི་གཏེར་རྣམས་ཀྱིས་ཞེས་པ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྫོགས་པ་རྣམས་ཀྱིས་བསྒྲུབ་པ་འབྲིང་པོ་ཡང་སྟེ་སྲོག་རྫོགས་པའོ། །འདིར་ཐབས་རྣམ་བཞིར་འགྱུར་ཏེ་ཞེས་པ་བསྙེན་པའི་ཡན་ལག་དང་ཉེ་བའི་སྒྲུབ་པའི་ཡན་ལག་ལ་དམན་པ་དང་བརྟན་པའོ། །སྒྲུབ་པའི་ཡན་ལག་ལ་དེ་བཞིན་ཁོ་ནར་ལོ་བཅུ་དྲུག་གི་མཚམས་སུའོ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་སྐྱེས་པའི་བྱིས་པའོ། །སོ་སྐྱེས་པས་འབྲིང་པོའི་བྱིས་པའོ། །སོ་ལྷུང་ནས་གཞོན་ནུའོ། །སླར་ཡང་སོ་སྐྱེས་ནས། ལོ་བཅུ་དྲུག་གི་རྗེས་ལ་དར་མ་སྟེ་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་ནི་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་གཟུགས་རྫོགས་པར་བརྗོད་པར་བྱ་སྟེ། །འདིར་དང་པོ་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ནས། ཟླ་བ་ཐིག་ལེ་ཡང་དག་འཛིན། །ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་རྣམས་བསྐྱེད་ཅིང་ཞེས་པ་དང༌། ཐིག་ལེ་དེ་ནས་སྣ་ཚོགས་གཟུགས་མཐོང་བ་ནི་གཟུགས་སྐྱེ་བའོ། །རབ་མཆོག་རོ་ཡི་རིགས་རྣམས་ཀྱིས། །ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ཞེས་པ་ནི་ཉི་ཚེ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ། །དེའི་ཕྱིར་ས་ཐོབ་


DTG014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དམན་པ་ལ་སོགས་པའི་དབྱེ་བས་འགྱུར་ཏེ། །ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །དེའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་སོ། །དེ་བཞིན་དུ་སྟོང་པར་དུ་བ་ལ་སོགས་ལམ་དུ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་བའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པའང་བྱེད་པ་སྟེ། །ཕྱི་ནས་བཟླ་བའི་འགོག་པ་བཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་སོ། །ལམ་གྱི་རྒྱལ་པོ་འདི་སྒོམ་པའི་རིམ་པའི་མན་ངག་མཆོག་གི་དད་པོའི་སངས་རྒྱས་སུ་གསུངས་པ། འདི་ལྟ་སྟེ། །དུ་བ་ལ་སོགས་བསྒོམ་ནས་ནི། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱངས་པ་བྱས་ནས་ནི། །མཆོག་ཏུ་མ་འགྱུར་བསྒྲུབ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་གི་ཐིག་ལེར་གཞུག་པར་བྱ། །འཁོར་ལོར་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེ་དང་འགྲོགས་པ་ཡི། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །རྣམ་པ་གཞན་དུ་ན། ཤེས་རབ་མ་དང་འགྲོགས་མི་བྱ། །ཇི་སྲིད་བཅུ་ནི་མ་ཤར་བར། །རྣལ་འབྱོར་པ་ནི་ཕྱིའི་གཡེང་བ། །ཡོངས་སུ་ཆད་ནས་མཚན་མ་རྣམས། །སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཏེ་རྣམ་པ་བཅུའོ་བསམ་གཏན་མི་སྐྱོང་བ་ཉིད་དོ། །སྲོག་རྩོལ་ཡང་ནི་རལ་གྲི་ཅན་ནོ་སླར་ཡང་རྣམ་བཅུའོ་འཛིན་པ་ཕྱག་རིན་ཆེན་ཉིད། །གཡུང་མོལ་ནི་རྗེས་སུ་དྲན་པ་པདྨ་འཛིན་འགྱུར་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་ཀྱིས་ཕྱེ་བའོ། །སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་རྣམས་རག་ཏུ་འཇུག་པ་མེད་པའོ། །བསམ་གཏན་ཡང་ནི་ཤེས་རབ་རྟོག་དཔྱོད་དགའ་དང་གཡོ་མེད་བདེ་བ་


DTG014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩེ་གཅིག་པའོ། །སྲོག་གི་རྩོལ་བ་ཡང་ནི་ལམ་ནི་གཉིས་པོ་ཉམས་ཤིང་དབུ་མར་སྲོག་ནི་ཞུགས་པར་འགྱུར། །ཐིག་ལེར་སྲོག་རབ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་སེམས་རྩེ་གཅིག་པ་འཛིན་པའོ། །གཏུམ་པོའི་སྣང་བ་གང་ཞིག་ངེས་པར་ལུས་དང་ནམ་མཁའ་ལ་ཡང་འགྱུར་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་སྒྲུབ་ཐབས་རྣམ་གསུམ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་སྤྱོད། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་བྲལ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བདག་པོ་སྦྱོར་བས་གདབ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་འགྱུར་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པ་ཡང་དག་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་འགྲུབ་བོ། །སོ་སོར་སྡུད་པ་སོགས་ཀྱིས་གལ་ཏེ་སྔགས་པ་སོགས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུའི་སྟོབས་ཀྱིས་ཐིག་ལེ་བཀག་ནས་བསྒྲུབ། །བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བས་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་བསྒྲུབ་ལ་ཡན་ལག་དྲུག །ཤེས་པ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་བསྒྲུབ་པ་ལ། །བདེ་བ་མི་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་བསྒྲུབ་པ་ཆེན་པོ་ལའོ། །ད་ནི་རྣལ་འབྱོར་ཡན་ལག་དྲུག་བརྗོད་པར་བྱ་སྟེ་སོ་སོར་སྡུད་པ་ཞེས་སོ། །ལས་དང་པོ་ལ་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་


DTG014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པ་བཅུ་སྟེ། དུ་བ་དང༌། སྨིག་རྒྱུ་དང༌། མཁའ་སྣང་དང༌། མར་མེ་དང༌། འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་དང༌། ཆ་དང༌། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་བའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་པ་ཉིད་དེ་རྣམ་པར་ཤེས་པའི་ཕུང་པོའོ། །རྣམ་པ་བཅུ་ནི་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་ནོ། །སྲོག་རྩོལ་ཡང་ནི་རལ་གྲི་ཅན། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་པ་ཚོར་བའི་ཕུང་པོ་སྟེ། སྲོག་གི་འཛིན་པ་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་དང༌། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་ཞེས་པ་འདུ་ཤེས་ཀྱི་ཕུང་པོའོ། །གཡུང་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་བཅུ་སྟེ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཏེ་རྣམ་པར་སྣང་མཛད་དོ། །ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གང་དག་གི་ཕྱིར་རླུང་རྣམས་མི་འབབ་པས་སོ་ཞེས་པའི་དོན་ཏོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། སོ་སོར་ཞེས་པ་ལ་སོགས་པའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པ་ལས་རྣམ་པར་ཤེས་པ་མི་འཇུག་པ་སྟེ། །སྟོང་པ་ཉིད་ཀྱི་ཡུལ་རྣམས་ལ་མིག་ལ་སོགས་པ་གཞན་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ལྟ་བ་དང༌། རྟོག་པ་ཞེས་པ་དངོས་པོ་འཛིན་པ་དང༌། དཔྱོད་པ་ཞེས་པ་དེའི་དོན་ངེས་པར་བྱེད་པ་དང༌། དགའ་བ་ཞེས་པ་གཟུགས་ལ་ཆགས་པ་དང༌། གཡོ་མེད་བདེ་བ་ཞེས་པ་གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་དང༌། འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །


