Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ།
  
  
  
  
  
  
  
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ།


CMR040_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ་ནས་གཞུང་ཚང་བར་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག༔


CMR040_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ལ་ན་མོ༔ ཀླུ་ཡི་མཆོད་བསྟོད་བྱེད་པའི་རིམ་པ་ནི༔ ས་ཡི་མཎྜལ་གྲུ་གང་སྟེང་༔ འདབ་བརྒྱད་མུ་ཁྱུད་གསུམ་གྱིས་བསྐོར༔ འདབ་བརྒྱད་སྟེང་དུ་ཀླུ་ཆེན་བརྒྱད༔ དབུས་སུ་མི་མགོན་དཀར་པོ་བྱ༔ བག་ཕྱེ་ཀླུ་སྨན་བ་དཀར་འོ་མས་སྦྲུས༔ སྐུ་གཟུགས་མི་ལུས་སྦྲུལ་གྱི་གདེངས་ཀ་ཅན༔ སྐུ་སྨད་སྦྲུལ་མཇུག་རིན་ཆེན་རྒྱན་སྤྲས་བྱ༔ མདུན་དུ་ཟན་ཕོར་ཀླུ་སྨན་འོ་མས་བཀང་༔ མུ་ཁྱུད་དང་པོར་དཀར་གཏོར་བརྒྱད༔ གཉིས་པར་ཀླུ་ཡི་དཀོར་ནོར་བཀོད༔ གསུམ་པར་མཆོད་པ་རྣམ་ལྔ་བཤམས༔ རྣམ་ལྔ་མར་ལ་ལེགས་པར་བཅའ༔ ཆ་བཞི་ཕྱོགས་བཞི་དག་ཏུ་བཀོད༔ དེ་རྒྱབ་ཀླུ་ཡི་ཤིང་རྩི་བཙུགས༔ དར་ཟབ་བལ་ཚོན་དག་གིས་བརྒྱན༔ དེ་རྒྱབ་ཀླུ་ཁང་ཟླུམ་པོར་བརྩེགས༔ རྩེ་ལ་ཤིང་རྩི་ཤིང་


CMR040_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རིས་བཙུགས༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་ཡི་མཆོད་པ་རྒྱས་པར་བཤམས༔ དེ་ནི་ཀླུ་ཁང་བཅའ་གཞིའོ༔ ༈ གཉིས་པ་གོང་གཏོར་རིམ་པ་ནི༔ བླ་མ་ཡི་དམ་མཆོད་གཏོར་བཀོད༔ གཞི་བདག་སྤྱི་གཏོར་བསང་མཆོད་བཤམས༔ རང་ཉིད་བསྐྱེད་རིམ་དང་ལྡན་པས་འདི་སྐད་དོ༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ༔ ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་དང་༔ ཀླུའི་དམ་རྫས་རྟེན་རྫས༔ སྒྲུབ་རྫས༔ མཆོད་རྫས༔ འབྲུ་སྨན༔ རྩི་བཅུད་དཀོར་ནོར༔ ཤིང་རྩི་


CMR040_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དྭངས་ཤིང་ཐོགས་པ་མེད་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ༔ བདུད་རྩིའི་རྒྱ་མཚོ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་སྭ་བྷ་ཝ་བྷི་ཤུདྡྷེ༔ དྷརྨ་ཏཱ་བཛྲ་སིདྡྷི་ཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱ༔ སརྦ་ཏད་ཁཾ་ཨུཏྠ་ཏེ་སྤ་ར་ནི་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ༔ ཨ་བྱ་ནུཏྤནྣ་ཏྭཱཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི༔ སརྦ་ཨརྦ་ས་དྷ་ནི་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཤབྡའི་བར་གྱིས་མཆོད༔ ན་མོ་བདག་གི་བསམ་པའི་སྟོབས་དང་ནི༔ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ ཀླུ་རྒྱལ་རྣམས་ལ་འདོད་ཡོན་ཚོགས༔ ཐོགས་པ་མེད་པར་འབྱུང་གྱུར་ཅིག༔ དེ་ནས་རང་ཉིད་ཕྱག་རྡོར་བསྒོམས་ལ་འདི་སྐད་དོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་༔ ཁྱད་པར་ཀླུ་ཡི་བྱེ་ཚན་ཆར༔ མཁའ་ལྡིང་གནོད་པ་ཞི་བའི་ཕྱིར༔ བདག་གིས་མཆོད་སྦྱིན་


