Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་མགོན་རིན་པོ་ཆེའི་མདུན།
   
   
   
   
   
   
   
   
   


 
previousའཇམ་མགོན་རིན་པོ་ཆེའི་མདུན།next

འཇམ་མགོན་རིན་པོ་ཆེའི་མདུན།


JKT020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྷར་བཅས་བསྟན་འགྲོ་ཡོངས་ཀྱི་གཙུག་རྒྱན་འཇམ་མགོན་བླ་མ་རིན་པོ་ཆེའི་ཞབས་པད་དུ། གུས་གསོལ། སྐུ་བསོད་ནམས་ཆེན་པོའི་གཟི་བྱིན་ལྷམ་མེར་གསལ། །གསུང་ཆོས་སྒོ་མཐའ་ཡས་པ་ལྷང་ངེར་སྤྲོ། ཐུགས་ཤེས་དང་ཤེས་བྱ་མི་ཕྱེད་པའི་ཡོན་ཏན་དང་ཕྲིན་ལས་གཞལ་དུ་མེད་པ་ནས་བཀའ་གླེགས་ཞིབ་མོ་ནོར་བུའི་མུ་ཀུ་ཊ་སྐྱེས་བཟང་པོའི་འཕྱངས་འཕྲུལ་ཅན་སྤྱི་བོར་སོན་པས་གུས་སྤྲོ་ཕན་ཚུན་འགྲན་བཞིན་འཕེལ་བ་ནི་ཟླ་བའི་ཆ་ཤས་གངས་ལ་འཛེགས་པ་ཇི་ལྟ་བའོ། །འདི་ན་མགོན་པོ་གང་གི་ཐུགས་རྗེའི་སྐྱབས་སྦྱིན་གྱི་འོག་ཏུ་ངལ་འཚོ་བའི་དགེ་སྦྱོང་རྒན་པོའང་། འདུ་ཁམས་ཤིན་ཏུ་མི་བདེ་བ་རྒྱུན་ཆགས་པ་ལས་བདག་གིར་བགྱི་བའི་ཚུལ་དུ་ཁུར་བཟོད་པར་བྱས་ཏེ་བསམ་གཏན་གྱི་ཁང་བུར་ཉམ་ཆུང་སེམས་ཆུང་འཁོས་ཆུང་དུ་འཁུམས་པར་མཚམས་རྒྱའི་མིང་གིས་སྒྲོ་བཏགས་ཏེ་མཆིས། མཚམས་ཞུས། ཇི་ཕེབས་ཤར་ཕྱོགས་ཏི་ཕུ་ཚུན་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་བཀོད་དེ། འབྲེལ་ཚད་དོན་ལྡན་གྱི་མཛད་པ་མཁའ་ཁྱབ་ཏུ་སྣང་བ་ནས་དེང་འཆི་མེད་གྲུབ་པས་བྱིན་གྱིས་བརླབས་


JKT020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་གྲྭར་ས་སྤྱོད་དམ་པའི་ཐུགས་ཀྱི་བཞེད་སྐོང་ཡེ་ཤེས་མགོན་པོ་རྣམ་པར་རོལ་པའི་ཞིང་ཁམས་འདུ་མཛད་པའི་ཆོ་འཕྲུལ་ལ་ཞུགས་པ་སོགས་བཀའ་དྲིན་བསམ་ལས་འདས། ན་ནིང་བདེ་གཟིར་སྐབས་སེམས་ཅན་སྤྱིའི་ལས་ཤུགས་བཟློག་དཀའ་ཞིང་། ལྷག་པར་སྙིགས་མའི་དུས་ཀྱི་སྐྱེ་བོའི་བསམ་སྤྱོད་སྨྱོན་པའི་ཟློས་གར་ལ་མཛད་ཐབས་བྲལ་བ་གཞིར་བཅས། ཟླ་ལ་སོགས་དུས་འགྱུར་མི་བཟད་པ་དེ་བཞིན་ཀླ་ཀློའི་འཇུག་པས་བསྟན་པའི་ལྷག་ཞབས་སྡུད་པ་ལ་ཡིད་སྐྱོའང་བྱ་ཐབས་བྲལ། ཕན་མཛད་རེ་རེ་ཙམ་ཡོད་དུ་ཟིན་ཀྱང་ཡིད་སྲུབས་ཀྱི་ཕྲིན་ལས་པ་རྣམས་ཀྱི་གཞན་དབང་གིས་དུག་སྦྲུལ་གདུག་པ་ཅན་གླལ་པའི་ཉེ་ལོགས་ཀྱི་མར་མེ་བཞིན་དུ་གྱུར། དེ་ལྟ་མོད་ཀྱི་སྐྱེས་བུ་དམ་པའི་ཐུགས་བསྐྱེད་ནི་ཚད་མེད་པས་ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་སོགས་ཀྱི་སྤྱན་སྔར་རྒྱལ་བསྟན་ལྔ་ཕྲག་ཐ་མ་ཕྱིར་བསྲིང་བའི་སྨོན་གསོལ་གྱི་བཀའ་དྲིན་ཀྱང་ཅི་གནང་ཞེས་གསོལ་བ་འདེབས་པ་ལགས། །སླད་མའི་ཆར་ཡང་། ཉི་མ་བཞིན་དུ་མཚན་དཔེའི་གཟི་བརྗིད་བསྐལ་བརྒྱར་གསལ། །ཟླ་སྟེར་བདུད་རྩིའི་སྙེམས་པ་འཕྲོག་པའི་ཆོས་ཆར་འབེབས། །རྫོགས་ལྡན་སྤྲིན་ལྟར་ཕན་བདེའི་ཕྲིན་ལས་ཀུན་ཏུ་ཁྱབ། །དམན་པ་བདག་ཀྱང་བྱང་ཆུབ་བར་དུ་དབུགས་འབྱིན་མཛོད། །ཅེས་ཞུ་གསོལ་འདེབས་མཚོན་རྣམ་པར་དཀར་།


JKT020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་རེག །རིན་ཆེན་དང་པོ་སྲུང་འཁོར་ལྔ་བཅས་ཟླ་༣ཚེས་༢༥དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་དངོས་པོ་ཀུན་གྱིས་བཏུད་དེ་ཞུ་ཆུང་དགེ། །།


previousའཇམ་མགོན་རིན་པོ་ཆེའི་མདུན།next