DTG014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྲོག་གི་རྩོལ་བ་ཞེས་བྱ་བ་ཡང་ནི་གཉིས་པོ་ཞེས་པ་གཡོན་པ་དང་གཡས་པའི་ལམ་ཉམས་པ་སྟེ་འགོག་ཅིང་དབུ་མའི་ལམ་དུ་འཇུག་པའོ། །དེ་ཡང་དཀྱིལ་འཁོར་ལས་འགོག་པ་ལས་རྣམ་པ་བཅུའོ། །འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་རབ་ཏུ་འཇུག་པ་གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་འགྲོ་བ་དང་འོང་བ་འཛིན་པ་སྲོག་དཔྲལ་བར་འཛིན་པས་སེམས་རྩེ་གཅིག་པ་ཞེས་བྱ་བའོ། །གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལས་གྱུར་པ་དེ་ནི་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུ་ནི་སྔར་གསུངས་ཟིན་ཏོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པ་ཉིད་ཀྱིས་ཏེ། འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཏོ། །དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །དེ་ལྟར་རྣལ་འབྱོར་ཡན་ལག་དྲུག་གི་སྒྲུབ་བྱེད་དོ། །འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ། །ཞེས་པ་ནི། རྣམ་གསུམ་བགྲོད་པའི་དབང་གིས་ཏེ། །འདིར་བྱང་ཆུབ་ཀྱི་སེམས་འགྱུར་བའི་བགྲོད་པ་ནི་དམན་པའི་གནས་སྐབས་སོ། །གཡོ་བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་སོ། །མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་ལྟར་ལས་ཀྱི་ཕྱག་རྒྱ་ནི་འགྱུར་བའི་བདེ་བ་སྦྱིན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་པའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་ཆེད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ་ཞེས་པའོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་བརྗོད་པར་བྱ་སྟེ། སོ་སོར་ཞེས་པ་ལ་སོགས་པའོ། །འདིར་གང་གི་ཚེ་རྣལ་འབྱོར་པ་སོ་སོར་སྡུད་པ་གཟུགས་བརྟན་པར་གྱུར་པས་རྣམ་པར་དག་པར་འགྱུར་བ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྟེར་བར་བྱེད་དོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་


DTG014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་མིའི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་པ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་སྟེ་བསམ་གཏན་རྣམ་པར་དག་པ་ལ་འགྱུར་རོ། །སྲོག་གི་རྩོལ་བས་དག་པ་ཞེས་པ་ནི་འདིར་གང་གི་ཚེ་རྣལ་འབྱོར་པ་ཉི་མ་རི་བོང་ཅན་གྱི་ལམ་དང་བྲལ་ཏེ། རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི་ཚེ་སྲོག་གི་རྩོལ་བས་དག་པར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་གཟུགས་གཟུང་བ་ལ་འཛིན་པའི་སེམས་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་གི་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་འདྲེས་པར་འགྱུར་བས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ནི་གཟུགས་ལ་འཁྱུད་པའི་སེམས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་དེ་དེ་ལ་ས་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་འོད་ཟེར་ལྔ་འཕྲོ་ཞིང་ཡེ་ཤེས་གཟུགས་ལས་ཞེས་པ་སྟོང་པའི་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་དག་པ་ན་ཞེས་པ་འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་ཉིད་ཀྱིས་འགྱུར་བ་མེད་པའི་བདེ་བར་གྱུར་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་དུ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་དེ་ལས་དག་པ་དྲི་མ་མེད་པ་ཉིད་དུ་གྱུར་པ་ནི་ཉིན་ཞག་ཉུང་ཟད་རྣམས་ཀྱིས་ཞེས་པ་ཕྱོགས་གསུམ་དང་ལོ་གསུམ་རྣམས་ཀྱི་ཡེ་ཤེས་ལུས་ནི་གྲུབ་པར་འགྱུར་ཞེས་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ལྟར་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ། །ད་ནི་སྟོབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་གཟུགས་མཐོང་བར་འགྱུར་བ་ན་སྲོག་མ་བསྡམས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མི་སྐྱེ་བ་དེའི་ཚེ་ནཱ་ད་གོམས་པར་འཆད་པར་འགྱུར་བའི་སྟོབས་ཀྱིས་སྲོག་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་རྡོ་རྗེ་ནོར་བུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགོག་པ་ལས་མི་གཡོ་བས་མི་འགྱུར་བའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་པ་སྟོབས་ཀྱི་རྣལ་འབྱོར་རོ། །ནཱ་ད་གོམས་པ་ནི་འདི་ཉིད་


DTG014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲུབ་ཐབས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། །ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡིན་མཐར་འགྲོ་བ། །དེ་ནི་ལྟེ་བར་ཡང་དག་བཀག་ནས་གློག་གི་མེ་དང་མཚུངས་པའི་དབྱུག་པའི་གཟུགས་ཅན་ལངས་པ་ལས། །འཁོར་ལོ་ལས་ནི་འཁོར་ལོ་གཞན་དུ་ངེས་པར་དལ་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུ་པར་སྟོབས་ཉིད་ཀྱིས་ནི་ཕྱི་རོལ་པགས་པ་ལ་ནི་ཁབ་བཞིན་རེག་པར་བྱེད། །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་ནི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་ཕ་རོལ་གྲོང་དུ་འགྲོ་བར་འགྱུར། །འདི་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ཡུམ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པའི་ཆེད་དུ་ལྟ་སྟངས་བརྗོད་པར་བྱ་སྟེ། བསྙེན་པ་ཞེས་པ་ལ་སོགས་པའོ། །འདིར་བསྙེན་པ་ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་སྒོམ་པ་ན་སྟེ། བསྙེན་པ་དེ་ལ་དང་པོའི་རྣལ་འབྱོར་ནི་སེམས་ཀྱི་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་ཡིད་ཆེས་པར་བྱེད་པ་རྣམ་པ་བཅུར་འགྱུར་ཏེ་ངེས་ན་རྣམ་པ་བཅུའོ། །དེ་ནི་འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་ཞེས་པ་མིག་མི་འཛུམས་པར་སྟེང་དུ་ལྟ་བས་མཚན་པར་འགྱུར་ཏེ། མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང། ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ། དེ་ལ་གཟུགས་ཀྱི་མཐར་ཐུག་བ་སོ་སོར་སྡུད་པ་དང་བསམ་གཏན་གྱི་བསྙེན་པའི་ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བས་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེ་ལྟ་བས་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བའི་གནས་སུ་སོན་པའོ། །ལྟ་སྟངས་དེས་ཏེ་བགེགས་མཐར་བྱེད་ཀྱི་བདུད་རྩིའི་ལམ་དུ་སོན་པས་ཉེ་བའི་སྒྲུབ་པ་ལ་ཡན་ལག་དྲུག་གོ །ཀྱང་ཡིག་ལས་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གི་གཟུགས་མཐོང་བར་གྱུར་པ་ན་ཉེ་བའི་བསྒྲུབ་པའོ། །ཤེས་རབ་ལ་སྤྲོ་