CMR040_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པར་བྱ༔ རིན་ཆེན་བྲག་རི་བྱ་སྐྱིབས་ཅན༔ བྱང་ཤར་ལྟ་བའི་མདུན་ངོས་སུ༔ ཧཱུྃ་ལས་རཏྣའི་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་གྱིས་སྤྲས༔ ཡིད་འོང་ཁང་པ་བསིལ་ངད་ལྡན༔ སྤྲིན་འཁྲིགས་གཡུ་ཡི་ན་བུན་འཐུལ༔ ཤེལ་གྱི་སྦྲང་ཆར་དལ་གྱིས་འབབ༔ ལྗོན་པའི་ཤིང་དང་མེ་ཏོག་བཀྲ༔ འདོད་ཡོན་དཀོར་ནོར་བསམ་མི་ཁྱབ༔ ཀླུ་ཡི་ཕོ་བྲང་ཉམས་དགའ་བ༔ ལྟ་ན་སྡུག་པ་ཉིད་དུ་གྱུར༔ དེ་ནང་པད་དཀར་འདབ་བརྒྱད་དབུས༔ ཀླུ་ཆེན་དགུ་པོ་འཁོར་དང་བཅས༔ སྐུ་སྟོད་སྐྱེས་བུའི་ཆ་བྱད་ཅན༔ སྦྲུལ་མགོ་དུ་མའི་གདེངས་ཀས་བརྒྱན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ ཀླུ་བྲན་མང་པོའི་འཁོར་གྱིས་བསྐོར༔ ཞི་ཞིང་བྱང་ཆུབ་སེམས་དང་ལྡན༔ གུས་པའི་ཚུལ་གྱིས་གསལ་བར་བསྒོམ༔ གནས་ནས་བསྒོམ་འདྲ་སྤྱན་དྲངས་ལ༔ མདུན་གྱི་བསྐྱེད་པ་དེ་ལ་ཐིམ༔ ཕྱག་ན་རྡོ་རྗེའི་བསྐྱེད་རིམ་གསལ་བར་བསྒོམས་ལ༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དབུས་ཕྱོགས་མི་མགོན་སྐུ་མདོག་དཀར༔ ཕྱག་གཉིས་ཐུགས་ཀར་བུམ་པ་འཛིན༔ སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་


CMR040_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་དུ་དུང་སྐྱོང་སྐུ་མདོག་དཀར༔ ཕྱག་གཉིས་སྦྲུལ་ཞགས་ནོར་བུ་འཛིན༔ སྦྲུལ་མགོ་བརྒྱ་ཡི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྤྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ལྷོར་སྦལ་མཛེས་སྐུ་མདོག་ནག༔ ཕྱག་གཉིས་སྦ་ལྕག་མི་མགོ་འཛིན༔ སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཙུག་ན་རིན་ཆེན་སེར༔ ཕྱག་ན་བེ་ཅོན་ནོར་བུ་འཛིན༔ སྦྲུལ་མགོ་བཞི་བཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་ཉ་མགོ་དམར་སེར་ཏེ༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ སྦྲུལ་མགོ་སུམ་ཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་ཏུ་གཟི་ཆེན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་ཉི་ཤུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་


