རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དབང་གི་སྒྲོལ་མ་དམར་པོའི༌རྗེས་གནང་གི་ལུང་བརྒྱུད་སོགས།
རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དབང་གི་སྒྲོལ་མ་དམར་མོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྗེ་བཙུན་སྒྲོལ་མ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ས་པཎ། སློབ་དཔོན་ཤཱཀྱ་འོད་ཟེར། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། ཀླུ་པ་མཁན་ཆེན་བསོད་ནམས་དར། དམར་
སྟོན་རྒྱལ་མཚན་འོད་ཟེར། གོང་མ་གྲགས་པ་འབྱུང་གནས། སྲེ་པ་ལོ་ཙཱ་བ། ས་སྐྱོང་ཐམས་ཅད་མཁྱེན་པ། ཚེས་ལྔ་རིན་པོ་ཆེ་རྣམས་སུའང་གྲགས། དཔལ་ལྡན་ཀུན་བཟང་རོལ་པ། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་ཡང་ཟེར། ཆག་ལོ་རིན་ཅེན་ཆོས་རྒྱལ། བླ་མ་དོན་ཡོད་དཔལ། གྲུབ་བརྙེས་དགེ་སློང་ངག་དབང་རྣམ་རྒྱལ། བསྟན་པའི་ཉི་མ་མཁྱེན་བརྩེའི་དབང་ཕྱུག །གྲུབ་པ་མཆོག་གི་དེད་དཔོན་དབང་ཕྱུག་རབ་བརྟན། བསྟན་པའི་མངའ་བདག་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་འཁོར་མེད་ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། །སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ། གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས་གཉིས་ཀྱི་ལུང་ནོས་པའི་བརྒྱུད་པ་ནི། ཆག་ལོ་ནས། ས་ལོ་འཇམ་དཔལ་རྡོ་རྗེ། མཚུངས་མེད་དཀོན་ཅོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ །རྗེ་བཙུན་བྲང་ཏི་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །རྟ་མཆོག་གི་རིགས་ཀྱི་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲ་ཞིང་ལོ་ཆེན་དར་མ་གྲགས་ཀྱིས་སྤྱན་དྲངས་པའི་གཉན་སྒྲོལ་ཡན་ལག་དྲུག་པ་རྗེ་བཙུན་ཆེན་པོས་མཛད་པའི་མངོན་པར་རྟོགས་པ་ཡན་ལག་དྲུག་ལྡན་དང་རྗེས་གནང་གི་ཆོ་ག་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་སྟེང་ནས་རྗེས་
གནང་དང་། དེ་དང་འབྲེལ་བར་མཚན་བརྒྱ་རྩ་བརྒྱད་པའི་མདོའི་ལུང་རྗེས་གནང་གི་སྐབས་ངེས་པར་མཛད་དགོས་པའི་ཕྱག་བཞེས་ལྟར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། སློབ་དཔོན་ཀླུ་སྒྲུབ། བ་ལིང་ཏ་པ། ཐར་རྩེ་དང་ཤར་པའི་གསན་ཡིག་ན་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེའི་དེར་སྣང་བ་ཆད་དམ་སྙམ། སངས་རྒྱས་ཡེ་ཤེས། ཌཱི་པཾ་ཀ་ར་བྷ་དྲ། དཔལ་བདེ་བའི་ཞབས། དྲི་མེད་སྦས་པ། ཁ་ཆེ་རིན་ཅེན་རྡོ་རྗེ། རིན་ཅེན་གྲགས་པ། བནྡེ་པ་ཆེན་པོ། ཐར་རྩེ་དང་ཤར་བའི་གསན་ཡིག་ན་འདིའི་ཚབ་ཏུ་རི་སུལ་གྱི་རྣལ་འབྱོར་མ་འདུག་པ་ཞལ་གྱི་བརྒྱུད་པ་དཀྱུས་ཤོར་བྱུང་འདྲ། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་དར་མ་རྒྱལ་མཚན། བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། དཀའ་བཞི་པ་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། ཐར་རྩེ་དང་ཤར་བའི་གསན་ཡིག་ན་མི་འདུག་པ་ཆད་དམ་སྙམ། ཐོག་སྟོན་ཤེས་རབ་རྡོ་རྗེ། མཁན་ཆེན་རྒྱལ་བཟང་དཔལ། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚ་བ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། ཡང་ན་ཡོངས་འཛིན་དཀོན་ཅོག་འཕེལ་
ནས། རྗེ་ལྷ་མཆོག་སེང་གེ །དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་སངས་རྒྱས་རིན་ཅེན། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱུ་འགུལ་པཎ་ཆེན། གློ་བོ་མཁན་ཆེན་ལེགས་འབྱུང་། འཇམ་དབྱངས་ས་ལོ། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་ལྷ་མཆོག་སེང་གེ་ནས། ངོར་ཆེན་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། རྗེ་བཙུན་ཆེན་པོས་མཛད་པའི་སྒྲུབ་སྐོར་ལ། ལོ་རྒྱུས། བསྙེན་པ། སྒྲུབ་པ། ཐུན་འཚམས་སུ་བྱ་བ་གཏོར་མ། འཁྲུལ་འཁོར། ཆོམ་རྐུན་འཆིང་བ། མཚན་བརྒྱ་རྩ་བརྒྱད་པ་དང་གཟུངས་ཀྱི་ལུང་བླང་པ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཁའུ་པ་ཡན་གོང་ལྟར་ལ། དེ་ནས་གོང་མ་ལྔ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ །བླ་མ་བསོད་ནམས་རྒྱལ་མཚན། མ་ཏི་པཎ་ཆེན། ཐེག་ཆེན་རིན་པོ་ཆེ། བླ་མ་ལུང་རིག་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང་། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། བཙུན་པ་རྣམ་མགོན་དྲི་མེད་སྡེ། རྗེ་བྱང་ཆུབ་དབང་རྒྱལ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། ཐུ་བཙུན་ཀུན་དགའ་བསོད་ནམས། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རབ་འབྱམས་པ་ཆོས་རྗེ་རིན་ཆེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་འཕགས་པ་ནས། ཚོགས་ཉན་གཉིས། བྲག་ཕུག་པ། བླ་མ་དམ་པ་མན་འདྲ། ཡང་ན་འཕགས་
པ་ནས། ཞང་སྟོན་ཁུ་དབོན། བླ་མ་དམ་པ་མན་གོང་ལྟར་རོ། །ཡང་ན་འཕགས་པ་ནས། ཤར་པ་སྐུ་མཆེད། འཇམ་དབྱངས་ཆེན་པོ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། །དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེའི་ལུང་ནི། རྗེ་དཀོན་ཅོག་ལྷུན་གྲུབ་ནས། བྲང་ཏི་པ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། རྗེ་སངས་རྒྱས་སེང་གེ །རྗེ་ཀུན་དགའ་ལུང་རིག །ནགས་དགོན་པ་སྦྱིན་པ་གྲགས་པ། ས་ཆེན་ཀུན་དགའ་བསོད་ནམས། དེས་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །རྩོད་དུས་ཀྱི་རྒྱལ་བ་གཉིས་པ་བུ་སྟོན་རྗེས་ཐེ་ཚོམ་གྱི་གཞིར་མཛད་ཀྱང་ཕྱག་བཞི་དྲུག་གི་བརྒྱུད་པའི་བླ་མ་ཕལ་ཆེར་ཚད་མར་མཛད་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་བཅུ་བཞི་པར། མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། དང་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་རྔམ་པ་ཡི། །གཡས་གཡོན་བར་པའི་ཕྲེང་བ་དང་། ཌཱ་མ་རུ་ནི་འཛིན་ཅིང་བརྡུང་། །མཐའ་མ་གཉིས་ཀྱིས་ཁ་ཊཱཾ་དང་། །སྡིགས་མཛུབ་ཞགས་པས་འཆིང་བར་མཛད། །ཅེས་པ་དང་། ཤངས་པ་རྣམས་ཀྱི་རང་སྐད་ལ་རྒྱུད་ཚད་ལྡན་དུ་གྲགས་ཤིང་ཐམས་ཅད་མཁྱེན་པ་བུས་སོམ་ཉིར་མཛད་པ་རྟ་མགྲིན་གྱིས་