DTG014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཐིག་ལེ་ཞེས་པ་འདིར་ཤེས་རབ་ཀྱི་ཆགས་པས་སྤྲོས་པ་ཡང་འདི་ཡིན་ལ། ཟླ་བ་ཐིག་ལེ་ཡང་ཡིན་པ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུ་སོན་པ་དེའི་ཡང་གསང་བ་དང་ལྟེ་བ་དང་སྙིང་གར་འགྱུར་མེད་གསུམ་དུ་གྱུར་པ་གང་ཡིན་པ་དེ་ནི་སྒྲུབ་པའི་ཡན་ལག་ལ་ཞེས་པ་གསུམ་སྒྲུབ་པའི་ཡན་ལག་ལ་འགྱུར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་བྱ་བ་ལ། འདིར་བདེ་བ་མ་ཉམས་པས་བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་བརྗོད་པར་བྱ་སྟེ། ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་བསྒྲུབ་པ་ཆེན་པོ་ལ་ཞེས་པ་སེམས་ཀྱི་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་བསྒྲུབ་པ་ཆེན་པོའི་ཡན་ལག་སྟེ་བཞི་པའོ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་ལ་ནི་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་སྟེ་མཁའ་ལ་གནས་པ་ནི། །སེམས་ཀྱི་རང་བཞིན་འགྲོ་བ་དུ་མའི་ངོ་བོའི་སེམས་ལ་འཁྱུད་པར་བྱེད་དོ་དེ་ནི་གཅིག་པུའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། །ལུས་ལ་འདོད་ཆགས་ལ་སོགས་ཀྱང་སྟེ་རྣལ་འབྱོར་པ་ལ་ལོ་ཡི་སྦྱོར་བས་བདེ་བ་མ་ཉམས་སྟེར་བར་བྱེད། ཤེས་རབ་ཡེ་ཤེས་ཀྱང་སྟེ་སེམས་དང་དེ་ཡི་སྣང་བ་ཉིད་ནི་རྣམ་པ་བཅུ་པོར་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་གཟུགས་བརྙན་ལྟ་བུར་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པ་དེ་ནི་དཔལ་ལྡན་བླ་མའོ། །འདིར་ཤེས་རབ་ཡེ་ཤེས་ནི་གྲངས་བཞིན་དུ་འཛིན་པར་བྱེད་པའི་སེམས་དང་སེམས་ཀྱི་གཟུང་བར་བྱ་བ་གང་ཡིན་པ་དུ་བ་ལ་སོགས་པ་རྣམ་


DTG014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་པོ་སྟེ་མེ་ལོང་གི་སྣང་བ་པྲ་ཕབ་ལྟ་བུ་དེ་ཉིད་ནི་ཡེ་ཤེས་ཏེ་གཟུང་བར་བྱ་བའི་སེམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་རང་གི་མིག་དང་གཟུགས་བརྙན་ནི་མིག་དང་གཟུང་བར་བྱ་བ་ཡིན་པ་དེ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱང་སྟེ་དབང་བསྐུར་འདི་ལ་ཞུགས་པ་གང་ཡིན་པ་ཞེས་པ་ནི་འདིར་འཛིན་པར་བྱེད་པའི་སེམས་ཀྱི་གཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའོ། །ཡན་ལག་དྲུག་ལ་སོ་སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་ཞུགས་པ་ཞེས་རྗོད་པར་བྱེད་དོ། །གང་ཞུགས་པ་དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་མི་འགྱུར་ཉིད་ནི་བཞི་པ་སྟེ། བདེ་བ་བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་པའི་དོན་ཏོ། །དགོད་པ་དང༌། ལྟ་བ་དང། འཁྱུད་པ་དང༌། ལག་བཅངས་ཏེ། གཉིས་གཉིས་འཁྱུད་པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སོ་སོར་སྣང་བའོ་ཞེས་པའོ། །སངས་རྒྱས་ཞལ་འདི་སྟེ་ཡེ་ཤེས་ཀྱི་ཞལ་སློབ་དཔོན་གང་གི་སྙིང་ལ་གནས་པ་ཞེས་པ་མྱངས་ཤིང་རང་གིས་ཉམས་སུ་མྱོང་བ་དང༌། སློབ་མ་རྣམས་ལ་རྟོགས་སུ་གཞུག་པའི་ཆེད་དུ་དུས་ཐམས་ཅད་དུ་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ་ཞེས་པའི་དོན་ཏོ། །གཞན་དབང་པོ་གཉིས་ཀྱི་བདེ་བ་རྟོག་པར་བྱེད་པ་པོ་རྣམས་ནི་མ་ཡིན་ནོ་ཞེས་པའོ། །ནམ་མཁར་ཀུན་ནས་ཆགས་པའི་སེམས་ཀྱིས་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་དྲི་མ་མེད་པའི་མཁའ་སྣང་རབ་གསལ་ཉིད་དང་མར་མེ་དང༌། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་ཡེ་ཤེས་གཟུགས་ནི་ཡུལ་དང་རྣམ་པ་དང་བྲལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ད་ནི་རང་གི་སེམས་འདིའི་རང་གི་སྣང་བ་ལ་རབ་ཏུ་ཞུགས་པ་གསུངས་ཏེ། ནམ་མཁར་ཞེས་པ་ལ་སོགས་པའོ། །འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་


DTG014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་ཏེ། ནམ་མཁའ་ལ་དང༌། བླ་གབ་མེད་པའོ། །གང་ཞིག་ནམ་མཁའ་ལ་རྣམ་པར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁང་པར་མུན་པ་ལ། ནམ་མཁའ་ཀུན་ནས་ཆགས་པའི་སེམས་དང་མིག་གི་འཛུམས་ཤིང་རྡོ་རྗེའི་ལམ་དུ་ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ཀུན་ནས་ཞེན་པའི་སེམས་དང་མིག་གི་འཛུམས་ཤིང་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །ཞེས་པ་ནི་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ༌། །དེ་ནས་ནམ་མཁའ་སྤྲིན་མེད་པ་ལྟ་སྟེ། ནམ་མཁའ་དེ་ལ་ཉིན་མོའི་རྣལ་འབྱོར་གྱིས། །ནམ་མཁའ་ལས་བྱུང་རབ་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་སྟེ། སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ་འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ཟླ་བའི་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྟེ། སྒྲ་གཅན་གཟི་བརྗིད་ཆེན་པོའོ། །འོད་གསལ་ནི་གློག་སྟེ་མཆོག་གི་ཆ་ཤེས་པའོ། །སྔགས་མཆོག་དབང་པོ་རིག་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་གྱིས་དང༌། མཚན་ཡང་དག་པར་བརྗོད་པར་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་རྣམ་པ་ཐམས་ཅད་དུ་བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་བརྙན་མཐོང་ངོ་ཞེས་པའོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་སྟེ་དེའི་རྫས་མེད་པའི་ཕྱིར་དང༌། རྟོག་པ་མེད་པའི་ཕྱིར་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མའོ། །དེ་ནས་གཟུགས་བརྙན་གྱི་རྣལ་འབྱོར་གྱི་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཁོ་ན་ཐོས་ཏེ་དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཆུ་འཛིན་བྲལ་བར་གྱུར་པ་རྣལ་འབྱོར་པ་ཡིས་རེངས་པའི་མིག་གིས་བལྟ་


