Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
སྒྲིབ་གཉིས་བཤད་པ།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousསྒྲིབ་གཉིས་བཤད་པ།next

སྒྲིབ་གཉིས་བཤད་པ།


GLG013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གཉིས་བཤད་པ། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དངཔོ་ལ། ཁ་ཅིག །སྒྲིབ་པ་གང་ཞིག །ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཉོན་སྒྲིབ་ཀྱི་མཚན་ཉིད། དེ་གང་ཞིག །ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཤེས་སྒྲིབ་ཀྱི་མཚན་ཉིད་ཟེར་ན། བདེན་འཛིན་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་


GLG013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་ཐར་པ་འཐོབ་པ་ལ་བདེན་འཛིན་ངེས་པར་སྤོང་དགོས་པའི་ཕྱིར། གང་ཟག་གི་བདག་འཛིན་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར་། དེར་ཐལ་། དམན་ལམ་སྔོན་མ་སོང་གི་བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པ་འཐོབ་པ་ལ་ཁྱོད་ངེས་པར་སྤོང་དགོས་པའི་ཕྱིར། དེར་ཐལ། དེས་དེ་འཐོབ་པ་ལ་ཉོན་སྒྲིབ་ངེས་པར་སྤོང་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བདེན་འཛིན་ཆོས་ཅན། ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་སྤངས་པའི་གང་ཟག་ཡིན་ན། ཁྱོད་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། འདོད་ན། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐར་པ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན་ཤེས་སྒྲིབ་དེ་བྱང་སེམས་ཚོགས་ལམ་པས་བྱང་སེམས་ཀྱི་སྒོམ་ལམ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡིན་པར་ཐལ། དེ་བྱང་སེམས་ཚོགས་ལམ་པས་རྣམ་མཁྱེན་འཐོབ་པ་ལ་བར་དུ་གཅོད་བྱེད་གང་ཞིག །དེས་དེ་འཐོབ་པ་ལ་ཐེག་ཆེན་གྱི་སྒོམ་ལམ་ངེས་པར་ཐོབ་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་སྤངས་པའི་གང་ཟག་ཡིན་ན། ཁྱོད་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ནས་བཅུ་པའི་རྣམ་གྲོལ་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྒོམ་ལམ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁཅིག་གཞུང་དང་པོའི་སྐབས་ནས་བསྟན་པའི་ལམ་ཡིན་ན། མཐོང་ལམ་ཟག་མེད་ཡིན་པས་ཁྱབ་ཟེར་ན། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་ལ་གསུམ་ཡོད་དེ་


GLG013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་མཐོང་ལམ་ཟག་མེད་གཅིག །ཤེས་སྒྲིབ་གཟུང་རྟོག་གི་དངོས་གཉེན་དུ་གྱུར་པའི་སྒོམ་ལམ་ཟག་བཅས་གཅིག །ཤེས་སྒྲིབ་གཟུང་རྟོག་གི་དངོས་གཉེན་དུ་གྱུར་པའི་མཐོང་ལམ་ཟག་མེད་གཅིག་རྣམས་སུ་ཡོད་པའི་ཕྱིར་ཟེར་ན། ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་མཐོང་ལམ་ཡོད་པར་ཐལ། དེ་འདྲའི་མཐོང་ལམ་ཟག་མེད་གཅིག་ཡོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེའི་དངོས་གཉེན་ཡིན་ན་སྒོམ་ལམ་བར་ཆད་མེད་ལམ་ཡིན་དགོས་པའི་ཕྱིར། གཞན་ཡང་། ཤེས་སྒྲིབ་གཟུང་རྟོག་གི་དངོས་གཉེན་དུ་གྱུར་པའི་སྒོམ་ལམ་ཟག་བཅས་དང་མཐོང་ལམ་ཟག་མེད་གཉིས་ཀ་མི་འཐད་པར་ཐལ། དེའི་དངོས་གཉེན་ཡིན་ན་སྒོམ་ལམ་བར་ཆད་མེད་ལམ་ཡིན་དགོས་པའི་ཕྱིར། གཞན་ཡང་། ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་འཕགས་ལམ་ཡིན་ན་གཞི་ཤེས་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དམན་ལམ་སྔོན་མ་སོང་གི་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེས་སྒྲིབ་གཉིས་ཅིག་ཅར་དུ་སྤོང་བའི་ཕྱིར། རྩ་བར་འདོད་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པར་ཐལ་ལོ། །གཉིས་པར་རང་ལུགས་ནི། སྒྲིབ་གཉིས་གང་རུང་གང་ཞིག །གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཉོན་སྒྲིབ་ཀྱི་མཚན་ཉིད། དེ་གང་ཞིག །གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་བྱེད་དེ་ཤེས་སྒྲིབ་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །དམན་ལམ་སྔོན་མ་སོང་གི་རྒྱུན་མཐའི་བར་ཆད་མེད་ལམ་དེ། བདེན་འཛིན་གྱི་དངོས་གཉེན་ཡིན་པར་ཐལ། དེ་ཉོན་སྒྲིབ་ཀྱི་དངོས་གཉེན་ཡིན་པའི་ཕྱིར། འདོད་ན། དེ་གང་ཟག་གི་བདག་མེད་རྟོགས་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། རྣམ་བཤད་ལས། སྤང་བྱའི་ས་བོན་ལ་དངོས་སུ་གནོད་བྱེད་ཀྱི་


