Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་བཤད་པ།
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousརྣམ་རྫོགས་སྦྱོར་བའི་བསྒོམ་བྱ་བཤད་པ།next

རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་བཤད་པ།


GLG013_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་བཤད་པ། གཉིས་པ་སྦྱོར་བ་བཞི་རྒྱས་པར་བཤད་པ་ལ། །དབང་དུ་བྱེད་པ་རྒྱུ་འབྲས་དང་། བསྟན་པ་རྒྱུ་འབྲས་བཤད་པའོ། །དང་པོ་ལ། དབང་དུ་བྱེད་པའི་
རྒྱུ་རྣམ་ཀུན་སྦྱོར་བ་། འབྲས་བུ་རྩེ་མོའི་སྦྱོར་བ་གཉིས་ལས། དང་པོ་ལ། འབྲེལ་བཀོད་པས་མཚམས་སྦྱར་པ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་རྒྱས་པར་བསྟན་པ་དང་། འདིར་དེའི་རྣམ་པ་རྒྱས་པར་བསྟན་པ་ལ་ཟློས་སྐྱོན་མེད་དེ། སྔར་རང་རྒྱུད་ལ་བསྒོམ་བྱའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་བརྒྱ་དང་བཅུ་པོ་ཐམས་ཅད་དང་། ལམ་ཤེས་ཀྱི་སོ་དྲུག་དང་། གཞི་ཤེས་པའི་ཉེར་བདུན་མ་ལུས་པ་བསྡུ་བའི་སྒོ་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ་རྣམ་རྫོགས་སྦྱོར་བ་བཤད་པས་བརྗོད་ཚུལ་དང་དགོས་པ་མི་འདྲ་བའི་ཕྱིར། དེ་ལ་དགོས་པ་ཅི་ཡོད་ཅེ་ན། ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་མ་ལུས་པ་བསྒོམ་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། དེ་མ་ལུས་པ་དབང་དུ་བྱ་བའི་ཆེད་དུ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་ལ་དབང་


GLG013_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཕྱིར་དུ་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཟེར་ན། རྩེ་སྦྱོར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེའི་རྣམ་པ་ལ་དབང་ཐོབ་ཟིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་སྣང་བའི་ཀུན་རྫོབ་ཡོད་པར་ཐལ། ཁྱོད་ལ་སྣང་བའི་མཁྱེན་གསུམ་གྱི་རྣམ་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཁ་ཅིག །རྣམ་པ་བརྒྱ་བདུན་རྩ་གསུམ་བདེན་སྟོང་སྤྲོས་བྲལ་དུ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣམ་ཐར་སྒོ་གསུམ་དུ་བསྡུས་ནས་སྒོམ་པ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་ཟེར་ན། མི་འཐད་པར་ཐལ། ཉེར་ལེན་གྱི་ཕུང་པོ་མི་རྟག་པ་དང་སྡུག་བསྔལ་བ་སོགས་རྣམ་རྫོགས་སྦྱོར་བས་སྒོམ་དགོས་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་མཚན་ཉིད་དེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་


GLG013_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡིན་ཟེར་ན། རྣམ་རྫོགས་སྦྱོར་བ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྐབས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྟོང་ཉིད་མ་རྟོགས་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་རྒྱུད་ལྡན་གྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲངས་མེད་གསུམ་དུ་ཚོགས་བསགས་ནས་འཚང་རྒྱ་བའི་འགོ་རྩོམ་པའི་ལམ་གྱི་ཐོག་མ་རྒྱུད་ལྡན་གྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྣམ་རྫོགས་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་ཉམས་སུ་ལེན་པ་དེ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣལ་འབྱོར་པའི་ཉམས་ལེན་དུ་བསྡུ་བ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ། འདོད་ན། མ་ཡིན་པར་ཐལ། ལམ་རིམ་ལས། མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དང་། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་


GLG013_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཡང་ཞི་གནས་ལ་རག་ལས་པ་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར། གཉིས་པ་ལེའུའི་གཞུང་བཤད་པ་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང་། ཐར་པ་ཆ་མཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་གཉིས། དང་པོ་ལ། རྣམ་རྫོགས་སྦྱོར་བའི་ངོ་བོ། སྦྱོར་བ་སྒོམ་པའི་སྐྱོན་ཡོན། སྦྱོར་བའི་མཚན་ཉིད་གསུམ་ལས། དང་པོ་ལ། མི་མཐུན་ཕྱོགས་མ་ལུས་པའི་གཉེན་པོ་ཤེས་པའི་ཡན་ལག་རྣམ་པའི་དབྱེ་བ་བཤད་པ། བདེན་འཛིན་དངོས་སུ་འཇོམས་པར་བྱེད་པའི་སྦྱོར་བ་ཁྱད་པར་ཅན་ངོས་གཟུང་བ་གཉིས་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གཞི་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཤེས་པ་ཡི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་མི་མཐུན་ཕྱོགས་དང་། དེའི་ལྡོག་ཕྱོགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་དེ་དག་འཇོམས་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་ཞེས་བྱ་བ་ནི་ཆོས་ཅན། འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་གཉེན་པོའི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཉེན་པོ་དེ་ནི་རྣམ་པ་གསུམ་དུ་འདོད་དེ། ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་དུ་ངེས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག །རྣམ་པ་ལ་དོན་རྣམ་དང་ཤེས་རྣམ་གཉིས་སུ་ཕྱེ་ནས། དང་པོ་བསྒོམ་བྱ་ཡིན། ཕྱི་མ་བསྒོམ་བྱ་མ་ཡིན་ཟེར་ན། མི་འཐད་པར་ཐལ། ཕུང་པོ་མི་རྟག་པར་སྒོམ་པའི་གང་ཟག་ཡིན་ན། དེ་མི་རྟག་པར་རྟོགས་པའི་བློ་སྒོམ་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག །སྔ་མ་ལས་བཟློག་སྟེ་སྨྲ་བ་ཡང་མི་འཐད་དེ། གཟུགས་མི་རྟག་པར་