DTG014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་གྱུར་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཚུལ་ཉི་མ་ལྟ་བུར་རྙོག་པ་མེད་པ་སྣ་ཚོགས་མདོག །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བའི་སེམས་ནི་གཞན་པ་མིན་པ་ཉིད། །འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་རྣལ་འབྱོར་པའི་རེངས་པའི་མིག་གིས་བལྟ་བར་བྱ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ན་ཉི་མའི་འོད་ཟེར་རྣམས་ཀྱིས་མིག་རབ་རིབ་ཏུ་འགྱུར་ཏེ་ངོ་ཡིས་ཏེ་གནོད་པ་ལས་སོ། །ཉིན་མོ་སོ་སོར་བལྟ་བར་བྱ་སྟེ་ཇི་སྲིད་དུ་ཐིག་ལེའི་དབུས་སུ་རི་མོ་ནག་པོ་སྐྲའི་ཚད་ཙམ་པ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩལ་སྟེ་ཨ་ཝ་དྷཱུ་ཏཱི་ལ་མཐོང་བར་གྱུར་ཀྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་མ་ལུས་ཆུ་ནང་ཉི་མ་བཞིན་དུ་རྙོག་པ་མེད་པ་ཁ་དོག་སྣ་ཚོགས་ཏེ་རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་བྲལ་བ་རྣམས་སོ། །སེམས་ནི་གཞན་པ་མིན་པ་ཉིད། །གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་གྱི་སེམས་ཤེས་པ་མེད་པའི་ཕྱིར་རོ། །འདིར་དང་པོར་རང་གི་སེམས་ཀྱི་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་མཐོང་ཞིང་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་ནི་སྒོམ་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ། །ས་ཡི་རྣམ་པར་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་ཡིན་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་མར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་འགྱུར་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་


DTG014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །དབུ་མར་སྲོག་གི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་གཅིག །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང༌། །པདྨར་རྡོ་རྗེའི་སྒྲ་འམ་རང་གི་ལག་པ་ཆུ་ལས་སྐྱེས་པས་གསོར་བ་བདེ་བའི་རྒྱུ་རུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཕྱག་རྒྱ་ཆེན་པོའི་མན་ངག་འདི་ནི་མཆོག་གི་དང་པོའི་སངས་རྒྱས་ཀྱིས་ཀྱང་རབ་ཏུ་གསུངས་པ་འདི་ལྟ་སྟེ། འདི་ཉིད་ཀྱི་ནི་སྒྲུབ་བྱེད་བྱ། །སྣང་བརྙན་བསམ་པ་མ་ཡིན་པ། དུ་སོགས་མཚན་མ་དེ་རྣམས་ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། །རང་གི་སེམས་ཀྱི་ཡིད་ཆེས་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་རྟོག་ཡོངས་སུ་དོར་བ་ཡིས། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བཟླ་ཉི་དང༌། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །བཙུམས་ཤིང་མ་བཙུམས་མིག་དག་གིས། །སྟོང་པར་གང་ཞིག་རྗེས་བརྟགས་མིན། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །དངོས་མེད་གཟུགས་ལ་སྒོམ་བདེ། །རྣལ་འབྱོར་པ་ཡི་སྒོམ་མ་ཡིན། །དངོས་པོ་དངོས་མེད་སེམས་ཀྱིས་མིན། །གཟུགས་ལ་མ་བརྟགས་མཐོང་ཕྱིར་རོ། །ཇི་ལྟར་པྲ་ཕབ་གཞོན་ནུ་མས། །མེ་ལོང་ལ་མཐོང་དངོས་སྐྱེས་མིན། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །དེ་ཡི་དངོས་པོ་དངོས་མེད་འགྱུར། །དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །དངོས་ལས་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །མེད་པའི་ཆོས་ཅན་ལ་ནི་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང༌། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །སེམས་ཅན་རེ་བ་ཡོངས་སྐོང་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་པ་ཡི་རྐུན་པོ་མཐོང༌། །ཉི་ཚེ་པ་ཡི་མིག་དག་གིས་།སོང་ནས་སྒྲུབ་པ་པོ་ཡིས་


DTG014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང༌། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཅིས་མི་མཐོང༌། །གཞན་གྱི་མིག་གིས་མི་མཐོང་ཞིང༌། །རང་གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །སླར་ཡང་གང་གིས་སངས་རྒྱས་ཉིད་འགྲུབ་པའི་ཐབས་དེ་བརྗོད་པར་བྱ་སྟེ། །རྣལ་འབྱོར་པ་ཉིད་ཅེས་པ་ལ་སོགས་པའོ། །འདིར་རྣལ་འབྱོར་པ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པའོ། །དེ་ལས་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ནི་སངས་རྒྱས་ཉིད་དོ། །དེའི་ཁྱད་པར་ནི་བསོད་ནམས་མཆོག་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཐབས་འདིས་རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ་ཞེས་པ་ལུང་གི་བརྗོད་པའོ། །ཐབས་འདི་ནི་རྣལ་འབྱོར་ཡན་ལག་དྲུག་སྟེ་གཅིག་གིས་བར་བཅད་པའི་ཡན་ལག་རེ་དོར་ནས་དབུས་མ་རིམ་པ་མ་ཡིན་པས་གསུངས་སོ། །མ་བརྗོད་པ་ཡན་ལག་སྔ་མ་དེ་ཉིད་ནི་སྔ་མ་དང་ཕྱི་མ་བརྗོད་པའི་ཡན་ལག་གི་ཤུགས་ཉིད་ལས་རྟོགས་པར་བྱ་སྟེ། དཔེར་ན་འདི་ཉིན་མོར་བྱེད་པའོ་ཞེས་བརྗོད་པ་ན་གཞན་མཚན་མོར་བརྗོད་པ་ཞེས་མ་བརྗོད་ཀྱང་ཤུགས་ཉིད་ལས་ཉེ་བར་ཐོབ་པ་བཞིན་ནོ། །དེ་ལྟར་ཕན་ཚུན་ལྟོས་པའི་ཆོས་ནི་མ་བརྗོད་པའི་ཆོས་ལས་ཐོབ་བོ། །དེའི་ཕྱིར་རྒྱུད་འདིར་རེ་རེས་བར་བཅད་པའི་ཡན་ལག་ཕྱི་མ་གསུམ་བསྟན་ཏེ། དབུས་སུ་གསུངས་པའི་ཡན་ལག་སྔ་མར་བྱ་བ་འདིར་བླ་མའི་གདམས་ངག་ལས་སོ་ཞེས་རིག་པར་བྱ་སྟེ། ཐམས་ཅད་དུ་དེ་ཡིས་རྟོགས་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཆེར་འགྲེལ་གྱིས་ཏེ། རྣམ་པ་གཞན་དུ་མཁས་པ་ཉིད་ཀྱི་མངོན་པའི་ང་རྒྱལ་དུ་གྱུར་པ་རྣམས་ཀྱིས་བྱས་པའི་འགྲེལ་པས་ནི་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་འདིར་ཡན་ལག་གསུམ་བསམ་གཏན་དང་ཞེས་པ་ལ་སོགས་པ་དེས་རྟོགས་པར་བྱའོ། །རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་པོ་རྣམས་ཀྱིས་འདིར་ཡང་མདོར་བྱས་པའི་དོན་ཡན་ལག་གསུམ་གྱིས་རྟོགས་པར་བྱའོ། །འདིར་འདུས་པ་ཕྱི་མར་བཅོམ་ལྡན་


DTG014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེའི་ཕྱིར་བསམ་གཏན་གྱི་སྔོན་དུ་སོ་སོར་སྡུད་པར་རིག་པར་བྱའོ། །སྔགས་བཟླས་པའི་སྔོན་དུ་སྲོག་རྩོལ་བར་རིག་པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་སྲོག་རྩོལ་བར་བརྗོད་པར་བྱའོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པ་རིག་པར་བྱ་སྟེ། འདིར་བདེ་བའི་སྒྲས་ཏིང་ངེ་འཛིན་བརྗོད་པར་བྱའོ། །དེ་ལྟར་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་རྣལ་འབྱོར་པ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཐུན་མོང་གི་ཕྱི་རོལ་གྱི་རྣལ་འབྱོར་པ་ཉིད་འཇིག་རྟེན་པ་འགྲུབ་བོ། །ལས་དང་པོ་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྔགས་བཟླས་པས་ཏེ་སོ་སོར་སྡུད་པའི་མིང་ཅན་གྱིས་དང་བསམ་གཏན་གྱིས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྒོམ་པའི་སེམས་དང་བདེ་བ་ཡིས་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འགྱུར་བ་དང་གཡོ་བའི་བདེ་བས་འཇིག་རྟེན་པའི་བདེ་བས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་ཞེས་པའོ། །དེ་ལྟར་རིམ་པ་གཉིས་ཀྱིས་འཇིག་རྟེན་པ་དང༌། འཇིག་རྟེན་པ་ལས་འདས་པའི་རྣལ་འབྱོར་པ་ཉིད་འགྲུབ་བོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་ལྟར་བརྗོད་པར་བྱའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་རྣམས་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་ནི་དངོས་པོ་ཐམས་ཅད་སྟོང་པ་ལ་མཐོང་བ་མ་བརྟགས་པ་པྲ་ཕབ་པས་མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟ་བུར་འགྱུར་རོ་ཞེས་པ་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི་སྟོང་པའི་ཆོས་ཐམས་ཅད་མཐོང་བར་


DTG014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལ་ཤེས་རབ་ཅེས་བྱ་བ་འདི་རྣམས་ལ་སེམས་འཇུག་པ་དང༌། རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་རྟོགས་པ་དང༌། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་གནས་པ་དང༌། གཡོ་མེད་བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལས་བདེ་བ་ཀུན་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་ལྔ་ནི་བསམ་གཏན་གྱི་ཡན་ལག་ཏུ་བརྗོད་དོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་ལ་ལ་ནཱ་དང༌། ར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགགས་པས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་སྟེ། དགང་པ་དང་བུམ་པ་ཅན་དང༌། དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱི་རུ་ཨོཾ་ཡིག་གིས་འཇུག་པ་དང༌། ཧཱུཾ་ཡིག་གིས་འགོག་པ་དང༌། ཨཱཿ་ཡིག་གིས་དབྱུང་བ་ཟླ་བ་དང༌། སྒྲ་གཅན་དང༌། ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་བྱེད་དོ་ཞེས་པའོ། །དེ་ནས་འཛིན་པ་ཞེས་བྱ་བ་སྲོག་དབང་ཆེན་དང༌། ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བར་ཞུགས་པ་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་འཇུག་པ་ཞེས་བྱ་བ་འཛིན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མའི་འོད་ཟེར་འཕྲོ་བའི་ངོ་བོ་ཅན་ཁམས་གསུམ་པ་སྤྲོ་བའོ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གཟུང་བ་དང༌། འཛིན་པ་དང༌། བྲལ་བའི་སེམས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །འདིར་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ་མཆོག་གི་དང་པོའི་སངས་རྒྱས་བླ་མ་དམ་པའི་མན་ངག་གིས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་རྟོགས་པར་བྱའོ། །འདིར་ཡན་ལག་དྲུག་གི་དང་པོའི་ལམ་སྒོམ་པའི་


DTG014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ། འདིར་དཔལ་འདུས་པ་ཕྱི་མར་བསྙེན་པ་དང༌། སྒྲུབ་པ་དང་ཉེ་བའི་བསྒྲུབ་པ་དང༌། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཉེ་བའི་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་བའི་གཟུགས་བརྙན་ནོ། །རྣལ་འབྱོར་བརྩོན་པས་སྒྲུབ་པ་ལ། །ལྷ་ཡི་གཟུགས་བརྙན་བསྒོམ་བྱ་སྟེ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །སངས་རྒྱས་ཁྱབ་བདག་གཟུགས་བརྙན་ནོ། །ཞེས་སོ། །དེ་ལ་དགོངས་པའི་སྐད་ཅིག་གཞན་གྱི་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་ཁམས་གསུམ་པ་མ་ལུས་པ་ནམ་མཁའ་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་བསྙེན་པའི་དུས་སུ་སྟེ་ཐོབ་མའི་དུས་སུ་སོ་སོར་སྡུད་པ་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་བརྟག་བྱ། །གལ་ཏེ་ཡིད་ཆེས་མེད་པ་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་སོ། །འདིར་ཡིད་ཆེས་བྱེད་པ་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པའི་ཉི་མ་གཅིག་གིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། གང་གི་སྔགས་པ་རྣམས་ཀྱིས་ཡིད་ཆེས་པ་འབྱུང་བར་འགྱུར་བའོ། །དེས་ན་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། རྟེན་མེད་པར་བྱས་ནས་ཟབ་མོ་སྟོང་པ་ལ་དམིགས་པ་མེད་པར་བསྒོམ་པར་བྱ་སྟེ། ཡིད་ཆེས་བྱེད་དུ་འགྱུར་རོ། །ཡིད་ཆེས་བྱེད་པ་དེ་ཡང་དུ་བ་ལ་སོགས་པ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་སངས་རྒྱས་ཀྱི་གཟུགས་བརྙན་དུ་བསྒྲུབ་པར་བྱ་སྟེ། དེའི་མན་ངག་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེ་ལ་བླ་མའི་མན་ངག་ཅེས་བྱ་བ་ནི་ནམ་མཁའ་ལ་རྣལ་འབྱོར་པས་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ཞེས་པ་རང་གཉིས་སུ་མཐོང་བ་ཤེས་པར་བྱེད་པར་འགྱུར་རོ། །ཕྱི་ནས་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་ནི་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཞེས་པའོ། །དེ་


DTG014_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཐོག་མར་དུ་བའི་མཚན་མའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཚན་མ་གསུམ་པ་ནི་མཁའ་སྣང་ངོ༌། །མར་མེ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ནི་མཚན་མ་ལྔ་པའོ་ཞེས་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལས་སྟེང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འཇུག་བྱེད་པ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། རྨི་ལམ་རྣམ་པ་སྐད་ཅིག་ལས། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་གསུང་ལས་དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་བསྒོམ་པའི་ཡིད་ཆེས་བྱེད་དུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་སོ་ཞེས་སྨྲ་བར་འགྱུར་བ་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའི་དམ་བཅའ་བ་འཇིག་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། ཉིན་ཞག་གཅིག་ནི་ཡོངས་སུ་བརྟག །ཡིད་ཆེས་བྱེད་ཅེས་པའི་བཅོམ་ལྡན་འདས་ཀྱི་གསུང་ལ་ཐོ་འཚམས་པའོ། །དེ་གྲུབ་པའི་དུས་སུ་འཇིག་རྟེན་གྱི་ཁམས་དུ་བ་ལ་སོགས་པ་གང་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་དུ་བ་དང་འབར་བ་ལ་སོགས་པས་སྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་ཀུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་ལ་སོགས་པའི་ཆར་པ་ཡང་ངོ༌། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པར་འགྱུར་རོ་ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམས་དེ་ལས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། །བྱིན་རླབས་རྣམ་པའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པའོ། །འདིར་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་དང་འདྲ་བར་སྣང་བ་སྟེ། དེ་ཡང་སྒྲོན་མའི་མཐར་ཐུག་པ་ཐོག་མར་མཐོང་ངོ༌། །དེར་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའོ། །རྒྱུད་རྣམས་སུ་གཞན་འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་སྟེ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་གྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་