GLG013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་ཡང་། མཁྱེན་གསུམ་གྱི་རྣམ་པ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་སྒྲོ་འདོགས་ཇི་སྙེད་པ་དེ་སྙེད་ཀྱི་གཉེན་པོར་དེའི་དམིགས་རྣམ་གྱི་ལོག་ཕྱོགས་འཛིན་པའི་རྣམ་པ་མཐའ་དག་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་བསྒོམ་པར་བྱ་བ་ཡིན་ནོ། །ཞེས་པ་མི་འཐད་པར་ཐལ། དེ་འདྲའི་བར་ཆད་མེད་ལམ་དེ་ཉོན་སྒྲིབ་ཀྱི་དངོས་གཉེན་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །བྱང་སེམས་འཕགས་པ་གཞན་དོན་བྱེད་པའི་གྲོགས་སུ་གྱུར་པའི་ཉོན་མོངས་ཆོས་ཅན། རང་ལུགས་ཀྱི་མཚན་ཉིད་སྔོན་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་ཐར་པ་འཐོབ་པ་ལ་གེགས་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཤེས་སྒྲིབ་རགས་པ་ཡིན་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་གཉིས་སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ན་ནི་གྲོལ་བར་འགྱུར། །ཞེས་པ་མི་འཐད་པར་ཐལ། སྒྲིབ་པ་ལ་སྒྲིབ་གཉིས་གང་རུང་གིས་མ་ཁྱབ་པའི་ཕྱིར་ན། མ་ཁྱབ་སྟེ། ལུང་དེའི་དོན་ནི། སྒྲིབ་པ་ཡིན་ན་སྒྲིབ་གཉིས་གང་རུང་གིས་བསྡུས་པས་ཁྱབ་པ་ལ་དགོངས་པའི་ཕྱིར། སྨྲས་པ། སོས་ཀ་ཚ་བས་གདུངས་པའི་ལག་ལྡན་ལྟར། །གཞུང་ལུགས་ལྟ་བར་རྨོངས་པའི་སྐྱེས་བུ་རྣམས། །ངག་འཆལ་སྒྲུབ་པའི་དཀའ་ཐུབ་ལྷུར་ལེན་ལས། །བྱིང་ཐིབས་གཉིད་ཀྱི་བསམ་གཏན་སྒྲུབ་པར་འོས། །མཐའ་ཡས་རིགས་པའི་མི་ཕྱེད་མདུད་པའི་རྒྱ། །ཤེས་རབ་རྩལ་གྱིས་འགྲོལ་ནུས་སྨྲ་བའི་ཁ། །ལྷ་བུས་ཕྱེ་མིན་དབྱངས་ཅན་གཏམ་གྱི་ཁུངས། །འབྱུང་གནས་བློ་གསལ་དད་པའི་ཡིད་ཀྱིས་ལོངས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་


