Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་བདག་གི་བསང་མཆོད་འདོད་རྒུ་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་བདག་གི་བསང་མཆོད་འདོད་རྒུ་ལྷུན་གྲུབ།next

གནས་བདག་གི་བསང་མཆོད་འདོད་རྒུ་ལྷུན་གྲུབ།


JSD004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདག་གི་བསང་མཆོད་འདོད་རྒུ་ལྷུན་གྲུབ་བཞུགས། བླ་མ་མཆོག་དང་རྩ་གསུམ་ལྷར། །བཏུད་ནས་གནས་བསང་མདོར་བསྡུས་བྲི། །བཟང་ཤིང་ཕྱེ་མར་གསུར་དུད་ལ། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཨོཾ་ཨཱཿཧཱུྃ། ཆོས་རྣམས་རང་བཞིན་སྟོང་པའི་ངང་ཉིད་ལས། །བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འཕྲོས་པའི་འོད་ཀྱིས་མགྲོན་རྣམས་སྐད་ཅིག་ལ། །སྤྱན་དྲངས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཨ་བཛྲ་སྠཱན་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛ། པདྨ་ཀ་མ་ལ་ཡེ་ཧཱུྃ། ཧཱུྃ། གདོད་ནས་སྟོང་ཆེན་གཉུག་མའི་རང་མདངས ལས། །མ་འགགས་ཐབས་ཤེས་སྒྱ་མར་འཕྲུལ་པའི་མགྲོན། །རྩ་གསུམ་དམ་ཅན་སྤྱི་དང་ཁྱད་པར་དུ། །དབེན་གནས་གཉེན་པོ་ཁྲ་དཀར་སེ་གསུམ་


JSD004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྟེན་བཅས་བ་་་་་གསུམ་སྤྱན་སྔར་དམ་མནོས་པའི། །རྡོ་རྗེའི་ཆོས་སྲུང་སྡེ་གསུམ་དྲེགས་པའི་ཚོགས། །མ་ལུས་འཁོར་འདས་དགྱེས་པའི་མཆོད་སྤྲིན་ནི། །ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ། །རྣམ་པ་དུད་སྤྲིན་ས་དང་བར་སྣང་ཁྱབ། །བདེ་ཆེན་འདོད་རྒུའི་རྣམ་རོལ་མཐའ་ཀླས་པ། མི་ཟད་ནམ་མཁའ་མཛོད་དུ་སྤྲོས་པ་འདིས། །སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། །འདས་དང་མ་འདས་ཆོས་སྲུང་རྒྱ་མཚོ་བསང་། །དངོས་གྲུབ་སྩོལ་ལ་རྣམ་བཞིའི་ཕྲིན་ལས་སྒྲུབས། །ཁྱད་པར་ཡུལ་འདིའི་གཞི་བདག་གནས་ཀྱི་བདག །གབ་སྦས་རྟག་ཆགས་མིང་མཚན ཐོན་མ་ཐོན། །ཞི་ཆགས་ཁྲོ་བོའི་ཚུལ་འཆང་མ་ལུས་བསང། །ཐུགས་དམ་དགྱེས་སྐོང་འགལ་འཁྲུལ་ཅི་མཆིས་བཤགས། །ཀོ་ལོང་རུ་ང་འཁུ་ལྡོག་


JSD004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཛད་པར། །ཕྱོགས་བཅུ་ཀུན་དང་ཁྱད་པར་དབེན་གནས་འདིའི། །ཡོན་མཆོད་མི་ནོར་རྣལ་འབྱོར་་་་་བ་མཆོག་ལ། །མེལ་ཚེ་ཁ་མགོན་སྡོང་གྲོགས་མ་གཡེལ་བར། །ནད་གདོན་ཞི་དང་ཚེ་བསོད་ཡོན་ཏན་རྒྱས། །ཁམས་གསུམ་དབང་བསྡུས་དགྲ་བགེགས་རྡུལ་དུ་རློགས། །མདོར་ན་བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །བར་དུ་གཅོད་པའི་འགལ་རྐྱེན་ཀུན་སོལ་ལ། །ལེགས་པའི་མཐུན་རྐྱེན་ཡིད་བཞིན་ལྷུན་གྲུབ་ནས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པ་དང། །བཀྲ་ཤིས་སྣང་བས་ས་གསུམ་ཡོངས་འགེངས་ཤོག །ཅེས་པའང་དབེན་པའི་གནས་མཆོག་ཁྲ་ཆོག་གྲུ་འཛིན་གཉིས་པའི་གནས་འཛིན་བཙུན་མ་རྣམས་ནས་དར་བཅས་བསྐུལ་ངོར་རྒྱལ་ཁམས་པ་བཛྲ་ཀྲོ་དྷཱ་རཱཛས་གང་དྲན་ཆལ་ཆོལ་དུ་བྲིས་པའོ།། །།


JSD004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནས་བདག་གི་བསང་མཆོད་འདོད་རྒུ་ལྷུན་གྲུབ།next