ལམ་ལྷའི་བསང་མཆོད་མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་པ།
ལམ་ལྷའི་བསང་མཆོད་མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་པ་བཞུགས་སོ།།
འདི་ཕྱོགས་བཅུའི་མུན་སེལ་པདྨ་དཀར་པོ་སོགས་མདོ་རྒྱུད་མན་ངག་དུ་མའི་དོན་འདུས་པར་ཡོད་པས་ཟབ་རྒྱ་ཆེའོ། །ལམ་ལྷའི་བསང་མཆོད་འགྲོ་ཁ་ཕྱེ་མར་དང་ཤུག་པ་ཐབ་ནང་བཏབ། ཇོ་ཕུད་མཆོད་ལ་རྒྱུན་དུ་བཏོན་ན་ཤིན་ཏུ་ལེགས། ཕྱེ་མར་འབྲུ་སྣ་ཤུག་ཕྱེ་སོགས་ཇ་ཁུག་ཏུ་བླུག་ནས་གསུར་འདྲ་བྱེད་དེ་འགྲོ་ཁ་ཇ་ཕུད་ཀྱང་མཆོད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རང་ཉིད་ཡི་དམ་ལྷར་གསལ་བའི། །སྤྱི་བོར་ཨོ་རྒྱན་རིག་འཛིན་ཚོགས། །དེ་སྟེང་ཟིལ་གནོན་ཁྱུང་ཆེན་ལྡིང་། །རྒྱབ་ཏུ་ཡི་དམ་
ཐམས་ཅད་དང་། །གཡས་ན་སེང་ཆེན་འགྱིང་ཞིང་འཕྱོ། །གཡོན་ན་རྒྱ་སྟག་རྔམ་ཞིང་རྒྱུག །མདུན་ན་སྟོབས་ཆེན་གླང་ཆེན་རྒྱུག །དེ་སྔོན་མི་མཐོང་ཙམ་གྱིས་སར། །དམ་ཅན་མགར་དམར་སེང་ཞོན་ལ། །བཙན་རིགས་སྐྱ་པ་མང་པོའི་བསྐོར། །ཀུན་ཀྱང་དར་མདུང་དམར་པོ་ཕྱར། །མདུན་དུ་ཟངས་ཀྱི་འཕར་བ་རྒྱུག །རང་གི་མཐའ་བསྐོར་དཔག་ཚད་ཙམ། །དུར་ཁྲོད་བདག་པོ་ཀེང་རུས་གཟུགས། །གྲངས་མེད་བསྐོར་ནས་སྔགས་སྒྲ་སྒྲོག །གནོད་བྱེད་དགྲ་ཇག་ཆོམ་རྐུན་རྣམས། །དབྱུག་ཏོས་འཇོམས་ཤིང་ཐོད་ཁྲག་གིས། །རླངས་པས་མྱོས་
པས་དྲན་མེད་གྱུར། །འོད་ཟེར་ཅན་མ་ཕག་ལ་ཆིབས། །སེར་མོ་ཁབ་སྐུད་བསྣམས་པའི་ཚུལ། །རླུང་ལྟར་འཚུབ་པས་གནོད་བྱེད་རྣམས། །ཁ་མིག་ཚིམས་པས་ནུས་མེད་བྱས། །ནམ་མཁའི་དབྱིངས་སུ་ཕྱོགས་དེ་ཡི། །སངས་རྒྱས་སོ་སོར་སྐྱབས་སྦྱིན་ཕྱག །སྒྲོལ་དཀར་སྐྱབས་སྦྱིན་མཛད་པ་དང་། །སྤྱན་རས་གཟིགས་དང་པད་འབྱུང་གིས། །སྐྱབས་སྦྱིན་མཛད་པའི་ཕྱག་འོག་ཏུ། །བདག་ཅག་འཁོར་བཅས་འགྲོ་བར་གྱུར། །སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལམ་གྱི་འཇིགས་པ་སྐྱོབ་པ་ཡི། །སྨོན་ལམ་དམ་ཚིག་ལྡན་པ་ཡི། །འདིར་གཤེགས་ནམ་མཁའ་བར་སྣང་ཀུན། །ཀྱཻ། བསྟན་པའི་དམ་ཅན་རྒྱང་མ་རིང་། །བསྐུལ་ན་དམ་ཅན་ཕྲག་མ་དོག །བོས་ན་དམ་ཅན་སྙན་མ་སྲ། །ཆད་ན་དམ་ཅན་རྩལ་མ་ཞན། །འབོད་དོ་གཡབ་བོ་དེ་རིང་བྱོན། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བརྟན་མ་བཅུ་གཉིས་བྱོན། །རེ་མནྟ་ལ་སོགས་པ་ཡི། །འཇིག་རྟེན་ལམ་ལྷ་ཐམས་ཅད་བྱོན། །ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །ཡི་གེ་དྷི་ལས་བྱུང་བ་ཡི། །བཟང་ཤིང་སྤོས་སྤྲིན་ཕྱེ་
