Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
གཞི་ཤེས་ཀྱི་རྣམ་པ་བཤད་པ།
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousགཞི་ཤེས་ཀྱི་རྣམ་པ་བཤད་པ།next

གཞི་ཤེས་ཀྱི་རྣམ་པ་བཤད་པ།


GLG013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཤེས་ཀྱི་རྣམ་པ་བཤད་པ། གཉིས་པ་ལ། གཞི་ཤེས་ཀྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལ་། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་གྱི། དང་པོ་ནི། ཤེས་བྱ་ཆོས་ཅན། གཉེན་པོའི་མཚན་ཉིད་གྱི་རྣམ་པ་རྣམས་སྤྱིར་བསྟན་ནས། ད་ནི་ཁྱད་པར་དུ་ཕྱེ་ནས་འཆད་ཚུལ་ཡོད་དེ། དེ་ལྟར་གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེར་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །ཞེས་སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་ནས་བཟུང་སྟེ། ཤེར་ཕྱིན་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ལམ་བདེན་གྱི་མི་གཡོ་བའི་རྣམ་པའི་བར་སྟོན་པའི་ཡུམ་བར་མའི་མདོ་ཚིག་འདི་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བསྟན་པ་ཡིན་ཏེ། བདེན་པ་དང་པོ་གསུམ་པོ་སོ་སོ་ལ་རྣམ་པ་བཞི་བཞི་དང་། ལམ་བདེན་ལ་རྣམ་པ་དེ་ནི་བཅོ་ལྔར་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །རང་རྒྱུད་ལྡན་གྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གང་ཞིག །དམན་པའི་རྟོགས་རིགས་སུ་གནས་པ་དེ་གཞི་ཤེས་ཀྱི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོའི་མཚན་ཉིད་ཟེར་ན། རང་རྒྱལ་གྱི་


GLG013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེད་པར་ཐལ། ཁྱོད་གཟུང་འཛིན་གཉིས་སྟོང་རྟོགས་པའི་སློབ་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁ་ཅིག །གཞི་ཤེས་ཀྱི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་སྒྲོ་འདོགས་འགོག་པར་བྱེད་པའི་ཡེ་ཤེས་གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་དེའི་ཕྱིར། དེར་ཐལ། གཞི་ཤེས་ཀྱི་རྣམ་པ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་རྒྱུད་ལ་དེ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །གཞི་ཤེས་ཀྱི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་སྒྲོ་འདོགས་འགོག་པར་བྱེད་པའི་གཞི་ཤེས་ཀྱི་འཛིན་སྟངས་སུ་དམིགས་པ་དེ་གཞི་ཤེས་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། དེ་ལ་ཁ་ཅིག །གཞི་ཤེས་འཛིན་པའི་རྟོག་པ་ཆོས་ཅན། གཞི་ཤེས་ཀྱི་འཛིན་སྟངས་ཡིན་པར་ཐལ། དེའི་རྣམ་པ་ཡིན་པའི་ཕྱིར། དེར་ཐལ། དེའི་རྣམ་པར་སྐྱེས་པའི་ཕྱིར། དེར་ཐལ། དེའི་རྣམ་པར་ཤར་བའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་རྒྱུད་ལྡན་ཡིན་ན་ལམ་ཞུགས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གཉེན་པོ་ཡིན་ན་སྐབས་བཞི་པས་དངོས་སུ་བསྟན་པའི་གཉེན་པོ་ཡིན་པས་ཁྱབ་ཟེར་ན། ལམ་མ་ཞུགས་ཀྱི་གཉེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྩ་བར་འདོད་ན་