GLG013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཉོན་མོངས་ཀྱི་གཉེན་པོ་ཟག་མེད་བཤད་པ། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་ཟག་བཅས་བཤད་པ། དེའི་གཉེན་པོ་ཟག་མེད་བཤད་པའོ། །དང་པོ་ནི། ལམ་གསུམ་པོ་དེ་ལ་ལམ་དང་པོ་ལ་རྣམ་པ་བཞི་ཡོད་དེ། བྱེད་པ་པོའི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ནི་ལམ་བདེན་གྱི་རྣམ་པ་དང་། དེ་བཞིན་དུ་ཤེས་པ་པོའི་གང་ཟག་གི་བདག་མེད་པ་དང་། འཕོ་བ་པོའི་གང་ཟག་གི་བདག་མེད་པ་དང་། ཉོན་མོངས་པ་འདུལ་བ་པོའི་གང་ཟག་གི་བདག་མེད་པར་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་བཞི་ནི་གོ་རིམ་བཞིན་དུ་ལམ་བདེན་གྱི་རྣམ་པ་ལ་རིག་པ་སྒྲུབ་པ་ངེས་འབྱིན་གྱི་རྣམ་པ་ལ་སོགས་པའི་མཚན་ཉིད་རྣམ་དག་ཡིན་པའི་ཕྱིར། གཉིས་པ་ནི། ལམ་གཉིས་པ་ལ་ཕྱི་དོན་མེད་པར་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། སྤྱིར་ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོར་གྱུར་པ་དག་ཡིན་ཏེ། གོ་རིམ་ལྟར་རྨི་ལམ་བཞིན་དུ་ཕྱི་དོན་ངོ་བོ་ཉིད་མེད་པ་དང་། སྒྲ་བརྙན་ལྟར་ཕྱི་དོན་དོན་དམ་པར་མ་སྐྱེད་པ་དང་། མིག་ཡོར་ལྟར་ཕྱི་དོན་མ་འགགས་པ་དང་། སྨིག་རྒྱུ་ལྟར་ཕྱི་དོན་གཟོད་མ་ནས་ཞི་བ་དང་། སྒྱུ་མའི་རྣམ་པ་ལྟར་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་རྟོགས་ཤིང་། ཕྱི་དོན་མེད་བཞིན་དུ་སྣང་བར་ཁྱོད་ཀྱིས་རྟོགས་པའི་ཕྱིར། གསུམ་པ་ནི། ལམ་གསུམ་ལ་ཕྱི་དོན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། ཁྱོད་དྲུག་ནི་གོ་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པའི་གཟུང་བའི་རྣམ་པར་རྟོག་པ་རྣམས་སོ་སོར་ངེས་པའི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཁྱོད་དྲུག་གིས་རིམ་པ་ལྟར་ཤེས་སྒྲིབ་