མར་གསུར། །བཛྲ་དྷུ་པེས་བྱིན་བརླབས་ནས། །དུད་པའི་ཟེར་མ་རེ་རེ་ལ། །མཆོད་སྣ་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གཡུང་དྭགས་ར་སྐྱེས་རི་དྭགས་གཟུགས། །ལྷ་རྫས་བདུད་རྩི་ཀླུ་ཡི་སྨན། །སྣ་ཚོགས་ཆར་བཞིན་འབེབས་པ་ཡི། །སྤྲོས་ཀྱིས་འཁྲི་ཤིང་དྲ་བ་ཡིས། །སངས་རྒྱས་ཞིང་ཀུན་ཁྱབ་པར་དམིགས། །ལམ་ལྷ་ཀུན་ལ་བསངས་མཆོད་འབུལ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཕྱོགས་བཅུའི་མུན་པ་སེལ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཐུགས་རྗེའི་སྟོབས་ཀྱིས་བསྐྱབ་ཏུ་གསོལ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མི་འཇིགས་སྦྱིན་མཛད་སྤྱན་རས་གཟིགས། །ཁྱོད་ལ་ཕྱག་འཚལ་བསང་མཆོད་འབུལ། །འཇིགས་པ་ཞི་བའི་ལམ་ལྷ་ཞུ། །ཤར་ཕྱོགས་སངས་རྒྱས་རྗེས་སྤྱོད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་སངས་རྒྱས་སེམས་དང་པོ། །བསྐྱེད་པ་ཡིད་ལ་མཛད་ངེས་སོ། །རྣམ་གྲངས་སྙན་པ་དང་
བྲལ་བས། །མངོན་པར་འཕགས་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་སངས་རྒྱས་ཁོན་དང་ནི། །རྒྱགས་པ་རྣམ་པར་གནོན་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཕྱོགས་བཞུགས་པའི་དེ་བཞིན་གཤེགས། །རིན་ཆེན་གཟུགས་བཀོད་འོད་གནོན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཤར་སངས་རྒྱས་བདུད་དང་ནི། །ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཤར་འགྲོ་བའི་ལམ་ལྷ་མཛོད། །ཤར་ལྷོ་སངས་རྒྱས་སེམས་དང་པོ། །བསྐྱེད་པ་ཕྱིར་མི་ལྡོག་པ་ཡི། །འཁོར་ལོ་འབྱུང་བའི་དཔལ་དེ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ལྷོ་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ནུབ་སངས་རྒྱས་བཅོམ་ལྡན་འདས་།རིན་ཆེན་གདུགས་འཕགས་སྣང་དེ་ལ། །།ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ནུབ་འགྲོ་བའི་ལམ་ལྷ་མཛོད། །ནུབ་བྱང་བཞུགས་པའི་སངས་རྒྱས་ནི། །
བྱང་ཆུབ་སེམས་དཔའ་འདུལ་ཞན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་བྱང་འགྲོ་བའི་ལམ་ལྷ་མཛོད། །སྟེང་ཕྱོགས་བཞུགས་པའི་སངས་རྒྱས་ནི། །སྐྲག་མེད་མུན་བྲལ་ཏིང་ངེ་འཛིན། །མངོན་པར་འཕགས་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །འོག་ཕྱོགས་སངས་རྒྱས་བཅོམ་ལྡན་ནི། །དང་པོ་སེམས་བསྐྱེད་ཐེ་ཚོམ་རྣམས། །སྤྱོད་མཛད་ཉོན་མོངས་སྐྱོད་ཅེས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །ཤར་ཕྱོགས་བཅོམ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་དང་། །རིན་ཆེན་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་བཅོམ་ལྡན་སྣང་མཐའ་ཡས། །པདྨ་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །
བྱང་ཕྱོགས་བཅོམ་ལྡན་དོན་ཡོད་གྲུབ། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །དབུས་ཕྱོགས་རྣམ་པར་སྣང་མཛད་དང་། །སངས་རྒྱས་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །པད་འབྱུང་སྐུ་ལྔ་མཚན་བརྒྱད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །གར་འགྲོ་ཡུལ་ལྷ་དབང་བསྡུས་ལ། །ཆོས་མཛད་བདག་གི་ལམ་ལྷ་མཛོད། །རྗེ་བཙུན་སྒྲོལ་མ་དཀར་སྔོན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འཇིགས་པ་ཞི་བའི་ལམ་ལྷ་མཛོད། །ལྷ་མོ་འོད་ཟེར་ཅན་མ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །དགྲ་ཇག་འཆིང་བའི་ལམ་ལྷ་མཛོད། །དུར་ཁྲོད་བདག་པོ་ཡབ་ཡུམ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཆོམ་རྐུན་འཆིང་བའི་ལམ་ལྷ་མཛོད། །ལམ་ལྷའི་རྒྱལ་པོ་བདེ་མཛད་པ། །དཔལ་ལྡན་ཨཅུ་རེ་མན། །འཁོར་ཚོགས་ལྔ་བརྒྱར་བཅས་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །རྔོག་ཆགས་བསྲུང་བའི་ལམ་ལྷ་མཛོད། །དམ་
ཅན་ལྕགས་གདོང་སྐུ་མདོག་སྨུག །ཞལ་གཅིག་རབ་ཁྲོས་ཐོར་ཚུགས་ཅན། །རྡོ་རྗེ་ཕྱར་ཞིང་དགྲ་སྙིང་གསོལ། །བཞེངས་ཐབས་རང་དང་མཉམ་དུ་འགྲོ། །ལྟོ་བ་མུན་པའི་གླིང་དགུ་ན། །དགྲ་ཇག་གནོད་བྱེད་མྱོས་འཐིབས་བརྒྱལ། །ཁྱེད་ལ་བསང་དང་མཆོད་པ་འབུལ། །གནོད་བྱེད་བཅིང་བའི་ལམ་ལྷ་མཛོད། །མདུན་དུ་རྡོར་ལེགས་སེང་གེ་ཞོན། །རྟ་ཕག་ཞགས་ཐོགས་མཆེད་དང་འཁོར། །སུམ་བརྒྱ་དྲུག་ཅུ་བསོ་སྒྲས་གང་། །ཁྱེད་ལ་བསང་དང་མཆོད་པ་འབུལ། །དགྲ་ཇག་བཅིང་བའི་ལམ་ལྷ་མཛོད། །རྒྱབ་ནས་དམ་ཅན་སེར་པོ་ལ། །རཏྣ་ལྗོན་ཤིང་ནོར་བུའི་ཚོགས། །བདག་ལ་འབུལ་ཞིང་ཕྱི་ན་འབྲང་། །དངོས་གྲུབ་འབྱུང་བའི་ལམ་ལྷ་མཛོད། །སྟེང་གི་ལྷ་དང་བར་གྱི་གཉན། །འོག་གི་ཀླུ་དང་གཞི་བདག་སོགས། །ཀུན་ལ་བསང་དང་མཆོད་པ་འབུལ། །བདག་ཅག་དཔོན་སློབ་ཡོན་མཆོད་སོགས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །རྟག་ཏུ་སྲུང་སྐྱོབ་ལམ་ལྷ་མཛོད། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ལམ་ལྷ་
མཛོད་ལ་སྒྲོན་མེ་ཁྱོག །སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །མི་དཀར་མི་དམར་མི་ནག་ནི། །ཁྲི་འབུམ་རེ་རེ་བཅས་པ་ལ། །བསང་དང་མཆོད་འབུལ་ལམ་ལྷ་མཛོད། །མགར་དམར་རྨོག་ཞུ་གོ་ཁྲབ་ཅན། །ལྕགས་ཀྱུ་ར་ཡི་རྒྱལ་མཚན་འཛིན། །སེང་ཆིབས་ར་ཁྲིད་ཕྱོགས་ཀྱང་བསྐོར། །ཁྱེད་ལ་བསང་དང་མཆོད་པ་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །སྟེང་ན་ཁྱུང་དང་བྱ་ཁྲ་འབུམ། །ལྕགས་སྤྱང་འབུམ་ནི་གཡས་ན་རྒྱུག །ཟངས་འཕར་འབུམ་ནི་གཡོན་ན་རྒྱུག །ཕྱོགས་བཞི་སྲུང་བའི་ལམ་ལྷ་མཛོད། །སྲིང་ལྕམ་བརྟན་མ་བཅུ་གཉིས་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །སློབ་དཔོན་པདྨའི་བཀའ་བཞིན་དུ། །དམ་ལྡན་རྣལ་འབྱོར་བདག་ཅག་རྣམས། །སྐྱེལ་བསུ་རོགས་ལྡན་ལམ་ལྷ་མཛོད། །མགུར་ལྷ་བཅུ་གསུམ་འཁོར་བཅས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་ལ། །བསང་དང་མཆོད་འབུལ་ལམ་ལྷ་མཛོད། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །སྤོམ་ར་རྨ་རིགས་སུམ་བརྒྱའི་ཚོགས། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་རྒྱལ་པོ་འཕགས་
སྐྱེས་པོ། །དམག་དཔོན་དགྲ་འདུལ་དབང་ཕྱུག་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ནུབ་ཀྱི་གཉན་ཆེན་ཐང་ལྷ་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲིད་སྤངས་སྐྱོགས་ཆེན་གདོང་ར་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ཡག་ལ་སེ་བོ་ལ་སོགས་པའི། །མདོ་ཁམས་སྟོད་ཀྱི་གཞི་བདག་ནི། །ཐམས་ཅད་ཀུན་ལ་བསང་མཆོད་འབུལ། །མདོ་ཁམས་སྟོད་ཀྱི་ལམ་ལྷ་མཛོད། །སྐུ་རྒྱལ་གཟེ་རྒྱལ་ངོམ་རྒྱལ་སོགས། །མདོ་ཁམས་སྒང་གི་གཞི་བདག་ནི། །ཐམས་ཅད་ཀུན་ལ་བསང་མཆོད་འབུལ། །མདོ་ཁམས་སྒང་གི་ལམ་ལྷ་མཛོད། །རྡོ་ཐི་གངས་དཀར་མཆེད་བརྒྱད་དང་། །མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་གཞི་བདག་ཐམས་ཅད་ལ། །བསང་མཆོད་འབུལ་ལོ་ལམ་ལྷ་མཛོད། །དགེ་བསྙེན་གདོང་ར་ཁྲོ་འབར་མཆེད། །བྱ་རྒོད་དུང་གི་ཐུ་ལུ་ཅན། །རྡོ་རྗེ་
དཔལ་བརྩེགས་བཞག་ར་སོགས། །སྨད་ཕྱོགས་གཞི་བདག་ཐམས་ཅད་ལ། །བསང་མཆོད་འབུལ་ལོ་ལམ་ལྷ་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཕྲིན་ལས་རྣམ་བཞིའི་སྒོ་ནས་ནི། །འགྲོ་དོན་ཕྲིན་ལས་གར་མཛད་ཀྱང་། །རྒྱབ་རྟེན་སྡོང་གྲོགས་མཐུན་རྐྱེན་མཛོད། །ཆུ་ལ་འགྲོ་ན་གྲུ་ཟམ་མཛོད། །བྲག་ལ་འགྲོ་ན་ལམ་ཕྱུང་ལ། །དཔག་བསམ་ཤིང་གི་སྐས་ཚུགས་ཤིག །ཆུ་དང་བྲག་དང་ལམ་ངན་ལ། །རྦབ་གཡང་ཁ་སྨྲ་མེད་པར་མཛོད། །དགྲ་ཇག་ཆོམ་རྐུན་མེད་པར་མཛོད། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །འགྲོ་དོན་བསྟན་པ་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །རྟག་ཏུ་ལུས་དང་གྲིབ་མ་བཞིན། །འགྲོགས་ལ་ཁ་འཛིན་སྡོང་གྲོགས་དང། །རྨ་གཡང་ཁུ་ཡེ་གཡང་དུ་ཁུག་།ནད་མེད་བདེ་སྐྱིད་ཕུན་ཚོགས་ཤིང་། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཏདྱ་ཐཱ། ནཀྵ་ཏྲེ་པ་ཏ་ཏ་ཐཱ་མུཙྪཱ་དུར་ཏེ། ནཀྵ་ནི་མེ་སྨིན་ཏ་ནི་བྷ་ག་ཝནྟ་སྭཱ་ཧཱ། སྔགས་དེ་འགྲོ་ཁ་ལན་བདུན་བརྗོད་པས་དོན་ཐམས་ཅད་འགྲུབ་པར། འདི་རྗེ་རང་བྱུང་རྡོ་རྗེས་མཛད་པའི་ལམ་ལྷའི་བསང་ཡིག་རྗེས་སུ་འབྲང་
ནས། མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་ཏེ། ༧ རཱ་ག་ཨ་སྱས་སྦྱར་བ་སེམས་ཅན་མཐའ་ཡས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།