DTG014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་རང་བྱུར་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་ནག་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་ཚིགས་སུ་བཅད་པ་གཉིས་ཀྱིས་མཚན་མ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བརྙན་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བའོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་སྟེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེས་ན། ཤེས་རབ་ཡེ་ཤེས་མེ་ཞེས་པ་ནི་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཁོ་ན། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །ཞེས་ཐིག་ལེ་སྣང་བ་སྟེ། ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ནོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་དངོས་པོ་རྣམ་པ་ཐམས་ཅད་ལ་ལྟར་སྣང་བ་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང་མཚུངས་པའི་རྣམ་པས་སོ་སོར་སྡུད་པར་མཐོང་ངོ༌། །མིག་གི་དབང་པོའི་བྱེད་པ་དང༌། དེ་ནས་སྲོག་རྩོལ་བཅིང་བ་སྟེ་བྱེད་པ་འདི་རྣམས་ཀྱིས་དང་བཅིང་བའི་སྦྱོར་བས་ས་གསུམ་པོ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་མཚན་ཉིད་ཅན་བརྟན་པ་དང༌། གཡོ་བའི་རང་བཞིན་གྱིས་བདག་ཉིད་བསྒྲུབ་པར་བྱ་ཞེས་པའོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་བཞིན་དུ་དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། །དངོས་པོ་མེད་ལ་སྒོམ་པ་མེད། །


DTG014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །འདིར་དངོས་པོ་མེད་བ་སྒྲིབ་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྤྱད་པ་སྟེ་དེ་ཁོ་ན་དངོས་པོ་མེད་པ་ལ་བསྒོམ་པ་མེད་ཅེས་སོ། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །ཞེས་པ་འདིར་སོ་སོར་སྡུད་པ་སྒོམ་པའི་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་གང་སྒོམ་པ་དེ་ནི་སྒོམ་པ་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ། རྣམ་པར་རྟོག་པ་བསྒོམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་གང་ཞིག་སོ་སོར་སྡུད་པས་མཐོང་བ་དེ་ནི་དངོས་པོ་དངོས་མིན་འགྱུར་ཏེ། རྣམ་པར་མ་བརྟགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མཐོང་བའི་ཕྱིར་རོ་ཞེས་པའོ། །དེའི་ཕྱིར་རོ་སོ་སོར་སྡུད་པ་བསྒོམ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཅི་ལྟར་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་སེམས་པ་དེ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པའོ་ཞེས་སྤྲིན་མེད་པའི་ནམ་མཁའ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་པྲ་ཕབ་དང་མཚུངས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱི་མིང་གིས་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ། དེ་སྐད་དུ་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་རླབས་པ། །གོང་བུའི་


DTG014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་སོ། །འདིར་རིན་ཆེན་ལྔའི་སྒྲ་ཡིས་ར་ས་ནཱའི་དཀྱིལ་འཁོར་ལྔ་ཡིས་ཆོས་ཅན་ས་ལ་སོགས་པའི་ཁམས་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔ་ཞེས་པ་སྟེ་སྣའི་བུ་ག་གཡས་སུའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱའི་དཀྱིལ་འཁོར་ལྔ་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པར་རོ་ཞེས་པའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་ལ་འདིར་གང་བུ་ནི་གཡས་པ་དང༌། ཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དོ་ཞེས་པའོ། །སྲོག་གི་རླུང་དེ་ཡང༌། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །འདིར་སྣའི་སྒྲས་ནི་ལྟེ་བ་དང༌། །སྙིང་ག་དང༌། མགྲིན་པ་དང་དཔྲལ་བ་དང༌། གཙུག་ཏོར་གྱི་པདྨའི་ཟེ་འཕྲུལ་བརྗོད་དེ་དེའི་རྩེ་མོར་རོ། །རྣམ་བསྒོམ་བྱ་ནི་ལྟེ་བ་དང་ལྟེ་བའི་དབུས་སུ་སྟེ་པདྨའི་འདབ་མ་ལ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགོག་པ་དེ་ཉིད་ཀྱིས་དེའི་འཛིན་པར་བརྗོད་དོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ཉེ་བའི་བསྒྲུབ་པ་སྟེ་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱིས་ཞེས་པའོ། །ཉེ་བའི་བསྒྲུབ་པ་དེ་ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་པར་བྱ་སྟེ། དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ་ཞེས་པ་སྲོག་གཡོན་པ་དང་གཡས་པའི་རྩལ་རྒྱུ་བ་མེད་པས་སོ། །གཙུག་ཏོར་གཟུགས་བརྙན་མཐོང་བས་ན། །ཕྱི་ནས་སྔགས་པས་སྲོག་རྩོལ་བྱ། །བླ་མའི་མན་ངག་དང་དགོངས་པའི་སྐད་ཀྱིས་རྟོགས་པར་བྱའོ་ཞེས་པ་ནི། སྲོག་རྩོལ་བ་དང་འཛིན་པ་སྟེ་ཉེ་བའི་བསྒྲུབ་པ་བརྗོད་དོ། །དེ་ནས། བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །ཞེས་པ་འདིར་འཛིན་པའི་སྟོབས་ཀྱིས་ལྟེ་བར་གནས་པའི་གཏུམ་མོའི་འབར་བ་རྣལ་འབྱོར་པས་མཐོང་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་མོ་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཟེར་གྱིས་དཀྱིལ་འཁོར་དུ་རྣམ་པར་གསལ་བ་ནི་རྗེས་སུ་དྲན་པ་


