Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས།
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས།next

ཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས།


CMR012_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ། །གཞན་ལ་ཤིན་ཏུ་གསང་རྒྱའོ།།


CMR012_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡི་མཱནྟ་ཀ་ཀྲོ་ཏ་ཡེ། རིགས་གསུམ་འདུས་པའི་ཁྲོ་བོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སུམ་ལྡན་བླ་མས་བཀས་བསྐུལ་ཕྱིར། །ཞལ་ཤེས་སྙན་བརྒྱུད་རྣམ་གསུམ་བཀོད། །གནམ་ལྕགས་གོ་མཚོན་ཡིག་ཆུང་ལས། །ཐུན་གཏོར་འདི་ལ་ཟབ་ཁྱད་ཀྱི། །ཞལ་ཤེས་གསུམ་ཡོད་ཐུགས་ལ་གབ། །གསུངས་པའི་དོན་ནི་འདི་ལྟ་སྟེ། ་།ཐུན་མཚམས་སམ་ནི་རྒྱུན་ཁྱེར་ལ། །དམར་གཏོར་གཅིག་བཤམ་ཆུས་བྲན་ལ། །གཏོར་སྣོད་ལྕགས་སྲེག་ཧོམ་ཁུང་བསམ། །གཏོར་མ་དགྲ་བོ་དངོས་སུ་བསམ། །སྤྲུལ་པའི་ཕོ་ཉ་དཔག་མེད་ཀྱིས། །བྱིའུ་ཁྲ་ཡིས་


CMR012_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གཅུམ་པའམ། །རྔོན་པས་རི་དྭགས་དེད་པ་ལྟར། །བཀུག་ནས་གཏོར་མ་ཉིད་ལ་བསྟིམ། །གཞུང་ལྟར་བདེན་བདར་ལན་གསུམ་རྗེས། །རྩ་སྔགས་ཤམ་བུ་དུ་ཏྲི་སོགས། །བླ་འགུགས་བདུན་ནམ་ཉེར་གཅིག་བརྗོད། །གཏོར་མ་དགྲ་བོར་གསལ་བ་ཡི། །སྙིང་དཀྱིལ་ཁོ་རང་ཐོག་མེད་ནས། །བསགས་པའི་ལས་ངན་སྡིག་སྒྲིབ་དེ། །གནམ་ལྕགས་འཁོར་ལོ་རྩིབས་དྲུག་པ། །དང་པོ་ཆུང་ངུ་གཅིག་ཡོད་པས། །ལས་ངན་རླུང་གིས་གཡོན་དུ་འཁོར། །ཤུགས་དྲག་མྱུར་འཁོར་ཇེ་ཆེར་སོང་། །རྣ་ཡིག་ཚེ་སྲོག་དོན་སྙིང་དང་། །ཤ་ཁྲག་ཐམས་ཅད་དམར་ཉིལ་གཏུབ། །