གསུངས་པའི་རྒྱུད་ལེའུ་བརྒྱད་པའི་ལེའུ་གཉིས་པར། ནག་པོ་ཞལ་གཅིག་ཕྱག་དྲུག་པ། །གྲི་གུག་བགྲང་འཕྲེང་ཌཱ་མ་རུ། །ཐོད་པ་མདུང་དང་ཞགས་པ་བསྣམས། །ཞེས་གསལ་བར་བསྟན་ཅིང་རྩོད་མེད་ཡོངས་གྲགས་ཀྱི་རྒྱུད་རྭ་ཆོས་རབ་ཀྱིས་བསྒྱུར་བའི་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བཅུ་པ་ལས། ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིའི་འཁོར་དང་བཅས་ཟུར་ཙམ་བསྟན་པ་འདི་རྒྱུད་ཀྱི་ཟིན་ཟོ་ཆེ་བར་མངོན་ཞིང་། དེ་ལྟར་ལོ་པཎ་མཁས་གྲུབ་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལ། མཁས་གྲུབ་ཁྱུང་པོ་གདུབ་བུ་པས་ཀོ་ས་ལི་བིཀྵའི་དུར་ཁྲོད་དུ་རྗེ་བཙུན་མཻ་ཏྲི་པ་ཆེན་པོ་ལ་གསེར་སྲང་བདུན་ཕུལ་ནས་ནོར་སྒྲུབ་མཐུ་མྱུར་ལྟག་ཚན་ཆེ་བའི་ཆོས་སྐྱོང་ཞིག་ཞུས་པ་ལ་བརྟེན་ནས་གནང་བའི་ཡིད་བཞིན་མགོན་པོ། མགོན་པོ་ཤིང་ཕུང་ཅན། ཙན་དན་མགོན་པོ། ཐུགས་རྗེ་ཆེན་པོ་ནག་པོ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་སོགས་གཞི་གཅིག་ལ་མཚན་དུ་མར་གྲགས་པ། མི་ནོར་ཟས་གསུམ་དབང་དུ་སྡུད་པ། དགྲ་བོ་བརླག་ཅིང་ཟློག་པས་མི་ཚུགས་པ། བར་དོའི་འཇིགས་པ་ལས་སྐྱོབ་ཅིང་མཆོག་ཐུན་དངོས་གྲུབ་ཐམས་ཅད་འབད་མེད་དུ་སྩོལ་བའི་ཆོས་སྐྱོང་བའི་སྲུང་མ་འདི་ཉིད་ཀྱི་རྗེས་སུ་གནང་བའི་སྐོར་དང་མཁས་གྲུབ་ཁྱུང་པོ་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་མཛད་པའི་ཚེ་གྲུབ་ཆེན་རཱ་ཧུ་ལས་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་གནང་བའི་རྗེས་གནང་གི་སྐོར་རྣམས་བསྡོམས་པས་མགོན་པོ་བཅུ་གསུམ་དུ་གྲགས་པ་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་
བཀྲ་ཤིས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ནོས་པར། གཏོར་དབང་བར་གཅོད་ཀུན་སེལ། རྗེས་གནང་བར་གཅོད་ཀུན་སེལ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། བླ་མགོན་དབྱེར་མེད་ཀྱི་སྐོར་ལ་ཞི་བ་གྲིབ་སེལ། རྒྱས་པ་བླ་མ་མགོན་པོ་དབྱེར་མེད། མཁའ་འགྲོ་དབང་སྡུས་དང་གནས་དབབ་གཅིག་ཏུ་བྱས་པ། གསང་སྒྲུབ་མགོན་པོ་མཆིན་ཁ། ནང་སྒྲུབ་རྒྱན་ཅན། མགོན་པོ་དབང་རྒྱལ། མགོན་པོ་ཚེ་བདག །ས་ར་ཧའི་མགོན་པོ་ཁྲག་འཐུང་། ལྷ་བཞི་དྲིལ་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུ་སྟེ་དཔལ་མཉམ་མེད་རི་བོ་དགའ་ལྡན་པ་ལ་གྲགས་པའི་བཀའ་བཅུ་གསུམ། དེའི་གྲངས་སུ་མི་ཐེ་བའི་ཕྱག་མཚན་དྲུག་ཆས་གོས་སིནྡྷུ་ར་རྣམས་ཀྱི་རྗེས་གནང་མགོན་པོ་སྙིང་ཞུགས་ཐུན་མོང་བའི་རྗེས་གནང་ཚར་ཆེན་དང་མཁན་ངག་དབང་ཆོས་གྲགས་པའི་ཡི་གེའི་སྟེང་ནས་དབང་བཞི་བྱིན་རླབས་སུ་བསྐུར་བ་ཤངས་པའི་ཕྱག་ལེན་གཙང་མ་ཤིན་ཏུ་རྒྱས་པ་རྣམས་ནོས་ནས། རྒྱབ་རྟེན་ལུང་ལ། བེ་བུམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཤོག་དྲིལ་གྱི་སྐོར་དང་གཉིས། དང་པོ་ལ། རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་ཞུས་པའི་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ། འདི་ལ་མཁས་གྲུབ་རྗེས་རྒྱུད་འདི་ཉིད་ཡིད་ཆེས་སུ་འདོད་པ་རྣམས་ཀྱི་ཞེས་ཐེ་ཚོམ་གྱི་གཞིར་མཛད་ནས་རང་ལུགས་ཀྱི་རྩ་བའི་ཁུངས་སུ་བེ་བུམ་གྱི་ཐོག་མར་བྲིས་པ་འོག་ནས་འབྱུང་བའི་མན་ངག་མཐའ་དག་སོམ་ཉིའི་ཡུལ་དུ་འབད་པས་བསྒྲུབས་པ་ལ་དགོས་པ་ལྷག་པོ་མ་མཐོང་། མགོན་པོ་གསང་བ་དངོས་
གྲུབ་འབྱུང་བའི་རྒྱུད་ལེའུ་ཉེར་ལྔ་པ་ཚད་ལྡན་དུ་མཛད་འདུག་ཀྱང་ཐམས་ཅད་མཁྱེན་པ་བུ་སོགས་ཚད་མར་མི་བཞེད་པ་རྒྱུད་འབུམ་དཀར་ཆག་ན་གསལ་བས་དུར་ཁྲོད་ནག་པོའི་རྒྱུད་བུ་སྟོན་གྱིས་བརྫུས་མར་བཞེད་པ་བཞིན་ཁོ་བོ་འདོད་གསུང་བ་དུར་ཁྲོད་ནག་པོ་རྣམ་པར་མ་དག་ཅིང་དངོས་གྲུབ་འབྱུང་བ་རྣམ་པར་དག་པ་རང་གི་ཞེན་འདོད་གཙོ་བོར་སྟོན་པ་ལས་རྣམ་དཔྱོད་དང་ལྡན་པའི་གསུང་དུ་མི་སེམས་སོ། །ཡེ་ཤེས་ཀྱི་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མཻ་ཏྲི་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་ལ་བིཀྵའི་དུར་ཁྲོད་དུ་གསུངས་པ། འདིའི་མཇུག་ཏུ་མཁས་གྲུབ་རྗེས་གསུངས་ལས། འདི་གཙོ་བོར་ཡིད་ཆེས་ཀྱི་གནས་སུ་གཟུང་ཞེས་བླ་མ་དམ་པ་དག་བཞེད་ལ་བདག་ཀྱང་དེ་ལྟར་སྨྲའོ་ཞེས་སྣང་བའི་འདི་ཁོ་ནའི་ཚིག་གིས་རྒྱུད་ལེ་བརྒྱད་མར་རྟ་མགྲིན་གྱིས་ནག་པོ་ཆེན་པོ་བཏུལ་བའི་ལོ་རྒྱུས་སོགས་ཚད་མ་མ་ཡིན་པ་ཤུགས་ལ་བསྟན་ནས་སྒོས་རྒྱུད་དམིགས་པ་མེད་པའི་དབྱིངས་སུ་རྒྱས་འདེབས་པར་ཉེ་བའོ། །རང་བྱིན་གྱིས་བརླབ་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་ཝ་རིས་མཛད་པ། འདིའི་མཇུག་ཏུ་མཁས་གྲུབ་རྗེས་སྒྲུབ་ཐབས་རྒྱ་གཞུང་འདི་ལ་ཡི་གེ་རྙིང་པ་ན་མཆན་ཆུང་ཉག་ཉོག་མང་པོ་བཏབ་འདུག་ནའང་དགོས་པ་ལྷག་པོ་ཅི་ཡང་མི་སྣང་བས་མ་བྲིས་སོ། །ཞེས་གསུངས་འདུག་གོ །ཙ་ལ་ན་ནི་ཞེས་སོགས་བསྟོད་པ་རྒྱ་སྐད་མ་འདིའི་མཇུག་ཏུ་མཁས་གྲུབ་རྗེས་འདི་ལ་ཡང་ཡི་གེ་མ་དག་པ་རིམ་པར་བརྒྱུད་པའི་འདྲ་མིན་མང་དུ་སྣང་ངོ་ཞེས་གསུང་པ་ལས་དག་ཐེར་མ་གནང་འདུག་པ་འོག་གི་མན་ངག་མང་པོར་ལྷད་ཞུགས་བསལ་ནས་དག་པར་ན་
བྱས་ཞེས་ཞལ་གྱིས་འཆེས་པ་བཞིན་འདིར་ཡང་ཞུས་དག་ཅིག་དགོས་པ་འདྲ་ཡང་ལོ་ཙཱ་ཞིག་མ་རྙེད་པའི་རང་བཙན་དུ་ལུས་པ་འདྲའོ། །བྱིན་གྱིས་བརླབ་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་ཚུལ་དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་པར་རྟོགས་པ་རྒྱས་པའི་ཡི་གེ །ལག་ཏུ་ལེན་པའི་མན་ངག་མངོན་པར་རྟོགས་པ་སྒྲུབ་པའི་ཐབས་འབྲིང་པོའི་ཡི་གེ །རྣམ་པ་གཅིག་ཏུ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ །སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་གྱི་མཇུག་ཏུ་མཁས་གྲུབ་རྗེས་སྒྲུབ་ཡིག་གསུམ་པོ་འདི་ལ་མཛད་བྱང་མེད་ཤངས་པའི་ཡིག་རྙིང་ཡིན་བླ་མ་ཤངས་པའི་གསུང་སྒྲོས་ཟིན་བྲིས་སུ་བྱས་པ་གདའོ་ཞེས་དང་གཏོར་མ་དང་མ་འབྲེལ་བའི་སྐབས་མངོན་རྟོགས་བསྡུས་པ་འདི་མཁོ་ཚུལ་དང་དམ་ཚིག་པ་མི་བསྐྱེད་གསུང་པ་ཞིག་འདུག་པ་གོང་དུ་དམ་ཚིག་པ་བསྐྱེད་པར་བཤད་པ་དང་མ་མཐུན་པས་ཡིག་ནོར་བྱུང་འདྲ་བ་དཔྱད་དོ། །སྲོག་སྔགས་དང་ཤཱ་ས་ནའི་སྔགས་དོན་བཤད་པ་མཛད་པ་པོའི་གསལ་ཁ་མི་འདུག་ཀྱང་བར་མཚམས་ཤིག་ཏུ་བདག་གི་བླ་མ་རྗེ་བཙུན་ནམ་མཁའ་རྣལ་འབྱོར་གྱི་ཞལ་ནས་ཀྵཻཾ་ཀྵེ་ཏྲ་ཞེས་གསུང་པ་ལ་མ་དག་པའི་དཔྱད་པ་འདུག་པས་མཁས་གྲུབ་རྗེའི་གསུང་ཡིན་འདྲ། འགོར་ལེགས་ལྡན་འདིའི་ལུགས་ཀྱིས་ཞེས་ཡོད་པའི་བླ་མ་དེས་ཀྱང་བདག་མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོ་མཆོག་ཏུ་དགྱེས་པ་ཆེན་པོས་གནང་ཚུལ་དང་བཅས་པའི་ལོ་རྒྱུས་ཉུང་ངུ་། འགོར་ད་དེ་ལ་གཏོར་མ་གཏོང་བར་འདོད་པས་ཞེས་ཡོད་པའི་བསྙེན་པའི་ཚུལ་དུ་སྒྲུབ་པ་ཡིན་གསུང་ངོའི་མཐའ་ཅན། འགོར་