GLG013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་ཕྱི་དོན་ལ་དམིགས་ནས་ཆགས་སོགས་ཀྱི་ཀུན་ནས་ཉོན་མོངས་པ་དང་། དད་སོགས་ཀྱི་རྣམ་པར་བྱང་བ་དང་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པ་དང་། གཟུགས་ལ་སོགས་པའི་དབྱེ་བའི་སྤྲོས་པ་དང་། རང་གིས་རྟོགས་པ་ལ་རོ་མྱང་བའི་རློམ་པ་དང་། རྟོགས་པ་དེ་ཉིད་ཐོབ་ཟིན་ཡོངས་སུ་ཉམས་པར་ཞེན་པ་སྤོང་བའི་ཕྱིར། དེར་ཐལ། ཁྱོད་དྲུག་རིམ་པ་ལྟར་ཕྱི་རོལ་དོན་དུ་གྲུབ་པའི་ཀུན་ནས་ཉོན་མོངས་པ་མེད་པར་མངོན་སུམ་དུ་རྟོགས་པ་དང་། ཕྱི་རོལ་དོན་དུ་གྲུབ་པའི་རྣམ་པར་བྱང་བ་མེད་པ་དང་། བག་ཆགས་ཀྱིས་གོས་པ་མེད་པ་དང་། དོན་གྱི་དབྱེ་བའི་སྤྲོས་པ་མེད་པ་དང་། རྟོགས་པ་ལ་རོ་མྱང་བའི་རློམ་པ་མེད་པ་དང་། རྟོགས་པ་ཐོབ་ཟིན་ཉམས་པ་མེད་པའི་མི་གཡོ་བའི་རྣམ་པ་གཟུང་བ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སྤྱིར་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡོད་དེ། བདེན་པ་དང་པོ་གསུམ་ལ་བརྟེན་པའི་གཞི་ཤེས་ཀྱི་རྣམ་པ་བཅུ་གཉིས་དང་། ལམ་གྱི་བདེན་པ་ལ་རྣམ་པ་བཅོ་ལྔ་ཡོད་པར་སྔར་བཤད་ཟིན་པ་དེ་ལྟར་ཡིན་པའི་ཕྱིར། ལམ་ཤེས་ཀྱི་རྣམ་པ་བཤད་པ། གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ་མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་བསྟན་པ་དེའི་འོག་ཏུ། ལམ་ཤེས་པ་ཉིད་ཀྱི་རྣམ་པ་འཆད་ཚུལ་ཡོད་དེ། རྒྱུ་དང་ལམ་དང་ཞེས་སོགས་ཀྱིས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཡོད་དེ། གོ་རིམ་བཞིན་དུ་རྒྱུ་ཀུན་འབྱུང་བདེན་པའི་ལམ་ཤེས་ཀྱི་རྣམ་པ་དེ་དག་བརྒྱད་དང་། ལམ་བདེན་ལ་བདུན་དང་ནི། སྡུག་བསྔལ་བདེན་པ་ལ་ལྔ་དང་། འགོག་བདེན་ལ་བཅུ་དྲུག་ཡོད་ཅེས་ཡུམ་གྱི་མདོ་ལས་བསྒྲགས་པ་ཡིན་པའི་ཕྱིར། གཉིས་


GLG013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ལམ་ཤེས་ཀྱི་རྣམ་པ་ཤར་ནས་ཉམས་སུ་ལེན་པའི་བྱང་འཕགས་ཀྱི་མཁྱེན་པ། སྐབས་འདིར་དངོས་སུ་བསྟན་པའི་ལམ་ཤེས་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ལམ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ལམ་ཤེས་ཀྱིས་རྟོགས་པར་བྱ་བ་ལམ་ཤེས་ཀྱི་རྣམ་པའི་མཚན་ཉིད་ཟེར་ན། ལམ་ཤེས་དེས་རྟོགས་པར་བྱ་བ་ལམ་ཤེས་དེའི་རྣམ་པའི་མཚན་ཉིད་ཡིན་པར་ཐལ། དེ་ཡོད་པ་གང་ཞིག །འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། དེའི་རྣམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་མཐོང་ལམ་གྱི་རྣམ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མཐོང་ལམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །ལམ་ཤེས་ཡིན་ན། སྐབས་འདིར་དངོས་སུ་བསྟན་པའི་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། འབྲས་བུ་ལམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་ཡིན་པར་ཐལ། འགྲེལ་པ་ལས། ལམ་ཤེས་པ་ཉིད་ཀྱི་རྣམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། ལམ་ཤེས་ཀྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། སེམས་དཔའི་རྒྱུད་ཀྱི་ལམ་ཤེས་ཀྱི་དམིགས་པའི་ཆོས་ལ་ལྡོག་ཕྱོགས་སུ་