CMR012_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་ལོ་མི་དམིགས་གྱུར། །ཁོ་ཡི་ཚེ་བསོད་ནུས་མཐུ་རྣམས། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གི །རྣམ་པར་རང་གི་གནས་གསུམ་ཐིམ། །བཀྲག་མདངས་གཟི་བརྗིད་སྔར་ལས་རྒྱས། །རྣམ་ཤེས་ངོ་བོ་ཨ་དཀར་པོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་སུ། །རྒྱལ་བ་གཅིག་གི་ཐུགས་ཀར་ཐིམ། །ཆོས་སྐུ་སྐྱེ་མེད་ཐོབ་པར་དམིགས། །ཁོ་ཡི་ཤ་ཁྲག་བླ་ཚེ་སྲོག །གཏོར་སྣོད་བྷན་ལྕང་ལོ་ཅན། །གྲུ་གསུམ་ཡངས་ཤིང་རྒྱ་ཆེའི་ནང་། །སྦེ་སྣུམ་རོ་བཅུད་ལྡན་པ་ཡིས། །དམར་དང་མེ་རེ་གང་བར་བསྒོམ། །ཤ་ཁྲག་བདུད་རྩིར་མི་བསྒྱུར་བར་། །དེ་དག་བསྔོ་བ་རྣོ་བའི་གནད། །།གནམ་ལྕགས་འཁོར་ལོ་འཁོར་བའི་ཚེ། །རྩ་སྔགས་ལ་ནི་བསད་སྔགས་བཏགས། །བདུན་ནམ་ཉེར་གཅིག་བརྒྱ་ལ་སོགས། །མང་ཉུང་དོ་གལ་ཆེ་ཆུང་བསྟུན། །གཤིན་རྗེའི་ཤ་ཁྲག་ཟོས་བསྒོམ་ཚེ། །རྩ་སྔགས་བ་ལཾ་ཁཱ་ཧི་སོགས། །གནོད་བྱེད་བྱེད་མ་ཞེས་པ་རྣམས། །གང་ཡིན་ཆེ་གེའི་མིང་འཇུག་བྱ། །ཁྱད་ཟློག་རང་སྲུང་གཙོར་བཏོན་ན། ༈ །ཨེ་དྲག་པོ་ཆོས་དབྱིངས་གཤིན་རྗེ་སོགས། །གཞུང་གི་ཟློག་ཐུང་དེ་ཉིད་འདོན། །བསད་པ་ཁོ་ན་ཡིན་ན་ཡང་། །ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་


CMR012_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་། །ཁྲོ་ཆུའི་བསྐུལ་པ་ཆེན་པོ་འདོན། །དེ་ནས་རོལ་མོ་དང་བཅས་པས། །བསད་བཟློག་གང་ཡིན་སྔགས་གཅིག་བརྗོད། །གཏོར་མ་མཆོད་གཡོག་བཀྱག་གམ་ལག་ཏུ་ཐོགས། །ཕྱོག་གཙང་དགྲ་ཕྱོགས་འགྲིགས་ན་ཟོར་དུ་འཕང་། །ཕྱོགས་མ་འགྲིགས་ན་དགྲ་ཕྱོགས་འབུལ་དུ་བཅུག །དམིགས་པ་གཤིན་རྗེས་ཟོས་ལྷག་གཏོར་མ་དེ། །རང་གི་ཐུགས་ཀའི་འོད་ཟེར་དང་། །མཁའ་འགྲོ་རྣམས་དང་སྣང་སྲིད་ལྷ་འདྲེ་དང་། །བདུད་དང་སྡེ་བརྒྱད་ཀུན་གྱིས་བཅུད་བསྡུས་ནས། །ངོ་བོ་འཇིག་རྟེན་དུག་རྫས་སྣ་ཚོགས་ལ། །རྣམ་པ་གནམ་ལྕགས་ཁྲོ་ཆུ་ཁོལ་མ་ལས། །གྲུབ་པའི་རི་བོ་ཟུར་གསུམ་རྣོ་ངར་ཅན། །མདའ་མདུང་རལ་གྲི་སྤུ་གྲི་ཆུ་གྲི་སོགས། །རྣོ་དབལ་མཚོན་ཆའི་ཚོགས་ནི་རྩི་ཤིང་ལྟར། །གདུག་པའི་མེ་དཔུང་དམར་ནག་འབར་ཞིང་འཁྲུག །དུག་ཆེན་ཧ་ལའི་རླངས་པ་སྔོ་དམར་འཕྱུར། །དགྲ་བོ་གར་གནས་འོག་གཞི་འབྱུང་རིམ་བརྩེགས། །ཁོ་ཡི་སྦྲ་ཁང་གྲུ་གསུམ་ཧོམ་ཁུང་བསམ། །ཁོ་ཉིད་གན་རྐྱལ་སྙིང་དཀྱིལ་ནི་ཡིག་མཚན། །རང་ཉིད་ཁྲོ་ཆུར་གསལ་བའི་ཕྱག་གཡས་ཀྱིས། །ནམ་མཁའི་དབྱིངས་སུ་ཕྱུར་བའི་དགྲ་བོ་ལ། །བརྒྱབས་པས་གཏོར་