དཔལ་མགོན་པོའི་གཏོར་སྒྲུབ་བྱེད་པར་འདོད་པས་ཞེས་ཡོད་པའི་གཏོར་སྒྲུབ་བྱ་ཐབས་སོའི་མཐའ་ཅན། མཁས་གྲུབ་རྗེས་གཏོར་སྒྲུབ་འདི་ཤངས་པའི་ཡིག་རྙིང་ཞིག་ཡིན་འདུག་ཀྱང་མཛད་པ་པོ་བླ་མ་རྣམས་གསུང་རྒྱུན་མི་སྣང་གཏོར་སྒྲུབ་དང་གཏོར་ཆེན་འདྲེས་པས་མི་མཁས་པ་ཞིག་གིས་བྱས་འདྲ་སྙམ་པའི་རྟོག་པ་སྐྱེས་གསུང་བ་འདུག །འགོར་གཏོར་ཆེན་བྱེད་པར་འདོད་པས་ཞེས་ཡོད་པའི་ཡིག་རྙིང་བླ་མའི་ཞལ་གྱི་གདམས་པ་ཡིན་ནོའི་མཐའ་ཅན། འགོར་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཉམས་སུ་ལེན་པ་ལ་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་གསུམ་མོ་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་མན་ངག་བཞིན་ལས་ལ་སྦྱོར་བ་ལེགས་སོའི་མཐའ་ཅན། འདི་མཁས་གྲུབ་རྗེས་ཤངས་པའི་ཡིག་རྙིང་ཡིན་ཚུལ་མཛད་འདུག །འགོར་སངས་རྒྱས་གཉན་སྟོན་ལ་སོགས་པའི་རྗེ་གྲུབ་ཐོབ་རྣམས་ལ་སྐྱབས་སུ་མཆི་ཞེས་ཡོད་པའི་རང་ཉིད་ལ་དབང་དམིགས་པས་ལེན་པ་དང་གཞན་ལ་གཏོར་དབང་བྱ་བའི་ཡི་གེ་མགོན་པོ་ལ་གཏང་རག་གི་ཚུལ་དུ་འབུལ་ལོའི་མཐའ་ཅན། མགོན་པོའི་སློབ་མ་རྗེས་སུ་བཟུང་བ་གཞན་ཕན་གྱི་བློ་ཁོ་ནས་ཆོས་རྗེ་སངས་རྒྱས་སྟོན་པས་ཡི་གེར་བཀོད་པ་སྦྱོར་དངོས་རྗེས་གསུམ་མ། འགོར་གཏོར་མ་མགོན་པོ་ལ་ཕུལ་ཟིན་པའི་རྗེས་ལ་ཞེས་ཡོད་པའི་རྗེས་གནང་གི་ཟུར་འདེབས་དཔོན་སློབ་གཉིས་ཀས་བསྒོམ་པར་བྱ་བའི་མཐའ་ཅན། མདུན་དུ་མགོན་པོ་བསྐྱེད་ནས་རང་ལ་དབང་བླང་བའི་གནད་མཆོག་ཁྱད་འཕགས་མགོན་པོས་སངས་རྒྱས་གཉན་སྟོན་ལ་དངོས་སུ་གསུངས་ནས་
མཁའ་ལ་གཤེགས་པ། འགོར་སློབ་མའི་སྙིང་ན་ཆོས་ཀྱི་འཁོར་ལོ་ཞེས་ཡོད་པའི་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཟུར་འདེབས། འདིའི་གཤམ་དུ་མཁས་གྲུབ་རྗེས་རྗེ་ནམ་མཁའི་རྣལ་འབྱོར་གྱི་ཕྱག་དཔེ་ན་མཆན་བུར་ཡོད་པ་མ་གཏོགས་གཞན་ལ་མེད་ཚུལ་མགོན་པོ་རིགས་ལྔའི་རྗེས་གནང་སྟོད་ལུགས་པར་ཡོད་པ་མ་དག་པ་དང་། གཏོར་སྣོད་པདྨར་བསྐྱེད་པ་མི་འཐད་ཚུལ་གསུང་ངོ་། ཕྱག་མཚན་རྗེས་གནང་གི་ཚིགས་བཅད་མ། འགོར་གྲིབ་ཕོག་དམ་ཚིག་འགལ་གྱུར་ན་ཞེས་ཡོད་པའི་གྲིབ་སེལ་ཁྱད་པར་ཅན་གྱི་མན་ངག །གྲིབ་སེལ་གྱི་དབང་བཀའི་ཐོ་ཡིག །བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་ཐབས་མགོན་པོས་ཤ་ཝ་རི་པ་ལ་ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ་པ་ཆིག་བརྒྱུད་མ། དེའི་བྱིན་རླབས་ཀྱི་ཆོ་ག་བླ་མ་མགོན་པོ་དབྱེར་མེད་ཀྱི་སློབ་མ་རྗེས་བཟུང་རྫོགས་བྱང་གི་མཐའ་ཅན། མགོན་པོ་མཆིན་ཁའི་རྗེས་གནང་བླ་མའི་གསུང་བཞིན་ལོ་ཙཱ་བ་ཚུལ་ཁྲིམས་མགོན་གྱིས་བཀོད་པ། མགོན་པོ་མཆིན་ཁར་སྒྲུབ་པའི་མན་ངག་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཞལ་གདམས། དེང་སང་འདི་ལ་གསང་སྒྲུབ་ཏུ་འདོགས། མགོན་པོ་མཆིན་ཁའི་འཁོར་གྱི་མངོན་རྟོགས་ཡེ་ཤེས་པ་བསྟིམས་ཏེ་གཏོར་མ་ཕུལ་ལ་གསོལ་བ་གདབས་བོའི་མཐའ་ཅན། ས་ར་ཧའི་ལུགས་ཀྱི་ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་འདི་དང་འོག་གི་རྒྱན་ཅན་གཉིས་ཡུམ་གྱི་མཆན་དང་ཕྱག་མཚན་རྣམས་མི་འདྲ་བ་མཻ་ཏྲི་པ་དང་རཱ་ཧུ་ལའི་ལུགས་ཀྱི་ཁྱད་པར་ཡིན་ནམ་དཔྱད་ལོ་རྒྱུས་ཚོར་མཻ་ཏྲི་པར་ཞུས་པའི་གྲོས་སུ་སྣང་། པའི་དབང་ཆོག་རྒྱ་གར་མཁས་གྲུབ་ཀྱི་གཞུང་བཞིན་ཁྱུང་པོ་བདག་གིས་ཡི་གེར་བཀོད་པ་རཱ་ཧུ་ལ་ལ་གསེར་
སྲང་བརྒྱ་ཕུལ་བས་ཞུས་ཏེ་རྨོག་ལྕོག་པ་ལ་གཏད་པའི་ཆིག་བརྒྱུད་མ། དེའི་གསང་བའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཤ་ཝ་རི་པས་མཛད་པ་རྫོགས་བྱང་གི་མཐའ་ཅན། དཔལ་མགོན་པོའི་གསང་བའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་མགོན་པོ་རྒྱན་ཅན་དུ་གྲགས་པ་དེང་སང་འདི་ལ་ནང་སྒྲུབ་ཟེར། རཱ་ཧུ་ལས་རྡོ་རྗེ་འཆང་ལ་དངོས་སུ་གསན་ནས་གྲུབ་པ་བརྙེས་པ། དེའི་དབང་ཆོག་འགོར་རྡོ་རྗེ་ནག་པོ་ཆེན་པོའི་དབང་གི་ཆོ་ག་ཞེས་ཡོད་པའི་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའི་བཀའ་རྒྱ་མ། འགོར་འདིའི་བྱིན་རླབས་བྱེད་པར་འདོད་པས་ཞེས་ཡོད་པའི་མགོན་པོ་དབང་རྒྱལ་གྱི་རྗེས་གནང་གི་ཡི་གེ་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཅེན་བརྩོན་འགྲུས་ལ་གདམས་པ། མགོན་པོ་ནང་སྒྲུབ་བམ་དེང་སང་འདི་ལ་ནང་སྒྲུབ་ཀྱི་ཐ་སྙད་མི་མཛད། དབང་རྒྱལ་གྱི་སྒྲུབ་ཐབས་མཻ་ཏྲི་པ་ལ་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་པ། མགོན་པོ་དབང་རྒྱལ་གྱི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ་དམ་པའི་མགོན་ལ་བཤགས་པར་བགྱིའི་མཐའ་ཅན། མགོན་པོ་ཚེ་བདག་མཁའ་འགྲོ་བཞི་སྐོར་ཡུམ་བཅས་ཀྱི་སྒྲུབ་ཐབས་ཁྱུང་པོས་རཱ་ཧུ་ལ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་པ། ལོ་རྒྱུས་ཚོར་མཻ་ཏྲི་པར་ཞུས་པའི་གྲས་སུ་སྣང་། དེའི་སྒོ་ནས་ཚེའི་དབང་བྱེད་པ་ཆིག་བརྒྱུད་བཀའ་རྒྱ་མ་རིན་ཅེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་འདི་ཡུམ་ཡོད་ཀྱང་རྒྱན་ཅན་དུ་ངོས་མི་འཛིན། ཁྲག་འཐུང་གི་སྒྲུབ་ཐབས་དཔལ་ལྡན་ས་ར་ཧས་མཛད་པ་རྒྱ་གར་གྱི་མཁན་པོ་ཨ་ཐ་ཡ་བཛྲ་དང་ལོ་ཙཱ་བ་ཁྱུང་པོས་བསྒྱུར་བ། དེའི་སྒྲུབ་ཐབས་དང་རྗེས་གནང་འགོར་འདིའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་ཞེས།
ཡོད་པ་སྔགས་གསུམ་གའི་རྗེས་ཟློས་བྱའོའི་མཐའ་ཅན། གུ་ཎ་ཨ་ཀ་ར་དང་ཨ་ཐ་ཡ་ན་བཛྲ་གཉིས་ལས་བརྒྱུད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་ལམ་གྱི་རིམ་པ་རྗེ་བཙུན་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ་རྫོགས་སོའི་མཐའ་ཅན། འགོར་རྡོ་རྗེ་ཕག་མོའི་བྱིན་གྱིས་བརླབ་པ་ཞེས་ཡོད་པའི་རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་ཡ་བཛྲ་གྱིས་མཛད་པ། ལྷ་བཞིའི་ཞལ་གདམས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མཐའ་ཅན། ལྷ་བཞིའི་སྒོ་ནས་གཞན་ལ་དབང་བསྐུར་བ་སྣོད་ལྡན་རེ་ཙམ་ལ་སྟེར་ན་རང་ལ་དབང་བསྐུར་བ་ལྟར་བྱའོའི་མཐའ་ཅན། ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག །ལྷ་བཞི་བླ་མ་དང་ལྔའི་བསྟོད་པ་ཆོས་དབྱིངས་མ། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེ་བཀྲ་ཤིས་སྨོན་ལམ་སོགས་བྱའོའི་མཐའ་ཅན། སྒྲུབ་ཐབས་དགོས་པ་ཀུན་འབྱུང་བའི་གདམས་ངག་གི་རྒྱལ་པོ་ལོ་རྒྱུས་སྦྱོར་བ་དངོས་གཞི་རྗེས་བཞིས་བསྟན་པ། ཞི་བ་ནོར་དུ་སྒྲུབ་པའི་གདམས་པ་ཕྱི་མའི་གནམ་སྟོང་གི་བར་དུ་བྱའོའི་མཐའ་ཅན། མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས་ཤངས་པ་རྣམས་འདི་ལ་རྗེས་གནང་མཛད་པར་མཁས་གྲུབ་རྗེས་མི་འཐད་པའི་ཕྱོགས་གསུང་ཡང་སྐུའི་རྣམ་འགྱུར་ལ་ཁྱད་པར་ཡོད་ཕྱིན་རྗེས་གནང་མི་རིགས་པའི་སྒྲུབ་བྱེད་ཡང་དག་མེད་པ་འདྲའོ། །ཤིན་ཏུ་གསང་བར་བྱ་ཞིང་དཔེ་སུ་ལའང་མི་བསྟན་ནོའི་མཐའ་ཅན། དབང་སྡུས་ཀྱི་འཁོར་ལོའི་བྲི་ཡིག །གཏོར་མའི་མན་ངག །སྦྱིན་སྲེག་བུམ་པ་བཅའ་ཐབས་གཞན་ལ་མི་བསྟན་པར་ཆོས་དམ་པར་བྱའོ་མཐའ་ཅན། མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་
རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བའི་འདི་དང་གོང་གི་འཇིག་རྟེན་པའི་དངོས་གྲུབ་བསྡུས་པ་གཉིས་མི་འདྲ་ཡང་མགོན་དཀར་དང་དབང་རྒྱལ་གྱི་ཁྱད་ཡོད་པས་མི་གཅིག་གོ །མན་ངག་དངོས་གྲུབ་ཐམས་ཅད་མོད་ལ་འགྲུབ་པར་ཤོག་གི་མཐའ་ཅན། བསྟོད་པ་རྒྱལ་ཀུན་མ། མཁས་གྲུབ་ཆོས་རྗེས་ཕྱག་དྲུག་པའི་སྐོར་རྩད་བཅད་ཅིང་དག་ཐེར་མཛད་པའི་ཐེམས་ཡིག་ཁོ་བོས་ཡི་གེར་བཀོད་པ་འདི་ལ་བླ་མ་མགོན་པོ་འཁོར་བཅས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ་གྱི་མཐའ་ཅན། དེས་མཛད་པའི་ལོ་རྒྱུས་དག་མ་དག་གི་དོགས་སེལ་རྒྱས་པར་ཡོད་པའི་ལས་གསུམ་རྣམ་བཞག་གསལ་བར་ཕྱེ་བ་ཁྲིགས་སུ་བསྡེབས་པ། དེས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཐུན་མོང་མ་ཡིན་པ་གསལ་ཞིང་རྒྱས་ལ་མ་སྦས་པར་ཐམས་ཅད་ཚང་བ་ཕྱོགས་གཅིག་ཏུ་བཀོད་པ། དེས་མཛད་པའི་གཏོར་ཆོག་བསྐང་བ་དང་བཅས་པ། རྟེན་བཞི་གནད་གསུམ་གྱི་མན་ངག་ཐུན་མོང་བའི་སྐོར། སྤོས་སྦྱོར་གྱི་མན་ངག་བསྡུས་པ་རིལ་བུ་དབུལ་བར་བྱའོའི་མཐའ་ཅན། སྤོས་སྦྱོར་རྒྱས་པ་བྱིན་གྱིས་བརླབ་པའི་སྔགས་སྔ་མར་མ་ཚང་བ་མང་བར་ཡོད་དོའི་མཐའ་ཅན། མཛེ་ཐོད་དང་མོན་གྱི་ཐོད་པ་ལ་བརྟེན་པའི་མནན་གཏད་ཀ་མ་ལ་ར་ག་རས་ཟླ་བ་གཅིག་ལ་ཕྱི་རོལ་པ་འབུམ་ཚོ་སྟོངས་སུ་བཅུག་པའི་མན་ངག །ཕྱི་དར་ནག་ནང་ནལ་བུའི་རྒྱལ་མཚན། གསང་བ་ནལ་བུའི་སྙིང་ལ་བརྟེན་པའི་དཔལ་ལྡན་ལྷ་མོ་ནག་མོའི་རྟེན་བཅའ་ཐབས་གཉན་སྟོན་རེ་གོང་པས་སངས་རྒྱས་སྟོན་པ་ལ་གནང་བའི་ཞལ་གདམས་ཆིག་བརྒྱུད་མ། གདོན་གྱི་བུ་དང་ཤ་མ་མ་ཐོན་པ་འདོན་ཐབས།
དཔལ་ལྡན་ལྷ་མོ་ནག་མོ་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་རྟེན་བཅའ་ཐབས་དང་བཅས་པ་ཤིན་ཏུ་གཉན་པ་ལས་ལ་སྦྱར་བ་ས་མཱ་ཡ་གུ་ཧྱའི་མཐའ་ཅན། མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་ཆུང་བ་རྫོགས་སོའི་མཐའ་ཅན། དེའི་ལུགས་ཀྱི་སྲོག་སྒྲུབ་རྒྱས་པ་ལ་ལ་བླ་མ་རེ་གོང་པས་མཛད་ཟེར། འགའ་ཞིག་སྐྱེར་སྒང་པས་མཛད་ནས་ལྕགས་ཕོ་རིའི་བྲག་ལ་སྦས་ལ་རེ་གོང་པས་བཏོན་ཟེར་རོ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། སློབ་དཔོན་དྷ་ན་སཾ་སྐྲྀ་ཏས་རྙིང་མ་ཕྱོགས་མ་གཏོགས་གསར་མར་གྲགས་ཆུང་། གནོད་སྦྱིན་བཞི་དམ་ལ་བརྟགས་ནས་མགོན་པོ་དང་གཙོ་འཁོར་གྱི་ཚུལ་དུ་ལྷན་ཅིག་ཏུ་བསྒྲུབས་པའི་སྦྲགས་སྒྲུབ་དུག་ལྟ་བུའི་མན་ངག་སུ་རུང་རུང་ལ་སྟེར་ཞིང་དཔེ་ཆ་སྟོན་ན་ཀྵེ་ཏྲ་པཱ་ལས་དེའི་སྙིང་ཕྱུང་ཞིག་གི་མཐའ་ཅན། བདུད་མགོན་ཏྲག་ཤད་ལ་བརྟེན་པའི་དཔལ་ལྡན་མགོན་པོ་ནག་པོའི་ངན་སྔགས་ཚིག་སྒྲུབ་སྤུ་གྲི་མེ་དབལ། མགོན་པོའི་སྦྱིན་སྲེག་གསལ་བ་གསུམ་ལྡན་སངས་རྒྱས་གཉན་སྟོན་གྱིས་མཛད་པ། མཁས་གྲུབ་ཁྱུང་པོས་མཛད་པའི་སྤྱན་འདྲེན་བཞེངས་ཤིག་མ། གཏོར་བསྔོའི་དུས་ཀྱི་མ་གཡེལ་མ། གཏོར་རྫོང་གཙང་ཞིང་གཙང་སྦྱར་མ། བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པའི་བསྟོད་པ་རྔམ་པ་སྒྲ་སྒྲོག་མ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་དཔལ་ལྡན་ལྷ་མོ་ལ་བསྟོད་པ་དཔག་དཀའ་མ། ལྷ་མོའི་བསྟོད་པ་བསྐལ་མེ་མ། མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་མཛད་པའི་བསྟོད་པ་དཀའ་བ་དང་བླངས་མ། བསྐུལ་སྟེང་གི་ཚངས་པ་མ། མཁས་གྲུབ་དགེ་ལེགས་དཔལ་
བཟང་གིས་མཛད་པའི་མགོན་པོའི་བསྟོད་པ་གང་ཐུགས་མ། དེས་མཛད་པའི་ལྷ་མོའི་བསྟོད་པ་དཔལ་ལྡན་མ་མོ་མ། ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ་རྣམས། གཉིས་པ་ཐུན་མོང་མ་ཡིན་པ་ཤོག་དྲིལ་སྐོར་ལ། ཤོག་དྲིལ་དང་པོ་ལ་བསྲུང་འཁོར་འདྲི་ཐབས་རྡོ་རྗེའི་གོ་ཆ་བླ་མ་ཤངས་པ་ལོ་ཙཱ་བ་ལ་ནག་པོ་ཆེན་པོས་བསྟན་པ། མཁས་གྲུབ་རྗེའི་ཞུས་དག་མ་ཡིན་པས་མཇུག་ཏུ། མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། ཞེས་པ་འདུག་ཅིང་ཤོག་དྲིལ་ཕྱི་མ་ཕལ་ཆེར་ལའང་དེ་ལྟར་སྣང་ངོ་། །ཕྱི་རྟེན་ལུག་སོགས་སྲོག་ཆགས། ནང་རྟེན་མདའ། གསང་རྟེན་གྲི་སྙིང་། དེ་ཁོ་ན་ཉིད་དེ་རྟེན་བཞི། དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པ། སྤྱི་བོའི་མི་བསྐྱོད་པ་ལ་བརྟེན་ནས་རྒྱུད་འཇམ་དུ་གཏོང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་མགོན་པོའི་ནུས་པ་བསྐྱེད་པ་སྟེ་གནས་གསུམ་དང་བཅས་པ་རྒྱ་གར་མཁས་གྲུབ་ཀྱི་མན་ངག་བླ་མའི་གདམས་པ་ཤངས་སྟོན་གྱིས་ཡི་གེར་བཀོད་པ། གནས་ཁང་བསིལ་བ་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ། མགོན་པོའི་འཕྱར་དར་རམ་བྲིས་སྐུ་བཞེང་པའི་མན་ངག་རྣམས། ཤོག་དྲིལ་གཉིས་པ་ལ་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས། ཟློག་པ་སྟོབས་ཆེན་ཤུགས་ཟློག །གསད་པ་གནམ་ལྕགས་དུག་མདའ་ནག་པོ། ཡང་ཟློག་བསྲུང་བ་སྟོབས་བསྐྱེད། སླར་ཟློག་ཉམས་
པ་ཀུན་གསོ། །གདམས་པ་ལྔ་པོ་འདི་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསུངས་པའི་སྙན་བརྒྱུད་བླ་མའི་ཞལ་ཤེས་མ། ཡང་ཟློག་གི་ཞལ་ཤེས་ཡིག་ཆུང་རྣམས། ཤོག་དྲིལ་གསུམ་པ་མགོན་པོའི་སྦྱིན་སྲེག་གི་ཆོ་ག་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། འགྲུབ་ཁུང་ལིང་ག་འཁོར་ལོ་སོགས་བསྟན་པ་ལས་ཀྱི་འཁོར་ལོ་ཞེས་བྱ་བ་རཱ་ཧུ་ལས་ཁྱུང་པོ་རྣལ་འབྱོར་ལ་གནང་བའི་གསང་བའི་ནོར། དྲག་པོའི་སེར་བ་འབེབས་པ་གནམ་སྟོང་ལ་ནི་ལས་ལ་སྦྱོར་ཞེས་གསུང་བའི་མཐའ་ཅན། ཤོག་དྲིལ་བཞི་པ་ལ། སློབ་དཔོན་མཚོ་ལ་ལ་འདི་ཨོ་རྒྱན་ཆེན་པོར་བཞེད་པ་ཡོད་འདྲ་ཡང་ཀྱེ་རྡོར་མཚོ་སྐྱེས་ཀྱི་སྐབས་ཀྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གང་ཡིན་ཐེ་ཚོམ་གྱི་གཞིར་སྣང་ངོ་། །སྐྱེས་ཀྱིས་མཛད་པའི་གནད་ལྔས་ཆོས་སྐྱོང་བྲན་དུ་བསྐུལ་བའི་མན་ངག །གདམས་པ་འདི་གུར་ཞལ་སོགས་ཆོས་སྐྱོང་མང་པོའི་བེའུ་བུམ་དུའང་ཡོད་དོ། མནན་པ་འདོན་པ། བཅིངས་པ་འགྲོལ་བ། བསྡམས་པ་བཅས་པ། ངག་ལ་བང་བསྐུར་བ། སྔགས་ཀྱི་མཐུ་བསྐྱེད་པ། བཟླས་པའི་དབལ་གསོལ་བ། སོ་ལ་ངར་བླུད་པ། མཆུ་ལ་དུག་བསྐུ་བ། ལྕེ་ལ་སྤུ་གྲི་འདོགས་པ་སྟེ་གདམས་པ་གནད་དགུ་མ། འདིའི་མཇུག་ན་གུ་རུ་པདྨ་འབྱུང་གནས་སོགས་བླ་མ་དྲུག་ལས་བརྒྱུད་ཚུལ་འདུག་ཅིང་། བླ་མ་དགོངས་འདུས་སུ། སྔགས་ཀྱི་དབལ་གསོ་བ། ལྕེ་ལ་སྤུ་གྲི་གདགས། ཀུན་ལ་ངར་འདོགས་གསད་པའི་ཐ་རམ་སྟེ། །འདི་དང་ལྡན་ན་ཡིད་བཞིན་ནོར་བུ་ལྟར། །ཅི་འདོད་འབྱུང་ངོ་ལས་ཅན་ཐུགས་ཀྱི་སྲས། །ཞེས་པའི་མན་ངག་བསྲེས་ནས་ཁྱུང་པོ་ལ་ཁུངས་བཙལ་བ་
