Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་སོགས།
   
   
   
   
   
   
   


 
previousདཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་སོགས།next

དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་སོགས།


JKT020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་ཅེས་བྱ་བ། ༈ །སྡེབ་སྦྱོར་མཉམ་པའི་བྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར། ༢༦༢༡༤༤ མཆིས་པ་ལས། བྱེ་བྲག་ཨུདྡིཥྚ། ༣༧༨༥༧ གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་པྲསྣ་རས་མཛེས་པར་བྱས་པ་ཛ་ཡནྟུ། །བཛྲསྶཱཤཱསཱུསུབརཤུདྷིཏཾསཱནུཙཱརོགཎཱམྦྷེ༔ ནིཏྟནནྟཱནཾསམཡསུབཙིསནྡྷདྷརྨསྱམགྷཻཿ ནཱགནྡནིབརསུགགནཾབྱཱསྟིདམྱསྱཀ། སིདྡྷཱམཱརཱཎཱནབཤུབྷརུཙིལཀྵཎཱལོཀབྷཱཡཱཏ། །རྡོ་རྗེའི་གནས་སུ་མཆོག་གི་སྟོན་པས་དག་པའི་འཁོར་ཚོགས་རྒྱ་མཚོ་ལ། །རྟག་པ་རྒྱུན་གྱི་དུས་སུ་ལེགས་འདོམས་མཐའ་ཡས་ཆོས་ཀྱི་ཕུང་པོའི་སྤྲིན། །སྐལ་བཟང་གདུལ་བྱའི་མཁའ་ལ་ཁྱབ་མཛད་མཆོག་གི་སྤྲུལ་སྐུ་གདེངས་ཅན་དབང་། །འཆི་མེད་གྲུབ་པའི་དགེ་མཚན་གསར་བས་འཇིག་རྟེན་ཀུན་ཏུ་སྣང་གྱུར་ཅིག ༡ །རྡུལ་བྲལ་ཤེས་རབ་འོད་གསལ་དབྱིངས་ལས་ཐབས་མཆོག་སྒེག་མོའི་གླུས་བསྐུལ་ཏེ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རོལ་མོས་མགོན་ཁྱོད་སྲིད་འདིར་བཞེངས་པ་ན། །རྒྱལ་བའི་མྱུ་གུ་དམ་པ་ཉིད་ཅེས་ཐོག་མ་ཉིད་ནས་བསྔགས་བརྗོད་གཏམ། །ཚངས་ཆེན་ཞིང་འདིའི་ཕ་མཐར་བརྒལ་ལ་སླར་ཡང་ཚིག་གི་པདྨོས་


JKT020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། ༢ །གང་ཞིག་རྟོགས་བྱའི་ཆོས་ཅན་ཇི་སྙེད་སྐུ་དང་ཡེ་ཤེས་རང་སྣང་བས། །དོན་དམ་ཆོས་ཉིད་གཞན་དུ་མ་དམིགས་བདེན་གཉིས་དབྱེར་མེད་ཟབ་མོའི་དོན། །ཇི་བཞིན་ཐུགས་སུ་ཆུད་པའི་རང་གཟུགས་གསང་བདག་དཔའ་བོར་གྲགས་འབར་བ། །རྒྱལ་བའི་མྱུ་གུ་གཞོན་ནུའི་ཟོལ་གྱིས་འཕགས་བཞིའི་སྤྱོད་ཡུལ་ཀུན་ཏུ་འཇུག ༣ །མཐའ་གཉིས་སྤྲོས་པ་དབུ་མར་བསྙིལ་བའི་སྟོང་པ་ཆེན་པོའི་འཆི་མེད་ལམ། །སྙིང་རྗེ་སྒྱུ་མའི་འདུ་འགོད་བྱེ་བས་ཕྱག་རྒྱ་གཅིག་སྤྲོས་ཟླ་ཚེས་ནི། །ཚོགས་ཀྱི་སྤྱོད་པའི་ཡར་ངོར་འཛེགས་ལས་བརྟུལ་ཞུགས་གྲུབ་པའི་ཆ་རྫོགས་པ། །ས་བཅུའི་དབང་ཕྱུག་ཀུན་གྱི་དབུས་ན་ལྷུན་གྲུབ་རིག་འཛིན་གར་གྱིས་རོལ། ༤ །ཆོས་དབྱིངས་ལོངས་སྤྱོད་རྫོགས་པའི་སྣང་བརྙན་སྤྲུལ་པའི་གཟུགས་གཞན་འཆར་བའི་སྐུ། །དངོས་གཅིག་དུ་མའི་ཚུལ་དུ་ཤར་བ་ཡེ་ཤེས་ཆེན་པོའི་བྱིན་འཆང་ཞིང་། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་མཛད་པ་ཕྲིན་ལས་མཐའ་ཡས་པས། །འཇིག་རྟེན་གསུམ་གྱི་འདྲེན་པར་བསྔགས་པའང་དོན་གྱི་སྙིང་པོས་རབ་ཏུ་ལྕི། ༥ །འོག་མིན་ཆེན་པོར་གདམས་ཤིང་གཏད་པའི་དགོངས་འགྲེལ་རྨད་བྱུང་རྡོ་རྗེའི་རྒྱུད། །རྣལ་འབྱོར་གསུམ་གྱི་སེང་གེའི་ང་རོས་ལོག་སྨྲ་རྣམས་ནི་མཐར་མཛད་པ། །རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ལ་སྲས་བཅས་འདྲེན་པས་མངའ་གསོལ་བའི། །ཕུན་སུམ་


