གཉིས་པ་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ།
གཉིས་པ་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་ནི།
དངོས་པོ་ཆོས་ཅན། དོན་དམ་པར་བདེན་པའི་སྐྱེ་བ་མེད་དེ། དོན་དམ་པར་བདག་ལས། གཞན་ལས། གཉིས་ཀ་ལས། རྒྱུ་མེད་ལས་མི་སྐྱེ་བས་སོ། །རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་པར་འབྲས་བུ་ཡོད་ཟིན་མི་སྐྱེ། མེད་པ་མི་སྐྱེ་བས་སོ། །རིགས་པ་དྲུག་ཅུ་པར། ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པ་ནམ་མཁའི་པད་མ་བཞིན། །ཞེས་སོ། །བཞི་བ་རྟེན་འབྲེལ་གྱི་རྟགས་ནི། ཆོས་ཅན་ཆོས་འདྲ། རྟེན་འབྲེལ་ཡིན་པས་སོ། །སྒྱུ་མ་བཞིན་ནོ། །བློ་གྲོས་རྒྱ་མཚོའི་མདོར། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་སོ། །ལྔ་བ་མུ་བཞི་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་པར་རྒྱུ་དུ་མས་འབྲས་བུ་གཅིག་དང་དུ་མ་མི་བྱེད།དོན་དམ་པར་རྒྱུ་གཅིག་གིས་འབྲས་བུ་གཅིག་དང་དུ་མ་མི་བྱེད་པས་སོ། །བདེན་གཉིས་ལས།དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་པའང་མིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་སོ། །རྩ་སྦྱོར་འགོད་ཚུལ་དང༌། ཚུལ་སྒྲུབ་ཚུལ་སོགས་བདག་གིས་གཞན་སྟོང་དབུ་མའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན་བཅུ་བའི་སྐབས་སུ་ཅུང་ཟད་བཀོད་ཡོད་ལ། ཐེག་མཆོག་དབུ་མའི་རབ་བྱེད་དྲུག་པའི་རྩ་འགྲེལ་དུ་བདག་མེད་གཉིས་སྒྲུབ་བྱེད་དང་བཅས་རྒྱས་པར་གཏན་ལ་ཕབ་ཡོད་པས་དེར་ཤེས་པར་བྱའོ། །གཞན་སྟོང་དབུ་མ་ཆེན་པོའི་དྲང་ངེས་རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོར་རྒྱ་གར་འཕགས་པའི་གཞུང་ཆེན་ཚད་ཐུབ་སྟོང་ཕྲག་ལྷག་ཅིག་བཀོད་ནས་འཁོར་ལོ་རིམ་པ་གསུམ་དང་སྔགས་རྒྱུད་སྡེ་བཞི་དང་བཅས་པ་དྲང་ངེས་ཞིབ་པར་བཤད་པ་ལས་ཤེས་དགོས་པ་ལས།འདི་ཙམ་གྱིས་ཕྱོགས་སྟོན་ལས་ཕྲ་ཞིབ་ནས་ཤེས་པར་མི་ནུས་སོ། །ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་སོགས་ལ་ལེགས་པར་མཇལ་ན་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྔགས་ཡོངས་རྫོགས་ཀྱི་དགོངས་པ་འདི་འདྲ་རེད་སྙམ་པའི་ངེས་པ་རྙེད་ཐུབ་ལ། དཔེར་ན་རང་གི་ངེས་པ་མ་རྙཻད་ན་ཡང་གྲུབ་མཐའ་གཞན་གྱི་འདོད་པ་བཤད་ན་གྲུབ་མཐའ་འདིས་འདི་ལྟར་བཞེད་འདུག་སྙམ་པ་བློ་ལ་ཤར་ཐུབ་པར་ལྟར་རྒྱལ་བའི་ལུང་གི་ཆོས་འཁོར་ཡོངས་རྫོགས་ཀྱི་དགོངས་པ་འདི་ལྟར་གསུངས་པ་རེད་ཅེས་བློ་ལ་ཤར་ཐུབ་པ་ཞིག་གསལ་བར་བཤད་ཡོད་པ་རེད། འོན་ཀྱང་རང་རང་བློ་གྲོས་དང་བསོད་ནམས་དང༌། གོམས་པ་སྔ་བཙན་སོགས་ཀྱིས་བློ་ལ་བབ་མི་བབ་སྣ་ཚོགས་ཡོད་སྲིད་པའོ། ། དེ་ཡང་ཆོས་རྗེ་ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་ཤགས་འབྱེད་བསྡུས་པ་ལས། མ་རྟོགས་པའི་རྒྱུ་ནི། བློ་གྲོས་དམན་པ་དང༌། དམ་པའི་གདམས་ངག་དང་བྲལ་བ་དང༌། སྒོམ་པའི་ཉམས་རྟོགས་མེད་པ་དང༌། ང་རྒྱལ་དང༌། རློམས་པའི་ཁེངས་པ་དང༌། སྐྱོ་མ་སྔ་བཙན་དང༌། ཁ་མང་ཉུང་གི་བདེན་རྫུན་དུ་འཇོག་པ་ལ་སོགས་པ་ཡིན་མོད་ཀྱི་བདག་གིས་ནི་དང་པོར་གཞུང་ལུགས་ཆེན་པོ་རྣམས་ལ་མང་དུ་ཐོས་པ་བགྱིས་ཤིང༌། དེ་ནས་རྒྱ་བོད་ཀྱི་གདམས་ངག་ཟབ་པར་གྲགས་པ་རྣམས་ལ་ཉམས་ལེན་བགྱིས་ནས། སོ་སོའི་ཉམས་རྟོགས་ཀྱང་ཐད་ཀ་ཐད་ཀར་སྐྱེས་ལ། དེ་ནས་རྩ་རྒྱུད་ཆེན་པོ་རྣམས་ཀྱི་ངེས་དོན་དཔལ་ལྡན་ཀ་ལ་པའི་གདམས་ངག རིགས་ལྡན་ས་བཅུ་བ་རྣམས་ཀྱི་སྙིང་གཏམ་ཟབ་མོ་ཐུན་མོང་མ་ཡིན་པ་དང་མཇལ་བའི་བྱིན་རླབས་ཅུང་ཟད་ཞུགས་པ་ལ་བརྟེན་ནས། བདག་འཛིན་ཅན་གྱི་པནྚི་ཏ་རྣམས་དང༌། ཉམས་རྟོགས་ཅན་གྱི་སྒོམ་ཆེན་པ་ཕལ་དང༌། གསང་སྔགས་འཛིན་པ་ཆེན་པོར་རློམ་པ་ཕལ་གྱིས་མ་རྙེད་མ་རྟོགས་ལ་ཁུངས་མ་ཆོད་པའི་གནད་ཟབ་མོ་མང་དུ་རྙེད་ཅིང༌། རྟོགས་པ་བཟང་པོ་ནང་ནས་རྡོལ་བའི་ཕྱིར། ཉམས་རྟོགས་ཅན་གྱི་སྒོམ་ཆེན་པ་ཕལ་དང༌། གསང་སྔགས་འཛིན་པ་ཆེན་པོར་རློམ་པ་རྣམས་མ་ཟད་དོན་འདི་ལ་སངས་རྒྱས་ཀྱིས་ཀྱང་ངེས་པར་བཟློག་པར་མི་སྤྱོད་ཅིང༌། ཐེ་ཚོམ་དྲི་རྒྱུ་མེད་པའི་ངེས་ཤེས་ཁྱད་པར་ཅན་མཆིས་པའི་ཕྱིར་རོ། །ཅི་སྟེ་ཡང་ངེས་ཤེས་དེ་ཀུན་རབ་རིབ་མུན་སྒོམ་མམ་ལོག་ཤེས་ཡིན་གྱི་ཤེས་བྱེད་ཀྱི་ལུང་ཡང་དག་མེད་དོ་སྙམ་ན་མེད་པ་མ་ཡིན་ཏེ། ས་བཅུ་གཉིས་པ་རྣམས་དང༌། ས་བཅུ་བ་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་མཁས་གྲུབ་དམ་པ་རྣམས་ཀྱི་ལུང་གསལ་བོ་རིགས་པ་དང་བཅས་ཤིང་མན་ངག་དང་བཅས་