CMR012_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཕུར་པའི་རྩེ་འདྲ་བ། །སྲོག་ཡིག་ཚྭ་ལ་བརྒྱབས་པས་སྲོག་རྩ་བཅད། །དཔེར་ན་ནམ་མཁའི་དབྱིངས་ནས་ཐོག་བརྒྱབ་ལྟར། །འོག་གཞི་འབྱུང་བ་བཞི་ཡི་རིམ་སོང་ཕུག །དགྲ་ལུས་ས་དང་བསྲེས་ཏེ་རྣམ་ཤེས་ཕྲལ། །འོག་གཞི་རྒྱ་མཚོ་དང་བསྲེས་ཚེ་བསོད་བཀྲུས། །དེ་འོག་མེ་ཡི་དཀྱིལ་འཁོར་དང་བསྲེས་ནས། །སྟོབས་ནུས་ཁོ་ཡི་ཕུང་པོ་དང་བཅས་པ། །གཞོབ་བུན་ཐུལ་གྱིས་བསྲེགས་ནས་ཐལ་བ་དེ། །འོག་གཞི་རླུང་གི་དཀྱིལ་འཁོར་དང་བསྲེས་པས། །ཐལ་བ་གཏོར་ནས་རྗེས་མེད་བརླག་པར་བསམ། །ཀུན་གཞིའི་རྣམ་ཤེས་ནམ་མཁའ་དང་བསྲེས་པས། །འཁྲུལ་སྣང་འགགས་ནས་ཆོས་ཉིད་ཀློང་དུ་ཐིམ། །དེ་རྗེས་རྩ་སྔགས་མཇུག་ཏུ་ཟློག་བསད་སྔགས། །ཟློག་བསད་གང་ཡིན་སྐབས་འཇུག་སྔགས་བཟླའོ། །རྩ་སྔགས་མཇུག་ཏུ་ཟློག་བསད་སྔགས་གཉིས་པོ། །ཟློག་སྔགས་མཇུག་ཏུ་ཐལ་མོ་བརྡབས་པ་ཡིས། །དེ་ནས་ཐལ་མོ་བརྡབ་པའི་དམིགས་པ་ནི། །རང་ཉིད་ཁྲོ་ཆུ་རྩ་ཕྱག་གཡས་པ་ཡིས་། །ཕྱག་མཐིལ་འཛམ་གླིང་ཁྱོན་ཙམ་རྒྱ་ཆེ་བ། །སྲ་མཁྲེགས་རྡོ་རྗེ་ཕ་ལམ་རྒྱུ་ལས་གྲུབ། །གཡོན་གྱི་མཐིལ་དུ་མཚོན་ཆའི་ས་གཞིའི་དབུས། །ནྲྀ་ཏྲི་ལས་བྱུང་གནོད་བྱེད་གང་