ཞིག་འདྲའོ། །སྲིའུ་གསོ་བའི་གདམས་པ་གཏོར་མས་བསྲུང་བ་ལ་ཞལ་ཤེས་ཀྱང་ཡོད་དོའི་མཐའ་ཅན། གུ་གུལ་གྱི་བསྙེན་པས་བགེགས་སྐྲོད་པ། ཡུངས་ཀར་གྱི་བསྙེན་པས་བགེགས་ཚར་གཅོད་པ། ལམ་དུ་འགྲོ་བའི་བར་ཆད་བསྲུང་བ། གནོད་བྱེད་སྲེག་པར་བསམ་པའི་མཐའ་ཅན། ལུག་ནག་པོའི་བལ་གྱི་བསྲུང་སྐུད་དམ་ཚིག་མ་ཉམས་པས་བྱའོའི་མཐའ་ཅན། ངག་གནོད་སེལ་བའི་གདམས་པ་ངག་ནུས་པ་དང་ལྡན་ལྟར་འགྱུར་རོའི་མཐའ་ཅན། རྫས་སྔགས་ལ་བརྟེན་པའི་མཚོན་སྲུང་མི་ཚུགས་སོའི་མཐའ་ཅན། མཆོད་རྟེན་ཕུར་པ་ལ་བརྟེན་པའི་ཤྭ་ཟློག་འཕྲལ་དུ་ཟློག་པར་འགྱུར་རོའི་མཐའ་ཅན། མཐོ་ཕུར་ལ་བརྟེན་པའི་སེར་སྲུང་གདོང་ཟློག་སོགས་མི་དགོས་གསུང་ངོའི་མཐའ་ཅན། རྨི་ལམ་ངན་པ་ཟློག་ཐབས་གཏོར་ཆུང་བཤམ་པར་བྱའོའི་མཐའ་ཅན། དེའི་ཞལ་ཤེས་མཁས་གྲུབ་པའི་གསུང་རྒྱུན་རྣམས། ཤོག་དྲིལ་ལྔ་པ་ལ་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་པའི་མགོན་པོ་རྒྱན་ཅན་ལ་བརྟེན་པའི་རླུང་སྒྲུབ་ཤིན་ཏུ་ཟབ་པ་མཆོག་སྒྲུབ་པའི་མན་ངག །འདི་ཁྱུང་པོ་རྣལ་འབྱོར་གྱིས་གསེར་སྲང་བརྒྱ་ཕུལ་ནས་རཱ་ཧུ་ལ་ལ་ཞུས་པ་རྨོག་ལྕོག་པར་ཆིག་བརྒྱུད་དུ་གནང་བའོ། །གུར་ཞལ་གྱི་གསང་ཁྲིད་ཕྱག་བཞི་པའི་སྐུ་རགས་མ་སོགས་དང་དབྱིབས་མཚུངས་པའི་དམར་ཁྲིད་དུ་བྱེད་པ་ཞིག་ཤངས་པའི་གོང་མ་རྣམས་ལ་ཡོད་ཚོད་དུ་སྣང་། རྡོར་བཟླས་ཀྱི་ཤོག་དྲིལ་གཞན་དུ་གསལ་ཞེས་ཁ་འཕངས་འདུག་ཀྱང་དཔེ་ཟུར་པ་མ་རྙེད། དགྲ་བོ་ཚར་གཅོད་པའི་རླུང་སྒྲུབ་ལ་གཙོ་བོ་དང་འཁོར་གྱི་ལས་ཚོགས་གཉིས་ཀྱི་དང་པོ་ལ་
ཤ་ཝ་རི་དབང་ཕྱུག་གིས་རྒྱུད་ནས་ཕྱུང་སྟེ་གུཔྟ་བཛྲ་ལ་གནང་། དེས་འཇོག་པོའི་རིར་ཁྱུང་པོ་ལ་གནང་བའི་སྐྱེ་རགས་ཐེམ་ཁུག་ནས་ཕྱུང་བར་རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་པའི་མགོན་པོའི་རླུང་སྒྲུབ་ཀྱིས་ལོ་ཏོག་འཇོམས་ཤིང་ཐོག་དབབ་པ། མིའི་རླིད་བུ་ལ་བརྟེན་པའི་མགོན་པོའི་རླུང་སྒྲུབ་ཀྱིས་སྦོོས་ཏེ་གསད་པའོ། །འཁོར་གྱི་རླུང་སྒྲུབ་ལ། མི་དབང་སྙིང་ཤུན་ལ་བརྟེན་པའི་ལྷ་མོ་རླུང་སྒྲུབ་ཀྱིས་ཕ་རོལ་ཁྲག་ནད་ཀྱིས་ཕུང་བ། དོམ་གྱི་ཆུ་འཛིན་ལ་བརྟེན་པའི་ཀྵེ་ཏྲ་པཱ་ལའི་རླུང་སྒྲུབ་ཀྱིས་རབ་ཞག་བདུན། འབྲིང་བརྒྱད། ཐ་མ་དགུ་ལ་དགྲ་བོ་གུམ་པ། ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མར་བརྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱིས་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱིས་གསོད་པ། ལྟེ་ཁུང་ནག་པོ་དང་ཟངས་ཁབ་ཀྱི་སྦྱོར་བར་བརྟེན་པའི་ཊཱཀྐི་རཱ་ཛའི་རླུང་སྒྲུབ་ཀྱིས་ཞག་གསུམ་ན་གསོད་པ། ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་བདུད་ཀྱི་སྐྱེས་བུ་ཏྲག་ཤད་ཀྱི་རླུང་སྒྲུབ་ཞག་གསུམ་ནས་གསོད་པ། མན་ངག་འདི་རྣམས་ཆིག་བརྒྱུད་ལས་མང་པོར་བསྟན་ན་སྙིང་ཁྲག་འཐུང་ཞིག་པའི་བཀའ་རྒྱ་ཅན། གཙོ་འཁོར་ཡོངས་རྫོགས་ཀྱི་རླུང་སྒྲུབ་ཀྱི་སྔགས་གབ་སྦས་ཕྱོགས་གཅིག་ཏུ་མཁས་གྲུབ་ཆོས་རྗེས་བསྒྲིགས་པ། འདིའི་སྔགས་བྱང་དུ་གཟེར་གཟེར་ཞུག་ཞུག་སྙིང་ཁྲག་ལ་རྦད་སོགས་འདུག་པ་རྒྱ་གར་གྱི་སྐད་ལ་ཞ་དང་ལ་སོགས་མི་ཡོང་ཞིང་རྒྱ་མིན་བོད་མིན་དུ་འདུག་ཀྱང་ཨ་མས་བཅག་པའི་རྫས་སྐམ་སྣོད་ཉན་པའི་དཔེ་ལྟར་སྐྱོན་མེད་དམ་སྙམ། ཤོག་དྲིལ་དྲུག་པ་ལ་གྲིབ་སེལ་གནད་དབབ་ཀྱི་གདམས་པ་སངས་རྒྱས་གཉན་
སྟོན་ཡན་ལ་ཆིག་བརྒྱུད་མ་གནད་ཡིག་ཡིད་བཞིན་ནོར་བུར་གྲགས་པ་སངས་རྒྱས་སྟོན་པས་རི་གོང་དཔལ་གྱི་རི་ཁྲོད་དུ་ཡི་གེར་བཀོད་པ། རྟ་མགྲིན་ལ་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས་ཐུན་མོང་མ་ཡིན་པའི་ཞལ་ཤེས། བགེགས་ཀྱི་རྒྱལ་པོ་ལ་བརྟེན་ནས་པྲ་འབེབས་པའི་གདམས་པ་རྣམས། ཤོག་དྲིལ་བདུན་པ་ལ་དཔལ་ལྡན་ལྷ་མོའི་ཕྱག་གཡོན་གྱི་ཐོད་པ་ལ་བརྟེན་ནས་དགྲ་བོ་ཕུང་དུ་འཇུག་པ། ཀྵེ་ཏྲ་པཱ་ལའི་གྲི་གུག་ལ་བརྟེན་ནས་དགྲ་སྲོག་འབྲལ་བ། ཛི་ན་མི་ཏྲའི་ཌཱ་མ་རུ་ལ་བརྟེན་ནས་སྨྱོ་རུ་འཇུག་པ། ཊཱཀྐི་རཱ་ཛའི་རྒྱུ་ཞགས་ལ་བརྟེན་ནས་ལྐུགས་པར་བྱེད་པ། ཏྲག་ཤད་ཀྱི་བ་དན་ལ་བརྟེན་ནས་སྐྲད་པར་བྱེད་པ་སྟེ་བཀའ་སྡོད་ཀྱི་ཕྱག་མཚན་ལས་སྦྱོར་དུ་གྲགས་པའོ། །ཤོག་དྲིལ་བརྒྱད་པ་ལ་བྱིན་རླབས་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནང་ནས་བསྐུལ་བའི་ཞལ་གདམས་ཆིག་བརྒྱུད་མ་འདི་མེད་ན་འཁོར་བཞིས་ལས་བྱེད་མི་ཉན་གསུང་བའི་མཐའ་ཅན། མཁའ་འགྲོ་དབང་དུ་སྡུད་ཅིང་གནོད་སྦྱིན་ཐམས་ཅད་གནད་ནས་བསྐུལ་བ། གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ། ཤོག་དྲིལ་དགུ་པ་ལ་ལས་བྱེད་ཀྵེ་ཏྲ་པཱ་ལའི་གདམས་པ་ཀྵེ་ཏྲ་པཱ་ལ་སྤྲེལ་འཁྲིད་མར་གྲགས་པ། རཱུ་པའི་ལྟོ་པའི་ཙཀྲ་གྲོང་ཁྱེར་དཀྲུག་པ་དང་ལུས་ངག་ཡིད་གསུམ་དབབ་པ་རྣམས་ཀྱི་ཞལ་ཤེས་བེ་བུམ་ནག་པོའི་སྙིང་པོ། ཆགས་པ་རྣམ་གསུམ་གྱི་མན་ངག །རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྫོགས་སོའི་མཐའ་ཅན། འཁོར་ལོའི་སྒོ་ནས་དགྲ་བགེགས་གསད་པའི་ལས་སྦྱོར་མགོན་པོ་
དངོས་ཀྱིས་ཤངས་པ་ལོ་ཙཱ་བ་གནང་བ་སྟོན་པའི་བསྟན་པ་བསྲུང་བར་གྱུར་ཅིག་གི་མཐའ་ཅན། རྣལ་འབྱོར་གྱི་དབང་ཕྱུག་ཤ་ཝ་རི་པས་རྒྱུད་ནས་ཕྱུང་སྟེ་སྲས་ཀྱི་ཐུ་བོར་གནང་ཞིང་ས་ར་ཧའི་ལུགས་ཀྱང་མཻ་ཏྲི་པར་གསན་པའི་མགོན་པོའི་འཁོར་ལོའི་ལས་སྦྱོར་ཤངས་ཁྲག་གི་ཤོག་དྲིལ་དང་པོ། རེ་མ་ཏིའི་མན་ངག་གི་འཁོར་ལོའི་ལས་སྦྱོར་ལྷ་མོའི་སྙིང་ཁྲག་ཤོག་དྲིལ་གཉིས་པ། ཀྵེ་ཏྲ་པཱ་ལའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་གསུམ་པ། ཛི་ན་མི་ཏྲའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་བཞི་པ། ཊཱཀྐི་རཱ་ཛའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་ལྔ་པ། ཏྲག་ཤད་ཀྱི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ། འདིའི་མཇུག་ཏུ་བཅས་པའི་མན་ངག་བཅུ་གཉིས་ཐོག་སེར་དང་བཅུ་གསུམ་བླ་མ་བདུན་གྱི་དགོངས་པ་བསྡུས་ནས་མཁས་གྲུབ་རྗེས་འགྲིག་པར་བསྡེབས་ཚུལ་སྣང་ངོ་། །ཤོག་དྲིལ་བཅུ་པ་ལ་མགོན་པོ་ཡབ་ཡུམ་གྱི་སྲོག་གི་འཁོར་ལོ་གཞན་ལ་མེད་པའི་ཁྱད་ཆོས། ཀྵེ་ཏྲ་པཱ་ལའི་རླུང་སྒྲུབ་ཟློག་མེད་ཧ་ལ་ཁོང་སོང་འདྲ་བ། ཀྵེ་ཏྲ་པཱ་ལའི་གཏོར་མའི་ལས་སྦྱོར་རཱ་ཧུ་ལས་ཁྱུང་པོ་ལ་གནང་བའི་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག །ཤོག་དྲིལ་བཅུ་གཅིག་པ་ལ་ཤོག་དྲིལ་རྣམས་ཀྱི་མན་ངག་སྦས་དཀྲུགས་གབ་པ་རྣམས་གསལ་བྱེད་ཀྱི་ཞལ་ཤེས་ཤོག་དྲིལ་ཤིན་ཏུ་གསང་ཞིང་སྦ་བར་བྱ་བ། འདིའི་མཇུག་ཏུ་བེའུ་བུམ་ནག་པོའི་ཤོག་དྲིལ་གཉིས། གསང་བའི་མན་ངག་མཆོག་ཡིན་པས། །མཁས་གྲུབ་གོང་མའི་གསུང་བཞིན་དུ། །བསྟན་འཛིན་བཤེས་གཉེན་རེ་རེ་ཙམ། །དེ་ལ་སྦྱིན་ལ་བཀའ་