CMR040_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྨྱོ་ཁ་སྐུ་མདོག་དུད༔ ཕྱག་གཉིས་རྒྱལ་མཚན་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་བཅུ་ཡི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་དུ་མཁར་ནག་སྐུ་མདོག་ནག༔ ཕྱག་གཉིས་སྦྲུལ་ཞགས་རབ་ཏུ་འཆིང་༔ སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་ཤར་ཀླུ་རྒྱལ་མ་དྲོས་ལྗང་༔ ཕྱག་གཉིས་བྷན་འབྲས་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་དྲུག་གི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྤྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཁོར་ཚོགས་རྣམས་ཀྱང་སྤྱན་འདྲེན་ནོ༔ ཀུན་ཀྱང་དགྱེས་པའི་གདན་ལ་བཞུགས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ གུས་པས་ཁྱེད་ལ་ཕྱག་འཚལ་ལོ༔ ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་ལན་གསུམ་མམ་བདུན་བརྗོད་ལ་སྤྱན་དྲངས་སོ༔ གདུག་ཅིང་གནོད་པ་དེ་བཀུག་ལ་བདེན་པ་བརྗོད༔ བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་བྱ་ཁྱུང་གསེར་མིག་ཅན༔ སྤྲུལ་པ་དཔག་མེད་ཕོ་ཉ་འགྱེད༔ མ་ཐོགས་མྱུར་དུ་དབང་དུ་བསྡུས༔ མཐུ་


CMR040_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྲོས་པས་གཤོག་བརྡབས་པས༔ སྟོང་གསུམ་ཀླུ་རྣམས་འགུགས་པར་བྱེད༔ ང་ནི་འདོད་པའི་རྒྱལ་པོ་སྟེ༔ ང་ནི་མ་ཧཱ་གྷ་རུ་ཊ༔ ཀླུ་ཚོགས་མ་ལུས་འདིར་ཁུག་ཅིག༔ ཨོཾ་ནཱ་ག་ནན༔ ནཱ་ག་ནུ་ནན༔ ནཱ་ག་ཀུ་མ་རི་ནན༔ ནཱ་ག་ས་པཱ་རི་ཝཱ་ར་ཨཾ་ཀུ་ཤ་ཛ་ཛ༔ ཞེས་པས་རང་དབང་མེད་པར་བཀུག་ཅིང་གཉིས་སུ་མེད་པར་བསྟིམ་མོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འདོད་ཁམས་དབང་སྒྱུར་མཐུ་ཆེན་ཀླུ་ཡི་ཚོགས༔ རྒྱལ་པོའི་བཀའ་སྡོད་དམ་ཚིག་ཅན༔ རྫུ་འཕྲུལ་བྱིན་རླབས་མངའ་བརྙེས་ཀླུ་ཆེན་བཞི༔ བསོད་ནམས་བསྐྱེད་ཕྱིར་དད་པས་སྤྱན་འདྲེན་ན༔ འཇིག་རྟེན་ཕན་བྱེད་པདྨའི་གདན་ལ་བཞུགས༔ རྒྱ་མཚོ་རོལ་མཚོ་ཆུ་བོ་ཆུ་མིག་རྫིང་༔ རྩི་ཤིང་ནགས་ཚལ་ཡུལ་འབྲོག་གནས་བཅས་པའི༔ རྫུ་འཕྲུལ་བྱིན་རླབས་མངའ་བརྙེས་ཀླུ་ཆེན་བརྒྱད༔ འགྲོ་དོན་མ་ལུས་རྫོགས་པར་བྱ་བའི་ཕྱིར༔ མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ༔ དགའ་ཞིང་དགྱེས་པའི་སེམས་ཀྱིས་བཞུགས་སུ་གསོལ༔ ནཱ་ག་རཱ་ཙ་ས་པ་རི་ས་མ་ཡ་ཏིཥྛ་ལྷན༔ པདྨ་ཀ་མ་ལཱ་སིཾ༔ ཞེས་པས་ཞི་བའི་སེམས་ཀྱིས་བཞུགས་སུ་གསོལ་བར་བསམ་མོ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཐུགས་