JKT020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དགེ་མཚན་སྣང་བས་བསྟན་པའི་རྫོགས་ལྡན་གསར་དུ་དྲངས། ༦ །དེ་སླད་གང་གི་ངོ་མཚར་རྣམ་ཐར་སྤྲིན་སྔོན་ཆུན་པོ་གཡོ་བའི་དཔྱིད། །མོས་གུས་མདོངས་མཐའི་སྙིང་དུ་སྡུག་པས་དད་གསུམ་ཟློས་པའི་གར་བསྒྱུར་བཞིན། །ཕྱག་གི་ཕྲེང་བས་མདུན་ནས་བདར་ཏེ་དངོས་པོ་ངེས་པར་བསྟན་པ་ཡི། །བརྗོད་པ་ཉུང་ངུའི་ངག་གི་རྒྱུད་མང་གཟུར་གནས་མཆོད་པའི་སྤྲིན་དུ་སྤྲོ། ༧ །སླར་ཡང་གསོལ་པ། ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། མཚན་པའི་གདུགས་དཀར་ས་གསུམ་བླ་ན་བརྗིད་པའི་སྐུ། །མཁྱེན་གཉིས་གསེར་ཉ་ངག་ཚིག་དབྱངས་སུ་ཟློས་པའི་གསུང་། །འདོད་དགུའི་མཆོག་སྩོལ་བུམ་པ་བཟང་པོའི་ཐུགས་མངའ་བའི། །གསང་གསུམ་ཡོན་ཏན་སླར་ཡང་དྲན་པས་ཕྱག་བགྱིའོ། ༡ །དངོས་ཡིད་མཆོད་སྤྲིན་པདྨ་དཀར་པོས་མདུན་བདར་ཏེ། །སྟོབས་བཞིའི་དུང་གིས་སྒྲིབ་གཉིས་རིམས་ནད་འཇིལ་དང་བཅས། །མགོན་ཁྱོད་ངོ་མཚར་འཕགས་རྣམས་དགྱེས་པའི་བདུད་རྩི་ལ། །རྗེས་སུ་ཡི་རངས་སྙིང་གི་དཔལ་བེ་ཅིར་ཡང་བྱེ། ༢ །བཀྲ་ཤིས་གང་ཞིག་འཚོ་གཞེས་རྒྱལ་མཚན་བསྐལ་པ་རྒྱ་མཚོར་བརྟན་པ་དང་། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བས་བསྟན་འགྲོའི་ཕན་བདེ་མཐའ་ཡས་པའི། །སྭསྟིའི་དབྱངས་སྙན་ཕྱོགས་བརྒྱར་བསྒྲགས་པས་ཡིད་སྲུབས་སྡེར་བཅས་སྤ་བཀོང་སྟེ། །སྲིད་ཞིའི་དགེ་ལེགས་


JKT020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་འབྱོར་པ་འཇིག་རྟེན་ཀུན་ཏུ་འཕེལ་གྱུར་ཅིག ༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །ཞེས་པའང་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་པའི་ཐུགས་བཞེད་སྐོང་སླད་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ནས་བྲིས་ཏེ་ཕུལ་བ་དགེ།། ༈ །།མི་འགྱུར་མཆོག་ཏུ་ཞི་བའི་ཡེ་ཤེས་དང་། །འཕོ་མེད་བདེ་བ་ཆེན་པོར་ཟུང་འཇུག་པའི། །རྩ་གསུམ་ཀུན་དངོས་མཚོ་སྐྱེས་བླ་མ་ཡིས། །ཕུན་%ཚོགས་ཚེ་དང་ཡེ་ཤེས་སྣང་བ་སྩོལ། ༡ །རྨད་བྱུང་ཚོགས་གཉིས་དམ་པའི་ཆུ་གཏེར་ནི། །ལེགས་བྱས་བྱེ་བས་བསྲུབས་པའི་སྙིང་པོའི་ཕུལ། །མཚན་བཟང་ཟླ་བ་བདུད་རྩིའི་དོ་ཤལ་ཅན། །རྣམ་ཀུན་འཆི་ཟླུ མེད་གྲུབ་པ་ཉིད་གྱུར་ཅིག ༢ །སྲས་བཅས་རྒྱལ་བས་ལེགས་པར་གསུངས་པ་ཡིས། །ལུང་གི་ཆོས་ཕུང་རྒྱ་མཚོའི་ཟིལ་དངར་གྱིས། །སྐལ་བཟང་ཡིད་ཀྱི་ཨུཏྤལ་ཁ་བྱེ་ནས། །ཕན་བདེའི་ལང་ཚོ་རྟག་ཏུ་རྒྱས་པར་མཛོད། ༣ །གང་དུ་སྤྲོས་པ་སྤངས་པའི་སྟོང་ཉིད་ལ། །དམིགས་མེད་སྙིང་རྗེ་ཆེན་པོ་སྐྱེས་པ་ཡིས། །མཁྱེན་བརྩེའི་གཟིགས་པས་བདག་སོགས་འདུས་པར་བཅས། །འདི་ནས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༤ །ཡོན་ཏན་ནོར་བུའི་རྔ་ཡབ་ལྷར་བཅས་ན། །བཟུང་བ་མེད་པར་འཁོར་བའི་ཕྲིན་ལས་ཀྱི། །སྣང་བས་སྲིད་ཞིའི་མུན་པ་འཇིལ་བ་དང་། །བྱང་ཆུབ་མཆོག་གི་ངལ་འཚོ་རྒྱས་པར་མཛོད།


