གཅུང་དགེ་ལེགས་རྒྱ་མཚོ་ལ་ཕན་སེམས་གོ་འདོད་ཀྱི་ཚུལ་དུ་གདམས་པ།
༄༅། །གཅུང་དགེ་ལེགས་རྒྱ་མཚོ་ལ་ཕན་སེམས་གོ་འདོད་ཀྱི་ཚུལ་དུ་གདམས་པ། ༀ་སྭསྟི། ཀ་ར་བུ་རམ་སྦྲང་རྩི་ལ་སོགས་པ། །ཁ་ལ་ཞིམ་དགུའི་བཟའ་བ་མི་བདོག་ཀྱང་། །ག་ལེར་བརྟགས་ན་སེམས་ལ་འབབས་པ་ཡི། །ང་ཡི་བསླབ་བྱ་ཚིག་གསུམ་སྨྲ་ཡིས་གསོན། །ཅ་ཅོའི་སྨྲ་མང་གྲོགས་ཀྱི་རྣ་བར་གཟན། །ཆ་ལུགས་འཆོལ་སྤྱོད་ཚུལ་ཁྲིམས་འཆལ་བའི་རྐྱེན། །ཇ་ཆང་ཤ་ལ་སྲེད་པ་འཆིང་བའི་རྒྱུ། །ཉ་རྒྱས་ཟླ་ལྟའི་ཚུལ་ཁྲིམས་ཉམས་མེད་སྲུངས། །ཏ་ཐཱ་ག་ཏའི་བསྟན་དང་མཇལ་དུས་འདིར། །ཐ་མལ་དབང་དུ་སྒོ་གསུམ་མི་བཏང་བར། །ད་ལྟ་ཉིད་ནས་བརྩོན་པའི་དཔུང་བསྐྱེད་ལ། །ན་རྒ་འཆི་ཚེ་མི་འགྱོད་བློ་བདེ་མཛོད། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡི། །ཕ་མ་འགྲོ་ལ་ཉེ་རིང་བློ་སྤོངས་ཏེ། །བ་ཡི་བེའུ་སྐྱོང་བཞིན་ཐབས་མཁས་ཀྱིས། །མ་ལུས་འཕྲལ་ཡུན་བདེ་དགའི་དཔལ་ལ་སྦྱོར། །ཙཱ་གངས་ལ་སོགས་དབེན་པའི་ནགས་ཁྲོད་དུ། །ཚ་གྲངས་དཀའ་སྤྱོད་བཟོད་པ་ལྷུར་ལེན་པས། །ཛ་ཡའི་དགོངས་བཅུད་བློ་འདས་རྫོགས་པ་ཆེ། །ཝ་ལེར་རིག་སྟོང་གཉུག་མའི་རང་ཞལ་ལྟོས། །ཞྭ་མོའི་ཏོག་ལྟར་བླ་མ་སྤྱི་བོར་སྒོམས། །ཟ་འཐུང་ཕུད་ཀྱིས་མཆོད་དང་གསོལ་བཏབ་ན། །འ་འུར་བྱིན་རླབས་འཕོ་བའི་དབང་བསྐུར་གྱིས། །ཡ་མཚན་རྟོགས་པའི་རང་ཞལ་མཇལ་བར་ངེས། །ར་བ་བརྒལ་དཀའ་སྲིད་པའི་གྲོང་གནས་འགྲོ། །ལ་འུར་བདེ་ལྡན་ཞིང་དུ་དབུགས་དབྱུང་ཕྱིར། །ཤ་ཟན་གདོལ་ཕྲུག་བརྩོན་པའི་གོ་བགོས་ལ། །ས་བཅུ་ལམ་ལྔའི་མངོན་རྟོགས་ངོམ་པར་མཛོད། །ཧ་ཧ་གཅེན་གྱི་ཉམས་མཚར་བསླབ་བྱའི་ཕྲེང་། །ཨ་གྲོ་བན་ཆུང་དགྱེས་པའི་གསོས་སུ་འབུལ། །ཁྱེད་བློ་ཐོས་བསམ་སྒོམ་པས་རབ་ཕྱུག་སྟེ། །འཆད་རྩོད་རྩོམ་པའི་ལང་ཚོ་དར་གྱུར་ཅིག །ཅེས་པའང་རང་གི་གཅུང་དགེ་ལེགས་རྒྱ་མཚོ་ལ་ཕན་སེམས་གོ་འདོད་ཀྱི་ཚུལ་དུ་གདམས་པའོ། །