CMR040_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲུལ་པའི་རྫུ་འཕྲུལ་ཅན༔ གང་ལ་གང་འདུལ་སྐུ་སྨད་ལྟོ་འཕྱེ་ཆེ༔ བཙོ་མ་གསེར་གྱི་མདོག་ཅན་རིན་ཆེན་བརྒྱན༔ རིགས་བཞི་ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད༔ ཕུ་ནཱ་ག་རཱ་ཙ་ཨ་ཏི་པཱུ་ཧོ༔ ན་མོ་ཨུ་པ་ཏ་ཡ་མི༔ དེ་ནས་ཀླུའི་སྒབ་འདྲེ་བཀར་བ་ནི༔ ཧཱུྃ༔ མི་མགོན་དཀར་པོ་དུང་སྐྱོང་སོགས༔ ཀླུ་ཆེན་དགུ་ལ་གནོད་པ་ཡི་གདོན་དགུ་བདག་གིས་བཀར་བའོ༔ མཐེབ་སྐྱུ་ཏིང་ལོ་འདི་བཞེས་ལ༔ ཁྱེད་དགུ་མ་གནས་གཞན་དུ་དེངས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ གྷ་རུ་ཊ་ཡིས་ཟ་བར་བྱེད༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་སྒབ་འདྲེ་བཀར་རོ༔་། སྒྲིབ་པ་སྦྱངས་ཤིང་ཁྲུས་གསོལ་བ་ནི༔ གཟུགས་བརྙན་ལ་མེ་ལོང་བསྟན་ཞིང་༔ བུམ་ཆུས་བཀྲུས་ལ་འདི་སྐད་དོ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་ཕྱི་མོ༔ ཨོཾ་བུདྡྷ་སཏྭ་ཡ་བྷེ་ནཱ་ག་སརྦ་ཀརྨ་ཤུདྡྷེ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དམ་


CMR040_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ ཨོཾ་དྷརྨ་དྷེ་ཡ་བྷེ་ནཱ་ག་སརྦ་ཀརྨ་ཤུདྡྷེ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དགེ་འདུན་དུག་མི་དགེ་འདུན་བདེན་པས་དུག་བཅོམ་མོ༔ ཨོཾ་སཾ་གྷ་ས་ཏེ་བྷེ་སརྦ་ཀརྨ་ཤུདྡྷེ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཀླུ་རྣམས་སྐུ་གསུང་ཐུགས་ཀྱི་སྒྲིབ་པ་དང་༔ སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཅེས་བརྗོད༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དྲི་མེད་ཡིད་འོང་སྤྱན་ཆབ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཨཧཱུྃ་པྲ་ཏིཙྪཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་མེ་ཏོག་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་


CMR040_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་པུབྦེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་བདུག་སྤོས་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་་ས་པཱ་རི་ཝཱ་ར་དྷ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་སྣང་གསལ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་དྲི་ཆབ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་གནྡྷེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་ཞལ་ཟས་འདི༔ ཀླུ་རྒྱལ་འཁོར་དང་


CMR040_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་རོལ་མོ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཆར་འབོད་དུས་ཡིན་ན༔ ཆར་རྒྱུན་ཆེན་པོ་མྱུར་དུ་ཕོབ༔ སྲིད་དང་ནོར་སྒྲུབ་ཡིན་ན༔ ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཚིག་གཉིས་ཁ་འཕོས༔ ཀླུ་རྒྱལ་དུང་སྐྱོང་འཁོར་བཅས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་


CMR040_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་སྦལ་མཛེས་འཁོར་བཅས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་གཙུག་ན་རིན་ཆེན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་ཁྲ་བོ་ཉ་མགོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་ཡི་རྒྱལ་པོ་གཟི་ཆེན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་བདུད་དགེ་བསྙེན་སྨྱོ་ཁ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་


CMR040_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛོད༔ ཀླུ་བདུད་གཉན་ཆེན་མཁར་ནག་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་མ་དྲོས་ཆེན་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་དབྱི་དོ་ནག་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔་བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་སྨན་གཡོ་རྫོང་ནག་མོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་བདུད་བྱིསྦའི་གཟུགས་ཅན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔


CMR040_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་གདོལ་པའི་རིགས་གྱུར་པའི༔ སྣང་ཞིང་སྲིད་པའི་ཀླུ་རྣམས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཨོཾ་ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་ནས་ཤབྡའི་བར་བརྗོད༔ འདིར་ཀླུ་གཏོར་སོགས་བཏང་༔ དེ་ནས་ཀླུ་ལ་ཤིང་རྩི་འབུལ་བ་ནི་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིས༔ རྒྱ་ཤུག་ཙནྡན་ཨ་ག་རུ༔ ཤུག་པ་གཡུ་ཡི་སྡོང་བུ་ཅན༔ ཀླུ་ལ་གྲུབ་རྟགས་སྟོན་ཕྱིར་རྟིང་པ་དཀར༔ ཀླུ་ལ་བདུད་རྩི་འབེབས་ཕྱིར་ལོ་མ་སྔོ༔ ཀླུ་རྣམས་དགྱེས་ཕྱིར་འབྲས་བུ་ཀུན་ཏུ་སྨིན༔ ཀླུ་ཡི་ང་རྒྱལ་ཞི་ཕྱིར་རྟིང་པ་དཀར༔ བསྟན་པ་སྤེལ་ཕྱིར་རྩེ་མོ་བྱུང་རྒྱལ་འདུག༔ ཕྲག་དོག་ཞི་ཕྱིར་ཤུན་པ་སྨུག༔ ཞེ་སྡང་ཞི་ཕྱིར་རྒྱན་དང་ལྡན༔ འདོད་ཆགས་ཞི་ཕྱིར་ངད་དང་ལྡན༔ ཡེ་ཤེས་བསྐྱེད་ཕྱིར་ཤུན་པ་སྨུག་༈ ཞེ་སྡང་ཞི་ཕྱིར་རྒྱན་དང་ལྡན༔ འདོད་ཆགས་ཞི་ཕྱིར་ངད་དང་ལྡནུ༔ ཡེ་ཤེས་བསྐྱེད་ཕྱིར་དྲོད་ལས་སྐྱེས༔ ཀླུ་གཉན་བརྟན་ཕྱིར་ཤུག་པ་འདི་བཞེས་ལ༔ ས་བདག་ཀླུ་གཉན་


CMR040_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དགྱེས་པར་མཛོད༔ ཨོཾ་ནཱ་ག་རཱ་ཙ་ཡེ་སྭཱ་ཧཱ༔ ཀྱཻ༔ སུར་དཀར་སྨན་གྱི་སྡོང་བུ་འདི༔ ཕྲག་དོག་ཞི་ཕྱིར་མེ་ཏོག་རྒྱས༔ ང་རྒྱལ་ཞི་ཕྱིར་རྩ་བ་ཟླུམ༔ བཀྲ་ཤིས་ཚུལ་གྱི་རྟིང་པ་དཀར༔ ཀླུ་གཉན་དགྱེས་ཕྱིར་ཡལ་ག་འཕེལ༔ ས་བདག་རྒྱས་ཕྱིར་སྡོང་བུ་རྒྱས༔ དངོས་གྲུབ་སྩོལ་ཕྱིར་བདུད་རྩི་འབེབས༔ དགེ་རྟགས་སྟོན་ཕྱིར་ལོ་མ་བཀྲ༔ ཀླུ་རྒྱལ་དགྱེས་ཕྱིར་ཤིང་རྩིའི་མཆོད་པ་བཞེས༔ ཀླུ་གཉན་གདུག་པ་ཞི་གྱུར་ཅིག༔ ཨོཾ་ནཱ་ག་ས་ཡ་དྷ་དྷུ་སྭཱ་ཧཱ༔ ཀྱཻ༔ ཀླུ་ཤིང་འོམ་བུའི་བདུད་རྩི་འདི༔ ཡེ་ཤེས་སྟོན་ཕྱིར་འབྱུང་བ་ལྔ་ལས་གྲུབ༔ ཐུགས་རྗེ་སྟོན་ཕྱིར་དྲོད་དང་རློན་ལས་སྐྱེས༔ དམ་ཚིག་གཙང་ཕྱིར་བདུད་རྩི་སྨན་གྱི་ཤིང་༔ གཏི་མུག་ཞི་ཕྱིར་ལོ་མ་སྔོ༔ གདུག་པ་ཞི་ཕྱིར་ཁོག་པ་སྟོང་༔ ཕྲག་དོག་ཞི་ཕྱིར་སྙིང་པོ་དམར༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་གཅིག་ལས་སྐྱེས༔ དངོས་གྲུབ་གཏེར་ཕྱིར་འབྲས་བུ་སྨིན༔ ཀླུ་གཉན་ས་བདག་རྣམས་ལ་འབུལ༔ ཨོཾ་ནཱ་ག་ས་མན་དུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ སྟག་པ་སྨན་གྱི་སྡོང་བུ་འདི༔ འབྱུང་བ་ལྔ་ལས་བསྐྱེད་པས་དུག་ལྔ་ཞི༔ རྟོག་པ་ཞི་ཕྱིར་ལོ་མ་རྒྱས༔ གདུག་པ་ཞི་ཕྱིར་