རྒྱས་ཐོབ། །སྣོད་མིན་དག་ལ་སྤེལ་གྱུར་ན། །ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱིས། །དེ་ཡི་སྙིང་ཕྱུང་སྲོག་ཆོད་ཅིགཅེས་པ་སྣང་ངོ་། ཤོག་དྲིལ་བཅུ་གཉིས་པ་ལ་ཤོག་དྲིལ་དམར་པོའི་མན་ངག་སྐོར་ལ་རིགས་གཏད་པའི་ཞལ་ཤེས། ནང་རྟེན་གྱི་ཞལ་ཤེས། གསང་རྟེན་གྱི་ཞལ་ཤེས། དེ་ཁོ་ན་ཉིད་ཀྱི་རྟེན་གྱི་ཞལ་ཤེས། ཁྱད་པར་ཅན་གྱི་རྟེན་བརྡབ་དར་གྱི་ཞལ་ཤེས་རྣམས། ཤོག་དྲིལ་བཅུ་གསུམ་པ་ལ་མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་གཉན་སྟོན་གྱིས་རི་གོང་དཔལ་གྱི་དགོན་པར་བཀོད་པ། རབ་གནས་ཀྱི་སྔོན་དུ་གལ་ཆེ་བ་མེ་ཏོག་གི་ཞལ་གདམས། རབ་ཏུ་གནས་ཡུལ་གྱི་ཁྱད་པར་ཞལ་གདམས། དུས་ཀྱི་ཞལ་གདམས། ཡེ་ཤེས་པ་དངོས་སུ་གཞུག་པའི་ཞལ་གདམས། རབ་གནས་ཀྱི་སྔོན་དུ་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོའི་ཞལ་གདམས་རྣམས། དཔེ་རིས་སྐོར་ལ། རྡོ་རྗེ་འཆང་སྔགས་རམ་པ་ལུགས་ཀྱི་གཏོར་ཆེན་གྱི་འཁོར་ལོ། ཆོས་རྗེ་རྗེ་བཙུན་པ་ལུགས་ཀྱི་གཏོར་ཆེན་གྱི་འཁོར་ལོ། གྲོང་ཁྱེར་དཀྲུག་པའི་འཁོར་ལོ། བརྡབ་དར། མགོན་པོ་རླུང་སྒྲུབ་འཁོར་ལོ། ལྷ་མོའི་འཁོར་ལོ། ཀྵེ་ཏྲ་པཱ་ལའི་འཁོར་ལོ། ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་འཁོར་ལོ། ཛི་ན་མི་ཏྲའི་འཁོར་ལོ། ཊཱཀྐི་རཱ་ཛའི་འཁོར་ལོ། ཏྲག་ཤད་ཀྱི་འཁོར་ལོ། གཏོར་ཆེན་སོགས་མན་ངག་གི་ཕྱག་ལེན། དམར་ཁྲིད་དང་བཅས་ལེགས་པར་ནོས་པ་ལས་ཤངས་ལུགས་གཙང་མའི་དབང་བཞི་བྱིན་རླབས། རྒྱན་ཅན། ཚེ་བདག །ཁྲག་འཐུང་། ལྷ་བཞི་དྲིལ་སྒྲུབ། མགོན་དཀར་ཡིད་བཞིན་ནོར་བུ་རྣམས་མ་གཏོགས་པའི་རྗེས་གནང་བཅུའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་
འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཤ་ཝ་རིའི་དབང་ཕྱུག །རྗེ་བཙུན་མཻ་ཏྲི་པ་ཆེན་པོ། ཤངས་པ་ལོ་ཙཱ་བ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང་། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང་། མཚུངས་མེད་བཟང་པོ་རྒྱལ་མཚན། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མཁས་གྲུབ་རྗེ་ནས། འབྲོང་རྩེ་ལྷ་བཙུན་རིན་ཅེན་རྒྱ་མཚོ་བློ་གྲོས། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་ཚུལ་ཁྲིམས་རིན་ཅེན་མན་འདྲ། ཡང་ན་འབྲོང་རྩེ་ཆོས་རྗེ་ནས། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་སེམས་དཔའ་ཆེན་པོ་མན་འདྲ། ཡང་ན་མཁས་གྲུབ་ཤངས་སྟོན་པ་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇག་པ་བློ་གྲོས་དཔལ། གྲུབ་ཆེན་ངག་དབང་བློ་གྲོས་མན་འདྲ། ཡང་ན་བྱམས་པ་དཔལ་ནས། ཀུན་དགའ་དཔལ། ངག་དབང་བློ་གྲོས་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས། རོང་སྟོན་བློ་བཟང་གྲགས་པ། ཐོན་པ་མཁས་བཙུན་
ཡོན་ཏན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། གུ་གེ་པ་ཉི་མ་བཟང་པོ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། ཡང་རྗེས་གནང་བར་ཆད་ཀུན་སེལ་གྱི་བརྒྱུད་ལུགས་གཅིག་ནི། འཇག་ཆེན་བྱམས་པ་དཔལ་ནས། སྣང་ཐང་ལོ་ཙཱ་བ་དོན་གྲུབ་བཟང་པོ། རྒྱལ་བ་བཙོང་ཁ་པ་ཆེན་པོ། ཤར་པ་རིན་ཅེན་རྒྱལ་མཚན། བྱང་གླིང་པ་གྲགས་པ་རིན་ཅེན། སྣར་ཐང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་ཆོས་གྲགས་པ། མར་སྟོན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་སྔགས་རམ་པ་མན་གོང་ལྟར་རོ། །ཡང་ན་རྒྱལ་བ་བཙོང་ཁ་པ་ཆེན་པོ་ནས། རྒྱལ་སྲས་བཟང་སྐྱོང་བ། རིན་པོ་ཆེ་ཆོས་དཔལ་བ། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམ་པ་མན་འདྲ། ཡང་ན་འཇག་ཆེན་བྱམས་པ་དཔལ་ནས། ཀུན་མཁྱེན་ཤེས་རབ་དཔལ་བཟང་། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་། མཁས་གྲུབ་རིན་ཅེན་བཤེས་གཉེན། ཆོས་རྗེ་ལེགས་པའི་བློ་གྲོས། རྗེ་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་སྔགས་རམ་པ་མན་འདྲ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་བར་གཅོད་ཀུན་སེལ་གྱི་བརྒྱུད་ལུགས་གཅིག་ནི། མཁས་གྲུབ་ཤངས་སྟོན་ནས། རྗེ་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། རྗེ་བསོད་ནམས་བློ་གྲོས། བླ་མ་ཀུན་དགའ་བཟང་པོ། དྲན་མཆོག་དོན་ཡོད་རྒྱལ་མཚན། ཡབ་ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་རིན་པོ་ཆེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ་མན་གོང་བཞིན་ནོ། །
ཡང་ན་མཚུངས་མེད་བཟང་པོ་རྒྱལ་མཚན་ནས། རྗེ་ཀུན་དགའ་རྒྱལ་མཚན་མན་འདྲ། ཡང་ན་མཁས་གྲུབ་རྗེ་ནས། བ་སོ་ཆོས་ཀྱི་རྒྱལ་མཚན། གནས་རྙིང་པ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་གོང་ལྟར་རོ། །ཡང་ན་མཚུངས་མེད་བཟང་པོ་རྒྱལ་མཚན་ནས། འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་པ་བཀྲ་ཤིས་འཕགས། རྒྱུད་ཆེན་བརྩོན་གྲུས་འཕགས། སྲས་ཁང་སྔགས་རམ་པ་བཟང་པོ་རྣམ་རྒྱལ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། མགོན་པོ་རྒྱན་ཅན། ཚེ་བདག །ལྷ་བཞིའི་དྲིལ་སྒྲུབ། མགོན་དཀར་བཞིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། གྲུབ་ཆེན་རཱ་ཧུ་ལ་གུཔྟ། ཇོ་བོ་ཨ་ཏི་ཤའི་བླ་མ་རི་ནག་པོའི་གཙུག་ལག་ཁང་དུ་བཞུགས་པའི་ཚེའི་རིགས་འཛིན་བརྙེས་པ་དེ་ཡིན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་མན་བརྒྱུད་ཚུལ་གོང་མ་མཐའ་དག་དང་འདྲ། ས་ར་ཧའི་མགོན་པོ་ཁྲག་འཐུང་གི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་། གྲུབ་ཆེན་ཤ་བ་རི་པ། མངའ་བདག་མཻ་ཏྲི་པ། ཁྱུང་པོ་རྣལ་འབྱོར་མན་གོང་མ་རྣམས་དང་འདྲ། ཤངས་ལུགས་གཙང་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་རྒྱལ་མཚན་འབུམ་ཡན་གོང་ལྟར་ལ། ཁྱུང་པོ་ཚུལ་ཁྲིམས་མགོན། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། གཉན་སྟོན་རྣམ་སྤྲུལ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་
དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཚར་ཆེན་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་རབ་མན་འདྲ། གཏོར་ཆོག་དང་རྗེས་གནང་གི་ཡི་གེ་བར་ཆད་ཀུན་སེལ་གྱི་ལུང་གི་བརྒྱུད་པ་ནི། མཁན་ཆེན་ངག་དབང་ཆོས་གྲགས། གཟིམས་ཤག་ཆོས་རྗེ་ངག་དབང་རྣམ་རྒྱལ། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །བེའུ་བུམ་གྱི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། འཇག་ཆེན་བྱམས་པ་དཔལ་ཡན་གོང་ལྟར་ལ། དེ་ལ་འཇག་པ་བློ་གྲོས་དཔལ་དང་བླ་མ་ཀུན་དགའ་དཔལ་གཉིས་ཀྱིས་གསན། གཉིས་ཀ་ལ་གྲུབ་ཆེན་ངག་དབང་བློ་གྲོས། དེ་ནས་མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། སྤོ་བོ་བླ་མ་རིན་ཅེན་བཟང་པོ། ཉང་པོ་བླ་མ་སངས་རྒྱས་བསམ་གྲུབ། ཆོས་རྗེ་དཔོན་དར་བ་དཔལ་འབྱོར་དར་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མཁས་གྲུབ་རྗེ་ནས། གྲུབ་ཆེན་བཟང་པོ་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་པ། རྗེ་ཕྱོགས་ལས་རྣམ་རྒྱལ། དེས་ཕྱག་དཔེ་དང་བཅས་རྡོ་རྗེ་འཆང་སྔགས་རམ་པ་ལ་གནང་བ་མན་གོང་ལྟར་རོ། །ཡང་ན་མཁས་གྲུབ་རྗེ་ནས། བ་སོ་ཆོས་ཀྱི་རྒྱལ་མཚན། རྒྱུད་པ་ཤེས་རབ་
སེང་གེ །རྒྱུད་འཛིན་སྦྱིན་པ་དཔལ་བ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། བླ་མ་རིན་ཅེན་བཟང་པོ་མན་འདྲ། མཁས་གྲུབ་རྗེས་མཛད་པའི་ལས་གསུམ་རྣམ་གཞག །རྟེན་བཞི་གནད་གསུམ་དང་བཅས་པའི་ལུང་བརྒྱུད་གཅིག་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་སེ་ར་རྗེ་བཙུན་པ། ཕ་བོང་ཁ་པ་བདེ་ལེགས་ཉི་མ། ལྷ་རིན་པོ་ཆེ་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །རྒྱུད་དང་ལས་གསུམ་རྣམ་གཞག་གི་ལུང་ནི། ཆོས་རྗེ་རྣམ་རྒྱལ་དཔལ་བཟང་ལ་རྡོ་རྗེ་འཆང་ཕ་བོང་ཁ་པས་གསན་འདུག་ཀྱང་ཁོང་ལ་མཚན་ཉིད་པའི་རྟགས་ཀྱི་གསན་ཡིག་སོགས་མེད་འདུག་པས་བརྒྱུད་པ་འདྲི་བའི་བློ་འཚབ་འཚུབ་མི་དགོས་པར་རང་མལ་དུ་གནས་ཆོག་པའོ། །གནས་རྙིང་པ་ལུགས་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོ། །ཏྲག་ཤད་ཀྱི་ཐལ་མོ་བརྡབ་པའི་ཆོ་གའི་ལུང་ནི་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གསན་འདུག་ཀྱང་གནས་རྙིང་པ་ཕྱོགས་ནས་བརྒྱུད་གསུང་པ་ལས་བརྒྱུད་ཡིག་མི་སྣང་ངོ་། །ཤོག་དྲིལ་བཅུ་གསུམ་གྱི་ལུང་བརྒྱུད་ལུགས་གཅིག་དང་རྟེན་བཞི་གནད་གསུམ། གཏོར་ཆེན་འཁོར་ལོ་སོགས་ཤོག་དྲིལ་དུ་གསལ་བའི་མན་ངག་རྣམས་ཕྱག་ལེན་དམར་འཁྲིད་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕ་བོང་ཁ་པ་ནས། རྩ་བའི་བླ་མ་དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ཕྱག་ལེན་དམར་འཁྲིད་ཆོས་རྗེ་དཔོན་དར་བ་དཔལ་འབྱོར་དར་རྒྱས་རང་ལ་ནོས་སོ། །སྒོ་མང་སློབ་དཔོན་སངས་རྒྱས་བཀྲ་ཤིས་དང་ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ་སོགས་
ཀྱིས་གཏོར་ཆེན་ནུབ་རེ་བཞིན་སྐེད་པ་ནས་ཕྲལ་ཏེ་ལིངྒ་འདོན་འཇུག་བྱེད་པས་མཚོན་ཕྱག་ལེན་རྣམས་དཔེ་ཙམ་ལ་བརྟེན་ནས་འོལ་ཚོད་དུ་གྱུར་པའི་དུས་རྡོ་རྗེ་འཆང་ཕ་བོང་ཁ་པས་ཆོས་རྗེ་དཔོན་དར་བ་ཐུགས་རྩོལ་ཆེན་པོས་ཉང་པོ་བླ་མར་ཞུ་རུ་བཅུག་པས་ཆོས་སྐོར་འདི་ཉིད་ཀྱི་བསྟན་པའི་སྲོག་འཐུད་པ་ལྟ་བུའོ། །མགོན་པོ་ཕྱག་བཞི་པ་ལྷ་མང་ཕྱི་སྒྲུབ་ཀྱི་རྗེས་གནང་དང་མངོན་རྟོགས་རྗེས་གནང་གི་ཡི་གེ་ཐར་རྩེ་པས་མཛད་པའི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མགོན་པོ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། མར་མེ་མཛད་བཟང་པོ། དུས་ཞབས་པ། རྩ་མི་སངས་རྒྱས་གྲགས། མི་ཉག་རྩ་ཤིང་གི་རྒྱལ་རིགས། དཔལ་ཆེན་རྒྭ་ལོ། ཕག་མོ་གྲུ་པ། འབྲི་ཁུང་འཇིག་རྟེན་མགོན་པོ། སྐྱི་ཤོད་པ་བཀྲ་ཤིས་འབུམ། སྐྱིད་ཤོད་པ་གྲགས་པ་སེང་གེ །སློབ་དཔོན་སངས་རྒྱས་གཞོན་ནུ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་པ་རྡོ་རྗེ་འཆང་། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཐམས་ཅད་མཁྱེན་པ། གཉན་གྲགས་པ་བློ་གྲོས། རྗེ་སངས་རྒྱས་སེང་གེ །པཎ་ཆེན་ཐར་རྩེ་པ། མུས་པ་ནམ་མཁའ་དཔལ་བཟང་། ཨེ་ཝཾ་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མ་ཎི་ཀ་ཤྲཱི་ནས། སྤྲུལ་སྐུ་ནམ་མཁའ་རྒྱལ་པོ། མཁས་བཙུན་ནམ་མཁའ་རྩེ་མོ། གུ་གེ་པཎ་ཆེན་མན་འདྲ། འདི་མགོན་པོ་རང་གི་རྒྱུད་ནས་བཤད་པའི་ལྷ་མང་མཚན་ཉིད་དང་ལྡན་པ་ལས་སྔགས་གསར་རྙིང་གི་མགོན་པོ་ཡིན་ནོ་ཅོག་བསྡུས་པ་ནི་མ་ཡིན་ནོ། །ཐར་རྩེ་ནམ་མཁའ་དཔལ་བཟང་གིས་
མཛད་པའི་གཏོར་ཆོག་རྗེས་གནང་བྱ་ཚུལ་བཀླགས་པའི་དོན་གྲུབ་མཛེས་པར་བྱེད་པའི་རྒྱན་གྱི་སྟེང་ནས་བདུད་མགོན་ཏྲག་ཤད་ལྕམ་དྲལ་འཁོར་དང་བཅས་པའི་རྗེས་གནང་ཐོབ་བའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་བྲམ་ཟེ་མཆོག་སྲེད། རྣལ་འབྱོར་པ་རོ་ཟན་དེ་ཝ། རྣལ་འབྱོར་མ་བདེ་སྟེར་མ། བླ་མ་བ་ལིཾ་ཏ་ཨཱ་ཙརྱ། ཁ་རེག་གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། དེ་སྲས་གཉོས་རྡོ་རྗེ་བླ་མ། གཉོས་དཔལ་འབྱུང་། གཉོས་དཔལ་གྱི་སེང་གེ་ཡབ་གཉོས་ནག་གྲགས་པ་དཔལ། སངས་རྒྱས་རས་ཆེན། རྒྱལ་བ་ལྷ་ནང་པའང་ཟེར། བླ་མ་རིན་ཅེན་རྒྱལ་པོ། བླ་མ་བྱང་ཆུབ་དར་རྒྱས། འཇམ་དབྱངས་རིན་ཅེན་འབྱུང་གནས། མཁས་པ་ཡེ་ཤེས་རིན་ཅེན། ཀུན་སྤངས་ཆོས་ཀྱི་རིན་ཅེན། དབུ་མ་བ་དཔལ་ལྡན་རིན་ཅེན། བྱང་སེམས་བསོད་ནམས་རིན་ཅེན། བྲག་དཀར་བ་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སངས་རྒྱས་རས་ཆེན་ནས། རྒྱལ་སྲས་སྟག་ཚང་བ། འགྲོ་མགོན་སངས་རྒྱས་ཕྱར་ཆེན། འཇམ་དབྱངས་རིན་ཅེན་འབྱུང་གནས། དྲིན་ཅན་མཁས་བཙུན་སངས་རྒྱས། ཀུན་མཁྱེན་སཾ་གྷ་བྷ་དྲ། བརྒྱུད་འཛིན་སངས་རྒྱས་བཟང་པོ། དབུ་མ་པ་དཔལ་ལྡན་རིན་