GLG013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་བློ་སྒོམ་ན་གཟུགས་མི་རྟག་པར་སྒོམ་པས་ཁྱབ་པའི་ཕྱིར། གཞན་ཡང་། ཁས་བླངས་གཉིས་ཀ་མི་འཐད་དེ། རྣམ་བཤད་ལས། ཁ་ཅིག །དོན་རྣམ་དང་ཤེས་རྣམ་གཉིས་སུ་ཕྱེ་ནས་བསྒོམ་བྱ་གང་ཡིན་མི་མཐུན་པ་སོ་སོར་འདོད་པ་ལ་ནི་སྙིང་པོ་ཅུང་ཟད་ཀྱང་མེད་དེ། མི་རྟག་པ་རྟོགས་པའི་ཡེ་ཤེས་བསྒོམ་བྱར་འདོད་པ་དེས་ཀྱང་མི་རྟག་པ་སྒོམ་པར་ཁས་ལེན་དགོས་ལ། ཞེས་གསུངས་པའི་ཕྱིར། ཁ་ཅིག །སྐབས་འདིར་བསྒོམ་བྱའི་གཉེན་པོའི་མཚན་ཉིད་འཇོག་མི་རིགས་ཟེར་ན། དེ་རིགས་པར་ཐལ། སྐབས་འདིར་གཞི་ཤེས་ཀྱི་རྣམ་པའི་མཚན་ཉིད་ཀྱང་འཇོག་རིགས། ལམ་ཤེས་ཀྱི་རྣམ་པའི་མཚན་ཉིད་ཀྱང་འཇོག་རིགས། རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་ཀྱང་འཇོག་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱི་སྐབས་སུ་འཇོག་རིགས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་ཀྱི་སྐབས་སུ་འཇོག་རིགས་པའི་ཕྱིར། གསུམ་པ་གྲུབ་སྟེ། དྲན་པ་ཉེར་བཞག་ནས་བཟུང་སྟེ། །ཞེས་སོགས་ཀྱི་སྐབས་སུ་འཇོག་རིགས་པའི་ཕྱིར། གཉིས་པ་རང་ལུགས་ནི། སྐབས་འདིར་རྣམ་པའི་དབྱེ་བ་བཤད་པ། རང་གི་མི་མཐུན་ཕྱོགས་ལ་དམིགས་པའི་གཉེན་པོའི་མཚན་ཉིད་ཤེས་པའི་ཆེད་དུ་ཡིན་ལ། འདིར་བསྟན་ཤེས་རྣམ་གཅིག་འདིར་བསྟན་གཉེན་པོའི་མཚན་ཉིད་དུ་སྟོན་པས། སྐབས་འདིར་གཉེན་པོའི་མཚན་ཉིད་སྟོན་པ་དོར་ནས་རྣམ་པའི་མཚན་ཉིད་གཙོ་བོ་འཇོག་པ་མི་འཐད་པར་འགྲུབ་བོ། །གཉིས་པ་ནི། ཉེར་ལེན་གྱི་ཕུང་པོ་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་མི་མཐུན་ཕྱོགས་དེའི་ལོག་ཕྱོགས་ཀྱི་རྣམ་པ་ཤར་བ་ཉིད་དུ་རྣམ་པར་བཞག་པ་ནི་ཆོས་ཅན། དགོས་པ་
ཡོད་དེ། ཉེར་ལེན་གྱི་ཕུང་པོ་རྟག་པ་ལ་སོགས་པར་འཛིན་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་སྒོམ་བྱེད་གཉེན་པོའི་མཚན་ཉིད་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉེན་པོའི་མཚན་ཉིད་ཀྱི་ཡན་ལག་ཤེས་པའི་རྣམ་པ་དེ་དག་ཀྱང་ཆོས་ཅན། རྣམ་པ་གསུམ་ཁོ་ནར་བཞེད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་ཏེ་ཁྱད་པར་གྱིས་དེ་ལྟར་བརྗོད་པའི་ཕྱིར།


previousརྣམ་རྫོགས་སྦྱོར་བའི་བསྒོམ་བྱ་བཤད་པ།next