GLG013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོའི་མཚན་ཉིད། གསུམ་པ་ལ། སྤྱིར་བསྟན་པ། སོ་སོར་བཤད་པ། སྤྱིའི་དོན་བསྡུ་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཡོད་དེ། ཀུན་འབྱུང་བ་དང་། ལམ་དང་། སྡུག་བསྔལ་དང་། འགོག་པའི་བདེན་པ་ལ་བརྟེན་པའི་ལམ་ཤེས་ཀྱི་རྣམ་པ་གྲངས་བཞིན་དུ་རྣམ་པ་བརྒྱད་དང་། བདུན། ལྔ། བཅུ་དྲུག་ཅེས་བྱ་བ་ལ་སོགས་པ། ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གོ་རིམ་འདི་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། འཁོར་བ་ལ་འཇུག་པའི་རིམ་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་བའི་བདེན་པ་རྒྱུ་དང་སྡུག་བསྔལ་འབྲས་བུ་དང་ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་པར་ཤེས་པའི་ཆེད་དུ་རྒྱུ་འབྲས་དོན་གྱི་རིམ་པའི་སྒོ་ནས་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ལ། ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་བསྟན་པ། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན་པ། སྡུག་བསྔལ་རང་སྤྱིའི་མཚན་ཉིད་གྱི་སྒོ་ནས་བསྟན་པ། འགོག་པ་ཕན་ཡོན་གྱི་སྒོ་ནས་བསྟན་པའོ། །དང་པོ་ནི། དེ་ལ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོངལམ་ཆོས་ཅན། གོ་རིམ་བཞིན་དུ། ཀུན་འབྱུང་གི་རྒྱུའི་རྣམ་པ་གང་ཡིན་པ་སྟེ། ཡུལ་ལ་འདུན་པའི་སྲེད་པ་དང་། མི་འབྲལ་བར་སྲེད་པའི་འདོད་ཆགས་ཀྱི་སྲེད་པ་དང་། ཡང་སྲིད་ལ་དགའ་བའི་སྲེད་པའི་གཉེན་པོ་ཡིན་ཏེ། འདོད་ཡོན་ཐོབ་པར་འདོད་པའི་འདོད་ཆགས་དང་བྲལ་བ་དང་། དེ་ལ་ཞེན་པའི་ཚུལ་གྱིས་མི་གནས་པ་དང་། ཡང་སྲིད་ལ་དགའ་བ་སྲེད་པ་བཞི་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀུན་འབྱུང་བ་གང་ཡིན་པ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་གཉེན་པོ་ཡིན་ཏེ། དུག་གསུམ་གྱི་ཞེན་ཡུལ་མེད་པར་མངོན་སུམ་དུ་


GLG013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། རབ་ཏུ་སྐྱེ་བ་གང་ཡིན་པ་སྟེ། གཙང་བདེ་རྟག་བདག་ཏུ་ཞེན་པ་ལ་སོགས་པ་ཀུན་དུ་རྟོག་པའི་གཉེན་པོ་ཡིན་ཏེ། ཚུལ་མིན་ཡིད་བྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། རྐྱེན་གང་ཡིན་པ་སྟེ་རང་དབང་བའི་སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོ་ཡིན་ཏེ། རང་དབང་བའི་སེམས་ཅན་མེད་པའི་རྣམ་པ་དག་ནི་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱུ་ཀུན་འབྱུང་བདེན་པ་ལ་བརྟེན་པའི་ལམ་ཤེས་ཀྱི་རྣམ་པ་བརྒྱད་ཡོད་པ་ཡིན་ཏེ། སྔར་བཤད་པ་དེ་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང་། གསུམ་དང་། གཅིག་དང་། གཅིག་ཡོད་པ་དེ་ལྟར་ན་སྟེ་དེའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་གོ་རིམ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་པའི་ལམ་ཡིན་ཏེ། སེམས་ཅན་ཚད་མེད་པ་ལ་དེ་འབྱེད་པའི་ལམ་ཡིན་པའི་ཕྱིར། ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་ཚུལ་ཡོད་དེ། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་འབྱེད་པའི་ཕྱིར། རིགས་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། ཆོས་ཀུན་བདེན་སྟོང་དུ་ཐ་མི་དད་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ལྟ་བུ་ཇི་ལྟར་རིགས་པ་ཡིན་ཚུལ་ཡོད་དེ། ཉན་རང་གི་ལམ་ལ་མཆོག་ཏུ་འཛིན་པ་མེད་པར་བདེན་སྟོང་སྦྲོས་བྲལ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། དོན་དམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ལྟ་བུར་ཇི་ལྟར་སྒྲུབ་པ་ཡིན་ཚུལ་ཡོད་དེ། ཆོས་ཐམས་ཅད་དོན་དམ་པར་གཞལ་དུ་མེད་པར་རྟོགས་པའི་ཡེ་ཤེས་ཡིན་པའི་