DTG014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གྲུབ་པར་བརྗོད་དོ། །འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པ་ངེས་པའོ། །དེར་དེ་ལྟར་ཡེ་ཤེས་ཀྱི་མེ་ལྕེས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་བསྲེགས་པ་གཅིག་ཏུ་འདྲེས་པར་གྱུར་ཏེ། གཡོན་པ་དང་གཡས་པའི་རྩར་སོན་པ་རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་རྣམས་སོ། །དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་མེ་ལྕེས་ཟླ་བ་ཞུ་བར་གྱུར་པ་ནི་དེ་བྱང་ཆུབ་སེམས་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་སོང་བ་ནི་མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བའི་པདྨར་དགའ་བ་དང༌། མཆོག་དགའ་དང༌། ཁྱད་དགའི་དགའ་བའི་རང་བཞིན་དང༌། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་སོ་ཞེས་པའོ། །ཡང་རྣམ་པ་སྣ་ཚོགས་པ་དང། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའི་རང་བཞིན་གྱིས་སོ་ཞེས་སོ། །དེ་ལྟར་ཆ་བཅུ་དྲུག་གང་བ་ནོར་བུའི་ནང་ཇི་སྲིད་པར་སོན་པ་གང་གི་ཚེ་བསྒོམས་པའི་སྟོབས་ཀྱིས་བདེ་བ་འབྲེལ་ཏེ། འཛག་པའི་བདེ་བ་དང་འདྲ་བའོ་ཞེས་པ་ནི་དཔེ་ཙམ་སྟེ་རང་གི་ངོ་བོས་ནི་དབང་པོ་གཉིས་ལས་སྐྱེས་པའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་སྐབས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཅན་གྱིས་བྱེ་བ་སྟོང་གི་ཆར་ཡང་མི་ཕོད་དོ། །གནས་སྐབས་དེ་ནི་བྱིས་པའི་རྣལ་འབྱོར་པས་ཅི་ཡང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་ཉིད་བྱང་ཆུབ་ཅེས་བརྗོད་དེ། འཇིག་རྟེན་ལ་གྲགས་པའི་མེད་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ནི་མ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱི་སྔགས་བཟླས་པ་དང༌། བསམ་གཏན་དང་བས་རྣལ་འབྱོར་བ་རྣམས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་ཏེ། བསོད་ནམས་མཆོག་ཏུ་དག་བྱེད་སྡིག་པ་འཇིག་བྱེད་པ། སྐྱེ་བ་འདི་ཉིད་ལ་ཞེས་པ་སྒྲུབ་པ་པོའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སླར་ཡང་དེ་ཉིད་དུ་འདིར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། སོ་སོར་སྡུད་པས་གང་ཞིག་མཐོང་བའི་དངོས་པོ་


DTG014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་དང་སྣམ་བུ་ལ་སོགས་པ་དང་པྲ་ཕབ་པ་དང་མཆུངས་པ་སོ་སོར་སྣང་བ་ལས་རྣམ་པ་ཐམས་ཅད་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེས་པའོ། །རྣམ་པ་མེད་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་མ་འདས་པ་སྟེ་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བཙུམས་ཤིང་མ་བཙུམས་པའི་མིག་གིས་རྟོགས་པར་བྱ་བ་གང་ཡིན་པ་དེའི་ཕྱིར་གཟུགས་མ་ཡིན། །གཟུགས་ལས་གཞན་པ་ཡང་མ་ཡིན། མིག་གིས་དང་མིག་མེད་པར་རྟོགས་པར་བྱ་བ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ་ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་དཔལ་ཀྱེའི་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་སྙིང་པོ་ཞབས་ཀྱིས་གསུངས་པ་འདི་ལྟ་སྟེ། སྔར་བཤད་པའི་ཤེས་རབ་དང་ཐབས་དག་གི་དོན་དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པའོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྒྱུད་ཕྱི་མར་ས་བཅུའི་དབང་ཕྱུག་འཇམ་དཔལ་ཞབས་ཀྱིས་གསུངས་པ། སྟོབས་བཅུའི་སྟོབས་དང་ལྡན་པས་སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོང་བ་ཉིད་ནི་སྒོམ་པ་གསུངས། །མཚན་མོའི་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ༌། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་བྱེད། །དེ་ལ་བསམ་གཏན་གྱིས་སེམས་བརྟེན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང༌། །སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པ་ཅན་དུ་སྲོག་རླུང་འབབ་པར་འགྱུར། །སླར་ཡང་འབྱུང་བ་དང་ནི་འཇུག་པས་དམན་པར་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་


DTG014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པར་རྒྱུ། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བས་རབ་གང་བའོ། །ནམ་མཁའི་ལྟ་བས་གཏི་མུག་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་སྟོང་པ་ཉིད་ནི་མཐོང་བས་སོ། །ནང་གི་ལྟ་བས་འདོད་ཆགས་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་སྲོག་གི་རླུང་ནི་འགགས་པ་ནའོ། །ལུས་མེད་ལྟ་བས་ཞེ་སྡང་མཐའ་ཉིད་དུ་ནི་བྱེད་བར་འགྱུར་ཏེ་ཁུ་བ་དྲི་མེད་བདེ་བ་ལས། །སྲོག་གི་ལྟ་བས་ང་རྒྱལ་མཐའ་ཉིད་དུ་ནི་བྱེད་པར་འགྱུར་ཏེ་གཞོམ་མེད་ཚངས་པའི་དབྱངས་ལས་སོ། །སྲོག་དང་རྩོལ་བ་འགགས་ན་སངས་རྒྱས་གཟུགས་ལས་དྲི་མ་དང་བྲལ་དཀྱིལ་འཁོར་དམ་པར་འགྱུར། །གསང་བ་ལྟེ་བ་སྙིང་གའི་ཆུ་སྐྱེས་མགྲིན་པ་མགོ་བོ་གཙུག་ཏུ་ས་ཟུང་རིམ་པས་སོ། །ཁུ་བ་སྟེང་དུ་སོན་དང་འོག་ཏུའང་རྡུལ་གྱིས་གཞོམ་དུ་མེད་པའི་དབྱངས་ལས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དྲི་མ་རྣམ་བྲལ་གང་གིས་སངས་རྒྱས་སྟོན་པ་པོ། །ཁྱི་ལ་སོགས་པའི་ཤ་ཡི་མིག་སྟེ་རང་བཞིན་ཡོན་ཏན་དབང་ལས་ལྷ་ལ་སོགས་པའི་ལྷ་ཡི་མིག །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་མི་ཡི་སྙིང་ལ་སོན་བསངས་རྒྱས་སྤྱན་ནི་གསུམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་དང་བྲལ་དག་པའི་ཤེས་རབ་སྤྱན་ན་བཞི་པར་རབ་ཏུ་འགྱུར། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་གཟིགས་ཤིང་དྲི་མ་གསུམ་དང་རྣམ་བྲལ་ཡེ་ཤེས་སྤྱན་ནི་ལྔ་པའོ། །འཛག་མེད་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་པ་ལས་ངེས་པར་རྡོ་རྗེ་འཛིན་པའོ། །ས་བོན་ལུས་ཀྱི་ཐིག་ལེ་ཡབ་སྟེ་ལྟེ་བའི་འཁོར་ལོར་བདེ་བ་གང་ཞིག་ཛིན་ཛིག་ཅེས་སོ། །དེ་ནས་མཚོན་བྱ་མཚོན་པར་བྱེད་པ་སྙིང་གར་མཆོག་གི་བདེ་བ་མགོན་པོ་ཨཱ་རོ་ལྀ་ཀ་ཉིད་དོ། །དེ་ནི་རིག་བྱ་རིག་བྱེད་གང་གིས་མགྲིན་པར་གཡོ་མེད་བདེ་བ་འཛིན་པ་དེ་ཡང་རཏྣ་དྷྲྀཀ །གང་གི་སྤྱི་བོའི་རྒྱུད་དུ་ཁུ་བ་དྲི་མ་མེད་པའི་བདེ་བ་འཛིན་པ་འདི་ནི་པྲཛྙཱ་དྷྲྀཀ །གཙུག་ཏོར་ཚངས་པའི་བུ་གར་འགྱུར་བ་མེད་པ་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་གང་བ་ནི། །གང་ཞིག་ཤེས་རབ་རང་བཞིན་མེད་བ་མཆོག་གི་རི་བོང་ཅན་ཆ་བཅུ་དྲུག་པ་སྟེ་ཉ་ཡི་