GLG013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཞུགས་ཀྱི་གཉེན་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །སྐབས་འདིར་དངོས་སུ་བསྟན་པའི་གཉེན་པོ་ཡིན་ན། སྐབས་འདིར་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་གཉེན་པོ་ཡིན་པས་ཁྱབ་ཟེར་ན། སྐབས་འདིར་དངོས་སུ་བསྟན་པའི་ཐེག་དམན་གྱི་གཞི་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ལ་འབྱུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། གཞི་ཤེས་ཀྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱི་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། སེམས་དཔའི་རྒྱུད་གྱི་གཞི་ཤེས་ཀྱི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོའི་མཚན་ཉིད། གསུམ་པ་འགྲེལ་པ་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པ། ལམ་བདེན་གྱི་རྣམ་པ། གྲངས་ཀྱི་དོན་བསྡུ་བའོ། །དང་པོ་ནི། མཁྱེན་པ་གསུམ་ཡོད་པ་དེ་ལ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བསྔལ་རྟག་པར་མེད་པ་དང་། དོན་དམ་པར་མི་སྐྱེ་བ་དང་། དོན་གཞན་གྱི་བདག་གིས་དབེན་པ་དང་། རང་གི་ངོ་བོར་གྱུར་པའི་བདག་གི་མི་བརྫི་བ་དང་བཞི་སྟོན་པའི་ཡུམ་བར་མའི་མདོ་ཚིག་ཆོས་ཅན། ཁྱོད་ཀྱིས་སྡུག་བསྔལ་བདེན་པའི་རྣམ་པ་བསྟན་པ་ཡིན་ཏེ། སྡུག་བསྔལ་མི་རྟག་པ་དང་། ལ་སོགས་པས་སྡུག་བསྔལ་སྟོང་བདག་མེད་པའི་མཚན་ཉིད་དེ་རྣམ་པ་བཞི་དག་བསྟན་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་རྒྱུ་སྲིད་པ་དོན་དམ་པར་མེད་པའི་གནས་པ་མེད་པ་དང་། ཀུན་འབྱུང་བདག་མེད་ནམ་མཁའ་དང་འདྲ་བ་དང་། རྟོག་དཔྱོད་དོན་དམ་པར་བརྗོད་དུ་མེད་པ་དང་། ཡང་སྲིད་ཀྱི་རྐྱེན་ཚོར་བ་དང་སྲིད་པ་དོན་དམ་པར་མིང་མེད་པ་དང་བཞི་སྟོན་པའི་ཡུམ་བར་མའི་མདོ་ཚིག་ཆོས་ཅན། ཁྱོད་ཀྱིས་ཀུན་འབྱུང་བདེན་པའི་རྣམ་པ་བསྟན་པ་ཡིན་ཏེ། རྒྱུ་ཀུན་འབྱུང་རབ་སྐྱེ་
རྐྱེན་དང་བཞི་དག་བསྟན་པ་ཡིན་པའི་ཕྱིར། འགོག་པ་དོན་དམ་པར་འགྲོ་བ་མེད་པ་དང་། སྡུག་བསྔལ་ཞི་བ་རྐྱེན་གྱིས་མི་འཕྲོག་པ་དང་། གྱ་ནོམ་པ་ཐར་པ་མི་ཟད་པ་དང་། དྲི་བྲལ་གྱི་འགོག་པ་སྐྱེ་བ་མེད་པའི་རྣམ་པ་དང་བཞི་སྟོན་པའི་ཡུམ་བར་མའི་མདོ་ཚིག་ཆོས་ཅན། ཁྱོད་ཀྱིས་འགོག་བདེན་གྱི་རྣམ་པ་བསྟན་པ་ཡིན་ཏེ། འགོག་པ་ཞི་བ་གྱ་ནོམ་པ་ངེས་འབྱུངགི་རྣམ་པ་བཞི་བསྟན་པ་ཡིན་པའི་ཕྱིར། དེ་ལྟ་བུའི་རྣམ་པ་བཅུ་གཉིས་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་གྱི་རྣམ་པ་ཡིན་ཏེ། སྔར་བཤད་ཟིན་པ་དེའི་ཕྱིར། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཟག་པ་མེད་པའི་མཐོང་ལམ་གཅིག་དང་། རང་སངས་རྒྱས་དེ་དག་གི་ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོ་ཉིད་དུ་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། མཐོང་བའི་ལམ་ཟག་པ་མེད་པ་གཉིས་སུ་ཡོད་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་སྟོན་པའི་སྐབས་འདིར་ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་ལ་འགལ་བ་མེད་དེ། ཐམས་ཅད་ཤེས་པ་ཉིད་ཀྱི་རང་སངས་རྒྱས་ཀྱི་ལམ་རྣམས་ཀྱང་བསྡུས་པས་དེའི་གཉེན་པོ་བསྟན་པ་དེའི་ཕྱིར།


previousགཞི་ཤེས་ཀྱི་རྣམ་པ་བཤད་པ།next