ཅེན་མན་འདྲ། ཡང་ན་བྲང་ཏི་ནམ་མཁའ་དཔལ་བཟང་ནས། དེ་དབོན་ནམ་མཁའ་སངས་རྒྱས། རྡོ་རྗེ་འཆང་གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན། བླ་མ་འཇམ་དབྱངས་རྒྱལ་མཚན། ཉང་སྟོན་ཁྱབ་བདག་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ལའོ། །ཐར་རྩེ་པས་མཛད་པའི་ཡིག་ཆའི་ལུང་བརྒྱུད་ནི། ཐར་རྩེ་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། ངོར་མཁན་ཆེན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །རིགས་འཛིན་སྤྲུལ་པའི་སྐུ་པདྨ་འཕྲིན་ལས་ཀྱིས་མཛད་པའི་མངོན་རྟོགས་དང་རྩ་བའི་ཡིག་རྙིང་གི་སྟེང་ནས་དཔལ་ཇོ་བོ་བཀའ་གདམས་པའི་བཀའི་སྲུང་མ་མགོན་པོ་ལྷོ་ནུབ་མ། མི་ཐུང་གསོད་བྱེད། ཞལ་དམར་བ། མཐར་སྐྱེས་མ་ཞེས་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ་དེའི་རྗེས་སུ་གནང་བ་ནོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཀླུའི་བྱང་ཆུབ། གྲུབ་ཆེན་ཛྙཱ་ན་བོ་དྷི། དྲང་སྲོང་བིདྱ་མ་ཏི། རཱ་ཧུ་ལ་གུཔྟ་བཛྲ། འདི་ཕྱག་དྲུག་པའི་བརྒྱུད་པའི་རཱ་ཧུ་ལ་དང་གཅིག །ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཅེན་གསལ། འདམ་ཤོད་ཀྱི་གྲུ་གུ་ཞྭ་ཆེན། ཀློག་སྐྱ་ལྷའི་དབང་ཕྱུག །ཞང་སྟོན་རྡོ་རྗེ་འབར། དབོན་པོ་བློ་གྲོས་རྒྱལ་མཚན། རྨ་སྟོན་པྲ་ཛྙ་རཏྣ། མཁན་ཆེན་ཤེས་རབ་རྡོ་རྗེ། འདུལ་འཛིན་དཀོན་ཅོག་རྒྱལ་མཚན། མཁན་ཆེན་དཀོན་ཅོག་དར་པོ། མཁན་ཆེན་བསམ་གྲུབ་རྒྱལ་མཚན། སློབ་དཔོན་རིན་པོ་ཆེ་བིདྱ་ཛྭ་ལ། མཁན་ཆེན་འོད་འཇོ་བ་ནམ་མཁའ་བསམ་གྲུབ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་
དབང་ཆོས་གྲགས་རྒྱལ་མཚན། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་བྱམས་པ་ཀུན་དགའ་དོན་གྲུབ། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། རིགས་འཛིན་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས། ཉང་སྟོན་ཁྱབ་བདག་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །རྡོ་རྗེ་འཆང་དབང་རབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ཡེ་ཤེས་ཀྱི་ མགོན་པོ་ལེགས་ལྡན་བེང ་དམར་གཙོ་འཁོར་གཉིས་པའི་རྗེས་གནང་། དེའི་གཏོར་ཆོག་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། རྗེས་གནང་གི་ཡི་གེ་རྗེ་དབང་རབ་ཀྱིས་མཛད་པའི་ལུང་དང་བཅས་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཁ་སར་པཱ་ཎི། གྲུབ་ཆེན་མི་ཏྲ་ཛོ་ཀི །ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག་ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཅེན་སེང་གེ །བུ་སྟོན་ཐམས་ཅད་མཁྱེན་པ། སྒྲ་ཚད་བ་རིན་ཅེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། སྐུ་ཞང་ནམ་མཁའ་འབུམ། མཁས་པ་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། དཀའ་བཞི་པ་རིན་ཅེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འཇམ་དབྱངས་མཁྱེན་བརྩེ་ནས། སྐུ་ཞང་རིན་ཅེན་བཀྲ་ཤིས་བསོད་ནམས་རྒྱལ་མཚན། གྲུབ་དབང་ཤཱཀྱ་སེང་གེ །རྡོ་རྗེ་འཆང་མཁན་ཆེན་
ཞ་ལུ་པ། དེས་བདག་ལའོ། །གདུགས་དཀར་ལྷ་ཞེ་གཅིག་མའི་དཀྱིལ་ཆོག་ནས་ཟུར་དུ་བཀོལ་བའི་ཡི་གེའི་སྟེང་ནས་གཙུག་ཏོར་གདུགས་དཀར་ནས་གསུངས་པའི་མགོན་པོ་ལེགས་ལྡན་མཆེད་གསུམ་ཨགྷོ་རའི་སྒྲ་འཇུག་ཀྱང་ཞི་བྱེད་པའི་དེ་དང་མི་གཅིག །གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། གསང་བའི་བདག་པོ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། སྐྱུ་ར་ཨ་སྐྱབས། རྗེ་བཙུན་ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཕོ་རོག་མདོ་སྡེ་མགོན། རྒན་མོ་ལྷས་པ། འཇམ་དབྱངས་བཞི་ཐོག་པ། རོང་པ་ཨ་ཀ་ར། རྗེ་དཀོན་ཅོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཆོས་རྗེ་ཚུལ་རྒྱལ་བ། བྱ་བྲལ་བ་བསོད་ནམས་རིན་ཅེན། ཉུག་པ་ཆོས་གྲགས་དཔལ། ཆོས་རྗེ་བསོད་ནམས་རིན་ཅེན། རྗེ་དོན་ཡོད་རྒྱལ་མཚན། མཁན་ཆེན་ཀུན་དགའ་བློ་གྲོས། མཁས་གྲུབ་བཤེས་གཉེན་བཀྲ་ཤིས། དགེ་སློང་ངག་དབང་རྣམ་རྒྱལ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རིགས་ཀུན་བདག་པོ་མཁན་ཆེན་ཞ་ལུ་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྡོ་རྗེ་འཆང་ཡེ་ཤེས་ཀྱི་མཁའ་འགྲོ་མ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་པ། མུས་སྨན་པ། དཔལ་ལྡན་གྲོ། ཞང་སྟོན་པ། མཆིམས་ཆེན་པོ། སྐྱོ་སྟོན། བྱང་ཆེན་པ། བསོད་ནམས་འཕེལ། བག་སྟོན་མན་འདྲ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་བདེ་བ་སྦྱིན། བྲམ་ཟེ་རིན་ཅེན་རྡོ་རྗེ། མ་ཧཱ་ཛ་ན། གཉལ་པ་སྟོན་པ་ཡེ་ཤེས་དབང་ཕྱུག །དགེ་བཤེས་
བླ་སྟོན། གདོང་སྔོན་པ། ཕོ་རོག་མདོ་སྡེ་མགོན་མན་འདྲ། ཡང་ན་ཕོ་རོག་མདོ་སྡེ་མགོན་ནས། ཐོད་པ་ཇོ་ཕུར། ཇོ་བོ་གཉན་སྟོན། དབང་ཕྱུག་རིན་ཅེན། ཁམས་པ་ཤཱཀྱ་རྡོ་རྗེ། སྲས་ཆོས་གྲགས། སྟོན་པ་དར་མ་ཤཱཀྱ། བཅུར་བསོད་ནམས་དབང་ཕྱུག །ལོ་ཙཱ་བ་མཆོག་ལྡན། བླ་མ་ཀུན་བསོད། བླ་མ་ཚུལ་རྒྱལ། རྗེ་ཆོས་གྲགས་པ། འཇམ་དབྱངས་བསོད་ནམས་རིན་ཅེན། རི་ལུང་སྦུག་པ་རྒྱལ་བ་ཐུགས་རྗེ། རྗེ་བཤེས་གཉེན་བཀྲ་ཤིས་མན་འདྲ། ལེགས་ལྡན་མཆེད་གསུམ་གྱི་གཏོར་ཆོག་དང་རྗེས་གནང་གི་ཡི་གེ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་བརྒྱུད་པ་ནི། རྩོམ་པ་པོ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །བཀའ་མ་ཕྱི་འགྱུར་གྱི་དཔལ་མགོན་སྟག་ཞོན་ནག་པོའི་གཏོར་མ། བཟླས་ལུང་། ཕྱག་མཚན་གཏོད་པ་སོགས་ཕྱག་ལེན་འཁྲུལ་མེད་དུ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨོ་རྒྱན་གྱི་སློབ་དཔོན་བྷེ་ཧ་ར། པཎྜི་ཏ་རྡོ་རྗེ་གྲགས་པ། ཇོ་བོ་ཨ་ཏི་ཤ །དགེ་བཤེས་འབངས། དབོན་པོ་རིག་འབར། ལྕེ་མདོ་སྡེ་སེང་གེ །རོང་པ་རྒྭ་ལོ། སྲས་ཤར་སེང་། གཅུང་ཨ་ཀ་ར། བག་སྟོན་གཞོན་ཚུལ། ཀུན་མཁྱེན་གྲགས་འོད། དཔྱལ་བན་རྒྱ་མཚོ། བླ་མ་ཆོས་གྲགས་པ། དཔལ་རི་བ་ཆོས་རྒྱལ་དཔལ་བཟང་། རིན་ཅེན་ཆོས་རྗེ། རིན་ཅེན་སེང་གེ །རོང་པ་བསོད་ནམས་བློ་གྲོས། ཤམྦྷར་ཀུན་དགའ་སངས་རྒྱས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཐུ་ཆེན་བསོད་ནམས་ཆོས་འཕེལ། རྡོ་རྗེ་
འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཇོ་བོ་རྗེ་ནས། རྒྱ་ལྕགས་རི་གོང་པ། ཡོལ་ཆོས་དབང་། དཔེ་དཀར་རྡོ་རྗེ་ཐོག་འབེབས་རོང་པ་ཤེར་སེང་མན་འདྲ། ཡང་ན་རྡོ་རྗེ་རྣལ་འབྱོར་མ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང་། དཔྱལ་པདྨོ་ཅན། སློབ་དཔོན་དཔལ་འཛིན། གནུབས་ཀུན་དགའ་རྒྱལ་མཚན། བླ་མ་འཛམ་གླིང་པ། ཀུན་མཁྱེན་གྲགས་འོད་མན་འདྲ།