GLG013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཆོས་ཅན། གང་ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། ཆོས་ཀུན་ཆགས་པ་མེད་པ་རྣམ་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལམ་གྱི་བདེན་པའི་རྣམ་པ་ལ་དམིགས་པའི་ལམ་ཤེས་ཀྱི་རྣམ་པ་བདུན་ཡོད་དེ། སྔར་བཤད་པ་དེ་རྣམས་ཀྱི་རྣམ་པའི་ངོ་བོ་ཉིད་གཉིས་དང་། གཉིས་དང་། གཉིས་དང་། གཅིག་ཡོད་པ་དེ་ལྟར་ན་སྟེ་དེའི་ཕྱིར། གསུམ་པ་ནི། ཉེར་ལེན་གྱི་ཕུང་པོ་ལྔ་ཆོས་ཅན། མི་རྟག་པ་ཡིན་ཏེ། སྐད་ཅིག་གིས་འཇིག་པའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར། དེ་ཆོས་ཅན། སྟོང་པ་ཡིན་ཏེ། བྱེད་པོའི་བདག་དོན་གཞན་གྱིས་དབེན་པའི་ཕྱིར། དེ་ཆོས་ཅན། བདག་མེད་པའི་རྣམ་པ་ཡིན་ཏེ། གང་ཟག་གི་བདག་གི་ངོ་བོར་མ་གྲུབ་པའི་རྣམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ལྔ་པ་མཚན་ཉིད་མེད་པའི་རྣམ་པའི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་ངོ་བོ་བདེན་སྟོང་གི་རྣམ་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡུག་བསྔལ་བདེན་པའི་རྣམ་པ་ལ་དམིགས་པའི་ལམ་ཤེས་ཀྱི་རྣམ་པ་ལྔ་ཡིན་ཏེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། བཞི་པ་ནི། ཤེས་སྒྲིབ་ཀྱི་ས་བོན་དང་བྲལ་བའི་འགོག་པའི་རྣམ་པའི་ངོ་བོ་ཉིད་ནི་ཆོས་ཅན། ཁྱོད་ལ་ནང་དང་ཕྱི་དང་གཉིས་ཀའི་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ཡོད་དེ། ནང་དང་ཕྱི་དང་གཉིས་ཀའི་དངོས་པོ་རྣམས་ལ་བདེན་ཞེན་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་རྣམས་སུ་ཡོད་པའི་ཕྱིར། ཤེས་སྒྲིབ་ཀྱི་ས་བོན་ཞི་བའི་རྣམ་པའི་ངོ་བོ་ཉིད་ཀྱི་འགོག་པ་ཆོས་ཅན་། ཁྱོད་ལ་སྟོང་པ་ཉིད་སྟོང་པ་ཉིད་དང་། དེ་བཞིན་དུ་ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད་ཡོད་པ་ཡིན་ཏེ། བདེན་པར་བཏགས་པའི་ཆོས་བདག་སྟོང་པ་ཉིད་དང་། དེ་བཞིན་དུ་སྣོད་ཀྱི་


GLG013_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། རྟག་པ་དང་ཆད་པའི་མཐའ་དང་། འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང་། རྟོགས་པའི་ཆོས་དོར་བ་མེད་པ་སྟོང་ཉིད་ཀྱི་རྣམ་པ་ལ་མངོན་པར་ཞེན་པ་དགག་པས་རབ་ཏུ་ཕྱེ་བ་རྣམས་སུ་ཡོད་པའི་ཕྱིར། གྱ་ནོམ་པའི་རྣམ་པ་ཆོས་ཅན། རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། གཞན་གྱིས་ཀུན་བཏགས་པའི་བྱེད་པ་པོར་བདེན་ཞེན་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་ཡིན་པའི་ཕྱིར། ངེས་པར་འབྱུང་པའི་རྣམ་པ་ཆོས་ཅན། ཁྱོད་ལ་ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་ཇི་ལྟར་ངེས་པར་འབྱུང་བའི་ཚུལ་གསུམ་ཡོད་དེ། ཁྱོད་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་ཡུལ་དུ་འཁྲུལ་པའི་བདག་ཉིད་བདེན་པར་བཏགས་པ་དང་། གཟུགས་རུང་སོགས་མཚན་ཉིད་དུ་བདེན་པར་འཁྲུལ་པ་དང་། འདས་མ་འོངས་དུས་སུ་བདེན་པར་འཁྲུལ་པ་རྣམས་ལ་བདེན་ཞེན་དགག་པས་རབ་ཏུ་ཕྱེ་བའི་བྲལ་བ་ཡིན་པའི་ཕྱིར། གང་ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ཆོས་ཅན། ཁྱོད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་ཡོད་དེ། ཁྱོད་བདེན་ཞེན་གྱི་ངོ་བོ་ཉིད་དགག་པས་རབ་ཏུ་ཕྱེ་བས་བྲལ་བ་ཡིན་པའི་ཕྱིར། དེ་ལྟར་འགོག་པའི་བདེན་པའི་རྣམ་པ་ལ་དམིགས་པའི་ལམ་ཤེས་ཀྱི་རྣམ་པ་ནི་ཆོས་ཅན། ཁྱོད་ལ་བཅུ་དྲུག་ཡོད་དེ། བཤད་མ་ཐག་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། སྤྱིར་ནི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སོ་དྲུག་ཡོད་དེ། སྔར་བཤད་ཟིན་པ་དེ་ལྟར་ཡིན་པའི་ཕྱིར། རྣམ་མཁྱེན་གྱི་རྣམ་པ་བཤད་པ། གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་བསྟན་པ་དེའི་འོག་ཏུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་འཆད་དེ། གོ་རིམ་བཞིན་གཞུང་འོག་