CMR040_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ག་འཕེལ༔ དངོས་གྲུབ་སྤེལ་ཕྱིར་རྩ་བ་རགས༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་རགས༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་དཀར༔ འབྱུང་བ་ལྔ་ལས་བསྐྱེད་ཕྱིར་སྨན་གྱི་སྡོང་བུ་རྒྱས༔ ཀླུ་གཉན་ས་བདག་རྒྱས་པར་བྱ་བའི་ཕྱིར༔ ལོ་མ་ན་ཏྲའི་མཆོད་པ་འདི་བཞེས་ཤིག༔ ཨོཾ་ད་པུ་ཡེ་སྭཱ་ཧཱ༔ ཀྱཻ༔ འདོད་པའི་སྨན་འབྱུང་གཡུ་རུ་ཤིང་༔ ཉ་བྲིད་བདུད་རྩི་སྨན་གྱི་ཤིང་༔ པདྨ་བདུད་རྩི་དངོས་གྲུབ་ཤིང་༔ གཡུ་ལོ་ཤིང་ལོ་མངར་བའི་ཤིང་༔ མཁན་པ་ལྕང་མ་དབྱར་པ་དང་༔ མ་གལ་དང་ནི་སྒྲོན་ཤིང་དང་། སྐྱེར་ཤིང་དང་ནི་ཨ་གར་ཤིང་༔ འདོད་པའི་རྫས་འབྱུང་རྫུ་འཕྲུལ་ཅན༔ འབྱུང་བ་བསྐྱེད་པས་དུག་ལྔ་ཞི༔ ཁང་སེང་ཡོད་པས་ཀླུ་གཉན་ས་བདག་རྒྱས༔ རྒྱ་མཚོ་ལས་སྐྱེས་དངོས་གྲུབ་འཕེལ༔ དྲི་ངད་ཞི་བས་ཀླུ་རྣམས་མཉེས༔ མེ་ཏོག་རྒྱས་པས་དངོས་གྲུབ་ཐོབ༔ ས་བདག་ཀླུ་གཉན་མཉེས་གྱུར་ཅིག༔ ཨོཾ་ནཱ་ག་ར་ཙ་ཤ་ར་ལྟ་སྭཱ་ཧཱ༔ ཀྱེ༔ སེ་ཤིང་བདུད་རྩིའི་སྡོང་བུ་འདི༔ འབྱུང་བ་བསྐྱེད་པས་དུག་ལྔ་ཞི༔ ཀུན་ལ་ཕན་ཕྱིར་སྡོང་བུ་རྒྱས༔ བཀྲ་ཤིས་རྟགས་སུ་ཤུན་པ་སྨུག༔ ཀླུ་གཉན་ས་བདག་མཉེས་གྱུར་