པ་ཤིན་ཏུ་མང་བར་ཡོད། ཅེས་དང༌། ཡང་འདི་རྣམས་ལ་གསང་བ་ཟབ་མོ་ཐུན་མོང་མ་ཡིན་པའི་གདམས་ངག་ཏུ་བདོག་པས། དེ་རྣམས་བློར་ཤོང་བ་ལ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ནོར་གྱིས་ཕྱུག་ཅིང་ཕྱོགས་ཞེན་དང་སྐྱོ་མ་སྔ་བཙན་ལ་སོགས་པའི་གཅུང་ནད་དང་བྲལ་ལ། ཁ་མང་ཉུང་གི་བདེན་རྫུན་དུ་འཇོག་པ་ལ་སོགས་པ་ལུགས་ངན་པའི་གདོན་ལས་གྲོལ། ཞེས་དང༌། སངས་རྒྱས་བཅོམ་ལྡན་འདས་དང༌། རིགས་གསུམ་མགོན་པོ་དང༌། རྡོ་རྗེ་སྙིང་པོ་དང༌། མགོན་པོ་བྱམས་པ་ལ་སོགས་པ་ས་བཅུའི་དབང་ཕྱུག་དམ་པ་རྣམས་དང༌།འཕགས་པ་ཐོགས་མེད་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་པ་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་དང༌། མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་པ་དཔང་དུ་བྱས་པའི་ཕྱིར་དང༌། དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་ཁུང་དུ་ཆུད་ནས་སྒྲོ་སྐུར་སྤངས་ཏེ་བྲིས་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ལེགས་པར་ཤེས་པ་ལ་སྔགས་བླ་མེད་ཀྱི་རྒྱུད་སྡེ་ལ་ལྟ་དགོས་ལ། གཞན་སྟོང་གི་ལྟ་གྲུབ་ནི་མདོ་སྔགས་ཀྱི་ལྟ་བའི་མཚམས་སྦྱོར་གྱི་ལྟ་གྲུབ་བླ་མ་མེད་པ་ཡིན། དེ་ཤེས་པ་ལ་དཀོན་མཆོག་སྤྲིན་མདོ་སོགས་ལས་ཚེ་རབས་མང་པོར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་བཅས་དགོས་པར་བཀའ་བསྩལ་བ་ལྟར་ཚོགས་བསགས་སྒྲིབ་སྦྱོང་གི་རྒྱབ་རྟེན་དང་བཅས་ཏེ་དཔལ་ལྡན་བླ་མ་དང་དབྱེར་མ་མཆིས་པའི་ལྷག་པའི་ལྷ་ལ་གསོལ་བ་རྩེ་གཅིག་བཏབ་སྟེ་གཞུང་ལུགས་ལ་ཀུན་སློང་རྣམ་དག་གིས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱས་ན་སྤྲོས་བྲལ་ཟབ་མོའི་ལྟ་བ་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་རྟོགས་པར་འགྱུར་བའོ།། །།
སྨྲས་པ། རྒྱལ་བསྟན་སྤྱི་དང་རྒྱལ་བ་ཇོ་ནང་བའི། །མདོ་སྔགས་བསྟན་པ་ཡོངས་རྫོགས་མ་ནོར་ལམ། །ཕྲད་པའི་སྐལ་བཟང་རྨད་དུ་བྱུང་བ་འདིར། །འཆད་རྩོད་རྩོམ་པས་སྙིང་པོ་ལེན་ལ་བྲེལ། །ཀུན་གསལ་སྟོང་བའི་འོད་གསལ་ཆོས་ཀྱི་དབྱིངས། །ལྟ་ངན་ཆུ་འཛིན་སྟུག་པོས་བསྒྲིབས་གྱུར་བ། །ལུང་རིགས་བསྐལ་བའི་རླུང་གིས་རབ་བསྐྱོད་ནས