GLG013_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་གཞག་པའི་ཕ་རོལ་དུ་ཕྱིན་པའོ་ཞེས་དྲན་པ་ཉེར་གཞག་ནས་བཟུང་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་རོ་ཞེས་པའི་བར་གྱི་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་བར་བརྒྱ་དང་བཅུ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། དེ་ལ་སློབ་མ་ཉན་ཐོས་ལ་ཡོད་པ་དང་རྗེས་མཐུན་གྱི་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་མཐུན་གྱི་སུམ་ཅུ་རྩ་བཞི་དང་། སངས་རྒྱས་ཁོ་ནའི་རྣམ་པ་སུམ་ཅུ་རྩ་དགུ་དག་ཏུ་བཞེད་པའི་ཕྱིར། དེ་ལྟར་གསུམ་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། གང་ཟག་གསུམ་གྱི་རྒྱུད་ལ་ཡོད་པའི་ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པར་ཀུན་མཁྱེན་གསུམ་དུ་ཕྱེ་བས་ན་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །འཕགས་པ་འོག་མ་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་སྟོབས་བཅུ་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བྱང་འཕགས་དང་བསྒོམ་བྱ་ཐུན་མོང་བ་ཡིན་པའི་ཕྱིར། དེར་ཐལ། བྱང་འཕགས་ཀྱིས་དེ་སྒོམ་པ་ཡོད་པའི་ཕྱིར། དེར་ཐལ། དེས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་སྒོམ་པ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་ཉམས་སུ་ལེན་པའི་རྣམ་རྫོགས་སྦྱོར་བ་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ནི། རྣམ་མཁྱེན་གྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་
འབྱོར་སེམས་དཔའི་རྒྱུད་ཀྱི་རྣམ་མཁྱེན་གྱི་དམིགས་པའི་ཆོས་ལ་ལྡོག་ཕྱོགས་སུ་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོའི་མཚན་ཉིད། གསུམ་པ་ནི། དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་མཐར་ཐུག་པའི་ཡེ་ཤེས་རྣམས་ནི་ཆོས་ཅན། ཁྱོད་ལ་གསུམ་དུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་གྲངས་བཞིན་དུ་ཉན་ཐོས་རྣམས་ལ་རྣམ་པ་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སུམ་བཅུ་རྩ་བཞི་དང་། །སངས་རྒྱས་རྣམས་ལ་སུམ་ཅུ་རྩ་དགུར་ཡོད་པ་དང་རྗེས་མཐུན་བརྒྱ་དང་བཅུར་བཞེད་དོ་ཞེས་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལྟར་འབྱེད་པའི་རྒྱུ་མཚན་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་གྱི་རིགས་རྣམས་ཡར་ལྡན་གྱི་ཚུལ་གྱིས་བསྡུས་པ་ཡིན་པའི་ཕྱིར།


previousསྒྲིབ་གཉིས་བཤད་པ།next