CMR040_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཨོཾ་ནཱ་ག་ཡ་ཙུ་པུ་ཙ་ཡེ་སྭཱ་ཧཱ༔ ཀྱཻ༔ དར་སྣ་དགུ་ཡི་མཆོད་པ་འདི་བཞེས་ལ༔ ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ༔ བཞུགས་པའི་ས་བདག་ཀླུ་གཉན་རྣམས༔ ལོངས་སྤྱོད་སྣ་ཚོགས་ལྡན་གྱུར་ཅིག༔ ན་ཏྲ་ཀླུ་ཡི་ཕོ་བྲང་འདི༔ བལ་ཚོན་ལྔ་ཡི་མཆོད་པ་བཞེས༔ ཀླུ་གཉན་ས་བདག་འཁོར་བཅས་ལ༔ འདོད་ཡོན་ལྔ་དང་ལྡན་གྱུར་ཅིག༔ ཀྱཻ༔ ནཱ་ལེནྡྲ་ཡི་ཕོ་བྲང་འདི༔ གྲུ་བཞི་མཛེས་པས་མེ་ཏོག་བཀྲ༔ རིན་ཆེན་སྣ་ཚོགས་འཇའ་འོད་འཁྱུག༔ དར་ཚོན་ལྔ་ནི་སྤྲིན་ལྟར་གཏིབས༔ ཤེལ་ཚིགས་དཀོར་ནོར་མང་པོ་བཀྲ༔ དགོས་འདོད་ཡིད་བཞིན་ཆར་དུ་འབེབ༔ ཀླུ་ཡི་ཚོགས་ལ་མཆོད་པ་འབུལ༔ ཀླུ་རིགས་ཐམས་ཅད་མཉེས་གྱུར་ཅིག༔ དེ་ནས་ཀླུ་རྣམས་ལ་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཀླུ་ཆེན་དགུ་པོ་འཁོར་བཅས་དང་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔ དམངས་རིགས་གདོལ་པའི་རིགས་གྱུར་པ༔ ཀླུ་རྣམས་ཀུན་ལ་བདག་ཅག་དང་༔ ཡོན་བདག་འདི་ཕྱི་སྔ་མ་ཀུན༔ ཐུགས་དང་འགལ་བར་གང་གྱུར་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ མི་མགོན་དུང་སྐྱོང་སྦལ་


CMR040_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སོགས༔ གཙུག་ན་རིན་ཆེན་ཉ་མགོ་དང་༔ གཟི་ཆེན་སྨྱོ་ཁ་མཁར་ནག་དང་༔ མ་དྲོས་འཁོར་དང་བཅས་པ་ཀུན༔ རིགས་ལྔའི་ཀླུ་རྣམས་ཐམས་ཅད་ནི༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཨོཾ་ནཱ་ག་ར་ཙ་ནཱ་གི་ས་པཱ་རི་ཝཱ་ར་དེང་དེང་བྱེར་སོང་སརྦ་གཙྩ༔ ཞེས་འཁོར་དང་བཅས་པ་རང་གནས་སུ་གཤེགས་པར་བསམ་མོ༔ གདུག་པ་ཅན་འགྲོ་བར་མི་སྲིད་པས༔ ཁྲོ་བོའི་ང་རྒྱལ་དང་ཁྱུང་གི་ཕྱག་རྒྱ་བསྟན་ལ་འདི་སྐད་དོ༔ ཧཱུྃ༔ གདུག་སེམས་ལྡན་པ་གནོད་ལྟ་བའི༔ གང་ཡིན་དེ་ཡང་འགྲོ་བར་གྱིས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ རྡོ་རྗེ་བྱ་ཁྱུང་ཁྲོ་བོ་བཅས༔ མེ་དང་མཚོན་ཆའི་ཆར་ཡང་འབེབས༔ ཁྱོད་རྣམས་བརླག་པར་གདོན་མི་ཟ༔ དེ་བས་རང་རང་གནས་སུ་འགྲོ་བར་གྱིས༔ ཨོཾ་ཏ་ཀི་ར་ཙ་ཏི་བི་ཙི་ཏི་ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ་སུ་རུ་ཏེ་པུ་ཏུ་ཏ་ཧཱུྃ་ཕཊསྭཱ་ཧཱ༔ དེ་ནས་ཀླུ་གཟུགས་ཤིང་རྩི་རྣམས་ཆུ་ནང་དུ་བསྐྱལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགུང་ལོ་བཅུ་གསུམ་པ་བྱ་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་བཅུ་གཉིས་ལ༔ དགོང་མོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ༔ ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ༔ མེ་ཏོག་པདྨ་འདབ་མ་སྟོང་ལྡན་གྱི་ཡུ་བ་