། །གཞན་སྟོང་ཆོས་ཀྱི་འོད་སྟོང་གཟི་འོད་འབར། །ཀུན་རྟོག་ངན་པས་རང་བཟོའི་དྲི་སྤངས་ནས། །དོལ་པོ་སངས་རྒྱས་སྲས་དང་བཅས་རྣམས་དང༌། །རྗེ་བཙུན་སྒྲོལ་མགོན་བཞེད་དགོངས་ཇི་བཞིན་དུ། །ལུང་རིགས་ཞིབ་མོའི་ལེགས་བཤད་འོད་སྟོང་འབར། །བདེན་གཉིས་ཟབ་རྒྱས་ཕྲ་ཞིང་རྟོགས་དཀའི་གནས། །བདག་ནི་ཉེས་བརྒྱའི་རྩ་བ་མ་རིག་ཆེ། །མ་བཤད་ལོག་བཤད་དོན་མི་འགྱུར་སྲིད་ན། །བདེ་གཤེགས་སྙིང་པོའི་ཆོས་ལ་བཟོད་པར་གསོལ། །དྲང་ངེས་ལེགས་པར་བཤད་པའི་དགེ་ཚོགས་ཀྱིས། །ནམ་མཁའི་མཐའི་གཏུགས་གྱུར་བའི་མ་རྣམས་ཀུན། །རྫོགས་ལྡན་དམ་ཆོས་ཆོས་དབྱིངས་མྱུར་མངོན་ཞིང༌། །མཐར་ཐུག་སྐུ་བཞིའི་ས་ལ་གནས་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་རྣམ་ཀུན་ཏུ། །གཞན་སྟོང་དབུ་མའི་ལྟ་སྒོམ་སྤྱོད་གྱུར་ཞིང༌། །ཐུབ་བསྟན་ཕྱོགས་མཐར་སྤེལ་ལ་མཐུ་གྲུབ་ནས། །རྒྱལ་བའི་མདོ་སྔགས་ཆོས་ཀུན་འཛིན་གྱུར་ཅིག །སྤྱན་རས་གཟིགས་མགོན་བསྟན་སྲུང་སྐུར་བཞེངས་པའི། །དཔལ་ལྡན་དྲཀྴད་མགོན་པོའི་འཕྲིན་ལས་ཀྱིས། །ངེས་དོན་སྙིང་པོ་གསང་ཆེན་ཟབ་མོ་ཆེ། །ཕྱོགས་ཀུན་དར་རྒྱས་ཡུན་རིང་གནས་པར་མཛོད། །
ཅེས་དྲང་ངེས་ལེགས་པར་རྣམ་པར་ཕྱེ་བ་རྒྱལ་བའི་དགོངས་པ་ཞེས་བྱ་བ་འདི་ནི་སྔར་མཁན་དགེ་འདུན་རྒྱ་མཚོ་སོགས་དང༌། གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་དཔེ་སྒྲིག་ཚོགས་ཆུང་གིས་སྒྲོལ་མའི་སྐུ་རྟེན་དར་བཅས་བསྐུལ་བ་དང༌། སླད་ནས་༢༠༢༡ལོའི་རིས་མེད་སློབ་གླིང་གི་ཐེངས་དགུ་བའི་ཕར་ཕྱིན་མཐར་ཕྱིན་འཛིན་གྲྭའི་འདུས་སྡེ་རིན་པོ་ཆེ་ནས་སྐུ་གསུང་ཐུགས་རྟེན་བཅས་ཐེངས་གསུམ་ཞུས་པའི་ངོར་ཨ་སྐྱོང་དགོན་ནས་བཀའ་དྲིན་ནམ་མཁའི་མཐའ་ལས་རིང་བའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་རྒྱལ་བསྟན་ལ་ཡིད་ཆེས་ཀྱི་དད་པ་ཐོབ་པའི་ངག་དབང་དངོས་གྲུབ་དཔལ་གྱིས་ལྕགས་གླང་ལོའི་ཧོར་ཟླ་དང་པོའི་ཆོ་འཕྲུལ་གྱི་ཚེས་དྲུག་ལ་དབུ་བཟུང་ནས་ཉིན་བཅུ་གསུམ་གྱིས་མཇུག་ལེགས་པར་གྲུབ་པར་བྱས་པའོ། །འདིས་ཀྱང་རྒྱལ་བསྟན་སྤྱི་དང་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལས་བརྩམས་པའི་དྲང་ངེས་ཀྱི་ཚུལ་ལེགས་པར་རྟོགས་པར་གྱུར་ཅིག མངྒ་ལཾ།དགེའོ།། །།