DTG014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། །གང་གི་རིག་མ་དགའ་བ་དེ་ནི་རྡོ་རྗེ་དང་བཅས་མགོ་བོར་དྲུག་བ་རྡོ་རྗེ་སེམས་དཔའོ། །ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་རྟག་འགགས་ལ། །ཆུ་སྐྱེས་རྡོ་རྗེར་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་འཇིགས་པ་སྤོང་ཞིང་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་པ་ན། །དེ་ཡི་དུས་ན་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་ཡོད་པ་མཆོག་གི་གོ་འཕང་འགྲོ། །སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་ལ་རབ་ཏུ་འགྲོ། །རྡོ་རྗེ་པདྨར་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱིས་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟར་ཨེ་ཝཾ་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་པ་ཞེས་པའོ་འདི་བདེ་བ་རིན་ཆེན་ཆགས་པ་ཉིད། །པདྨོའི་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་ཡེ་ཤེས་སྐུ་ནི་ཆེན་པོ་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་རྣམས་ཀྱིས་ནི་བསྐྱོད་པ་གང༌། །ཕུང་པོ་ཁམས་དང་དབང་པོ་སོགས་རྣམས་མཁའ་བཞིན་རོ་མཉམ་དེ་ཡང་དེ་བཞིན་རིག་པར་བྱ། །གོང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་གྱུར་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་པ་ཆེན་པོར་གསུངས། །གང་དུ་འཁོར་བའི་འདུ་ཤེས་མཐར་བྱེད་ཉིད་གྱུར་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་གྱུར་དེ་ནི་རྡོ་རྗེ་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་གྱུར་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་མི་ཤེས་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛོད་ལ་སོགས་དམ་པའི་རྒྱལ་བ་མཆོག་རྣམ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་མེ་དང་ཆུ་རླུང་ནམ་མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་མཐར་བྱས་ཉིད་གྱུར་སྤྱན་མ་


DTG014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་གྱུར་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་འདོད་ཆགས་མཐའ་དག་ཉམས་པ་ཉིད་གྱུར་གོས་དཀར་མོ་སྟེ་དེ་ནི་མེ་རུ་འགྱུར། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་གྱུར་དེ་ནི་སྒྲོལ་མའོ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་གྱུར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་གྱུར་དེ་ནི་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་ངམ་མ་མཐོང་གཟུགས་ནི་ཡིད་ཀྱི་ནམ་མཁའ་ལ་ཡང་ལྟ་བར་བྱེད་པ་གང་དེ་མིག །རིང་ནས་སྒྲ་ནི་རབ་ཏུ་གསལ་བ་བཞིན་དུ་ཐོས་འདི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་ཀུན་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གི་ཟླ་བ་བདུད་རྩི་བདེ་བ་སྟེར་བའང་རྟག་ཏུ་མྱོང་བར་བྱེད་པ་གང་དེ་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཛིན་པ་གང་དེ་རྟག་ཏུ་རྡོ་རྗེ་ལུས་ཀྱི་དབང་པོ་སྟེ། །ཤེས་རབ་ཐབས་དང་རབ་ཏུ་འགྲོགས་ལས་ཡིད་ནི་མཉམ་ལ་འཇུག་གང་དེ་ནི་འདི་ཡི་ཆོས། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་རྣམས་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས། །གཟུགས་བརྙན་ལ་ནི་གཟུགས་སོགས་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་དྲུག་ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་རྙོག་མེད་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །གཞན་གྱིས་གཟུང་བྱ་ཁམས་གསུམ་དུ་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་རྟོགས་བྱ་མིན། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྦྲུལ་པ་སྒྱུ་མ་ནི། །སྲིད་གསུམ་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་དྲ་བ་ཉིད་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་རྣམས་ཀྱི་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདི་ལ་སྐྱེ་བར་འཁྲུལ་པ་སྟེར་བའོ། །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་གཞིའི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་ཅན་རྣམས་ནི་རྣལ་འབྱོར་པ་ལ་འགྲུབ་པའི་དུས་སུ་མཁའ་ལ་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་


DTG014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་པ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འགྱུར། དང་པོའི་སངས་རྒྱས་ལས་འདིར་རྡོ་རྗེའི་ཚིག་འདི་རབ་ཏུ་གསལ་བར་མདོར་བསྟན་པ་དང་རྒྱས་པར་བཤད་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །འདི་ཉིད་ཀྱི་སྒྲུབ་ཐབས་ཕྱག་རྒྱ་ཆེན་པོའི་སྒོམ་པ་དུ་བ་ལ་སོགས་པའི་མཚན་མ་ཅན་གྱི་ལམ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ནས། །ཉི་མ་གཅིག་ནི་བརྟག་པར་བྱ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་སྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་སྟེ། བླ་མ་བརྒྱུད་པའི་རིམ་པས་འོངས་པ་སྟེ། བླ་མའི་བཀའ་ཡིས་བྱིན་གྱིས་བརླབས་པ་མ་ཡིན་ནོ་ཞེས་པའོ། །ལམ་འདིའི་རབ་ཏུ་གསལ་བ་ལ་ཉིན་དང་མཚན་མོར་ཡིད་ཆེས་པ་ཡོད་དེ། ཉིན་ཞག་གཅིག་ནི་བརྟག་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་སྔགས་ལ་སོགས་པའི་སྒྲུབ་ཐབས་ཀྱིས་རྣལ་འབྱོར་པས་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ། །དང་པོའི་མཚན་མ་དང༌། མཐའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་གི་གཟུགས་བརྙན་གྲུབ་པར་མི་འགྱུར་བའི་སྐད་ཅིག་ཐོབ་པའོ། །མཚན་མ་བར་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་རྣམས་ཀྱིས་ས་དང་པོ་ཐོབ་པ་དང༌། མངོན་པར་ཤེས་པ་ལྔ་དང༌། །མ་མཐང་བའི་དོན་ཡང་དག་པར་མཐོང་བ་དང༌། འཇིག་རྟེན་པའི་དངོས་གྲུབ་འཐོབ་པའོ། །མཐའི་མཚན་མ་ནི། སངས་རྒྱས་ཉིད་དང༌། རྡོ་རྗེ་འཆང་ཉིད་དེ་མཆོག་ཏི་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་ས་བཅུ་གཉིས་ཐོབ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པོ་ཞེས་པའོ། །རྡོ་རྗེའི་ཚིག་ལ་སོགས་པ་མཚན་མ་སྔོན་མ་ཅན་འདི་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་པའོ། །དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པར་རྒྱུད་སྣ་ཚོགས་པ་


DTG014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྣལ་འབྱོར་ཡན་ལག་དྲུག་རྫོགས་སོ།། །།འདི་ནི་མཁས་པ་དཔེ་མེད་པས་བསྲུངས་པའི་ཞབས་ཀྱིས་མཛད་པའོ། །ལ་སྟོད་དིང་རིའི་གླང་འཁོར་མཁན་པ་ཁྲོད་དུ་རྒྱ་གར་ཤར་ཕྱོགས་ཛ་གད་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང༌། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ།། །།སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་བ་བསོད་སྙོམས་པ་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་ལྷག་པར་མོས་ཤིང་བློ་གྲོས་ཀྱི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་བཟང་པོའི་བཀས་བསྐུལ་ཏེ། སྒྲ་དོན་ཇི་ལྟ་བ་བཞིན་དུ་བསྒྱུར་ཞིང་ཞུ་ཆེན་གྲུབ་པའོ། །འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག །


previousསྦྱོར་བ་ཡན་ལག་དྲུག་པ། དཔེ་མེད་བསྲུང་བས་མཛད།next