CMR040_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཛིན་པ༔ པདྨའི་སྟེང་དུ་རྡོ་རྗེ་དང་དྲིལ་བུས་མཚན་པ༔ ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཟླ་བའི་གདན་ལ་བཞུགས་པར་གྱུར༔ འདི་བཞིན་དངོས་སུ་ཞལ་གཟིགས་ཏེ་བཀའ་སྩལ་པའོ༔ ༈ དུང་སྐྱོང་ལ་སྦལ་མིག༔ སྦལ་མཛེས་ལ་ཀླུ་སྨན་ནག་པོ༔ གཙུག་ན་རིན་ཆེན་ལ་གཡང་ཅན༔ ཁྲོ་བོ་ཉ་མགོ་ལ་རྫུ་བ༔ གཟི་ཆེན་ལ་སྨད༔ སྨྱོ་ཁ་ལ་རྒྱལ༔ མཁར་ནག་ལ་སྦལ་ནག༔ མ་དྲོས་ལ་སྤོམ་ར༔ ཞེས་བྱ་བ་ཡིན་གསུངས༔ འདི་ཡི་བཅའ་གཞི་བསྡུས་པ་ནི༔ སྣོད་གཙང་མར་ཟན་གྱི་པད་སྡོང་འདབ་མ་བརྒྱད་པའི་ལྟེ་བར༔ དཀར་གཏོར་གཅིག་བཞག༔ འདབ་བརྒྱད་ཀྱི་སྟེང་དུ་རིལ་བུ་བརྒྱད་བཞག༔ ཀླུ་སྨན་དཀར་གསུམ་མངར་གསུམ་བ་དཀར་ར་དཀར་འོ་མས་བྲན་ནས་བདག་བསྐྱེད་ཞལ་གཟིགས་དང་བསྟུན་པའི་ཕྱག་རྡོར་ཞི་བ་སྐད་ཅིག་དྲན་རྫོགས་བསྒོམ༔ འདི་ཡི་བྱིན་རླབས་བསྐྱེད་ཆོག་བཞུགས་གསོལ་ཕྱག་འཚལ༔ སྒབ་འདྲེ་བཀུག་པ་མཆོད་པ་རྣམ་ལྔ༔ ཁྲུས་གསོལ་ཤིང་རྩི་འབུལ་བ༔ རྗེས་གཅོད་འདི་རྣམས་གཞན་ནས་འབྱུང་བ་ཡིན༔ ཀླུ་མཆོད་འདི་འགྲིགས་སུ་བཀོད་པ༔ སྔགས་འཆང་གསར་བུ་འགའ་ཞིག་ལ་ཕན་ཕྱིར༔ ༧ ཨ་རཱ་གས་ཚེས་བཟང་ལ་དགེ་བར་བྲིས་པའི་དགེ་བའི་རྩ་བ་དང་༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ སེམས་ཅན་ཀླུ་ནད་ལས་གྲོལ་ནས་ཀླུའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ མངྒ་ལཾ།། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ།next