CMR012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གསལ། །སྤྲུལ་པ་ཁྲོ་ཆུང་རླུང་ནག་འཚུབ་མའི་ཚོགས། །སྤྲོས་པས་བཀུག་ལ་ཕྱག་གཡོན་གཟུགས་ལ་བསྟིམ། །ཕྱག་གཡས་མཐིལ་གྱིས་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་ལྡན་ཐབས་གནས་པའི་རྩིབས་རྩེར་ནི། །གཤིན་རྗེ་མཚོན་ཐོགས་མང་པོ་སྐར་ལྟར་འཕྲོ། །འཁོར་ལོའི་ལྟེ་བར་ཆུ་གྲི་རབ་རྣོ་བར། །རྩ་བ་སྲ་མཁྲེགས་རྩེ་མོ་རབ་ཏུ་རྣོ། །ཕྱག་གཉིས་དྲག་ཏུ་བརྡབས་པས་ཆུ་གྲི་དེ། །དམིགས་བྱའི་སྙིང་ཁར་བརྒྱབས་པས་སྲོག་རྩ་བཅད། །ཤ་ཁྲག་དམར་ཉིལ་ཁྲག་སྐྱོ་ལྟར་དཀྲུགས་ནས། །ཁོ་ཡི་ལྷ་སྲུང་གཤིན་རྗེའི་ཚོགས་སུ་གྱུར། །ཤ་ཁྲག་དབང་པོ་དོན་སྙིང་ཧབ་ཐོབ་ཟོས། །ལྷག་རོལ་ཐམས་ཅད་བསྐལ་པའི་མེ་འབར་བསྲེགས། །དེ་ནས་འཁོར་ལོ་བསྐལ་པའི་ཆུ་བྱུང་བཀྲུས། །དེ་རྗེས་འཁོར་ལོ་བསྐལ་པའི་རླུང་བྱུང་གཏོར། །རྣམ་ཤེས་ཚུ་ཡིག་གྱུར་པའི་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་རྒྱལ་བའི་ཐུགས་ཀར་ཐིམ། །ཐལ་རྡེབ་རེ་དང་ཟློག་བསད་སྔགས་རེ་སྤྱད་། །ཐལ་མོ་དགུ་བརྡབ་བྱད་མ་འབུམ་རྡུགས་ཡིན། །བསད་པ་ཡིན་ན་བསད་སྔགས་རེ་དང་སྤྱད། །དེ་ལྟར་ལྟེ་བར་ཆུ་གྲི་བསྒོམ་པ་དེ། །སྔགས་པ་དང་ནི་བོན་པོ་ལ་ཡིན་


CMR012_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །བེན་དེ་ཡིན་ན་གསེར་གྱི་རྡོ་རྗེ་ནི། །ར་དགུ་ལྡིང་ཞིང་རྣོ་ངར་ལྡན་པའོ། །བཙན་པོ་ལ་ནི་གནམ་ལྕགས་རྡོ་རྗེ་ནི། །ཕུར་པ་རྣོ་ངར་ཚྭ་ཚྭ་འཕྲོ་བར་བསྒོམ། །བུད་མེད་ལ་ནི་སྤུ་གྲི་འབར་བར་བསམ། །དེ་བཞིན་སྐྱེས་པར་རལ་གྲི་རྣོ་ངར་ཅན། །དེ་དག་ཀུན་ཀྱང་རྩ་བ་རབ་ཏུ་བརྟན། །རྩེ་མོ་སྤུ་གྲི་བསམ་ཆོད་འབར་བ་བསྒོམ། །བསྙེན་པ་ལ་སོགས་གོང་ལྟར་མཚུངས་པ་ཡིན། །བྱེ་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་ཡིན། །སྔགས་ཀྱིས་བསྒྱུར་ཁས་ཟློག་པ་གང་འདོད་འགྲུབ། །འདི་ཉིད་བྲིས་པས་བརྩེ་བྲལ་བསྟན་བཅོས་ཀྱི། །ཉེས་པ་གང་མཆིས་ཡི་དམ་ལྷ་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་མཐོ་གྱུར་ཅིག །འདི་དག་གསལ་བར་བཀོད་པ་མི་འོས་ཏེ། །དཀོན་མཆོག་ཀུན་འདུས་བླ་མའི་བཀས་བསྐུལ་ཕྱིར། །སྙིགས་དུས་སྔགས་ནག་རཱ་ག་ཨ་སྱས་སྨྲས། །གསང་རྒྱ། སྦས་རྒྱ། གཞན་ལ་མ་སྤེལ་རང་སྲོག་བཙའ་བར་གྱིས། །སྔགས་པ་དམ་མེད་ལག་ཏུ་སོང་གྱུར་ན། །ལུས་སེམས་ཕྱེ་མར་བརླག་པའི་བཀའ་རྒྱ་ཡོད། །སྤྱི། །


previousཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས།next