JKT020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་ཡང་སྲིད་ཀུན་ཏུ་བཤེས་ཁྱོད་ཀྱིས། །ཐེག་པ་ཆེན་པོའི་དགེ་བའི་བཤེས་མཛད་ཅིང་། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག ༦ །མདོར་ན་འགྱུར་མེད་ཐུགས་རྗེའི་སྣང་བ་ཡིས། །ཕུན་ཚོགས་འཇིག་རྟེན་དགེ་བའི་ངོ་མཚར་ཅན། །མཆོག་གསུམ་བཀྲ་ཤིས་ཉིན་མོར་བྱེད་པ་ཡིས། །དགེ་ལེགས་ཤིས་པའི་པདྨོ་རྒྱས་གྱུར་ཅིག ༧ །ཅེས་ཤིས་པར་བྱ་བའི་ཚིག་གིས་མདུན་བསུས་ཏེ། དེང་གི་ཆར་ཡང་། རིག་གྲོལ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་གང་གི་ཞལ་སྔ་ནས་ཚད་མེད་པའི་ཐུགས་རྗེས་རྒྱལ་བའི་བཀའ་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་ཅོག་གི་ལྗགས་ལུང་རིན་པོ་ཆེ་ཡོངས་སུ་རྫོགས་པར་གནང་བའི་བཀའ་དྲིན་ནི་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་འཁོར་ཐབས་མ་མཆིས་ཀྱང་། ཕྱོགས་ཀྱི་རྒྱལ་ཁམས་ཉུལ་བའི་དཱ་རི་དྭ་ལ་ཡོ་བྱད་ཀྱི་དངོས་པོ་ཕྲ་བས་ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་སྤྲུལ་ཏེ་ཕུལ་བའི་མཚོན་བྱེད་དུ་དངོས་བཤམས་ཕྲ་མོ་ཙམ་བསྟར་བར། འབུལ་ལམ་ཞུ་ན་ཡེ་ཤེས་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་མཛད་པ་དང་། སླད་མའི་ཆར། སྲིད་ན་བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་རྣམ་པར་དཀར་བའི་ཕྲིན་ལས་རྒྱས་པ་


JKT020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གུས་ཕྲན་པའང་བྱང་ཆུབ་བར་དུ་ཐུགས་རྗེ་བཀའ་དྲིན་གྱིས་མི་བཏང་བར་གསོལ་བ་འདེབས་ན་བདེན་ཚིག་སྨོན་ལམ་གྱི་མཚམས་སྦྱོར་གྱིས་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །། ༈ ཙྪནྟེནྡྲབཛྲནཱམསྱཔྲསཱརེ། །སུ་ཀྲྀཡཱསཱཀོཊིབྷཝིཀག རླཁཱིཤཏཾཔུཎྱསུཏེཛརསྨི། བྷབེའུམོཀྵསུཁབྷཱུཏིདཱདེ པཱདབྲཡཱདརྣམཎེསྙུམཱུལཾ། །དགེ་ལེགས་བྱེ་བའི་སྙིང་པོ་གཅིག་གྱུར་པ། །ཕུན་ཚོགས་བསོད་ནམས་ཕྲག་བརྒྱའི་གཟི་འོད་ཅན། །སྲིད་ན་ཐར་བདེའི་འབྱོར་པ་སྦྱིན་མཛད་པའི། །ཞབས་སེན་ནོར་བུའི་མེ་ལོང་མཆོག་གི་དྲུང་། ༡ །མོས་གུས་གིའུ་ཝཾ་བཅུད་ཀྱིས་རབ་བརླན་པའི། །དད་ལྡན་གཉིས་འཐུང་དུལ་བའི་ངང་ཚུལ་གྱིས། །འཇམ་མགོན་མཁྱེན་པའི་དཔྱིད་དཔལ་ལ་ཆགས་པས། །ཞུ་གསོལ་ཚིག་གི་མེ་ཏོག་ཅུང་ཟད་འཐོར། ༢ །གཟོད་ནས་གཞན་དོན་ཁོ་ནའི་རྗེས་སོང་བའི། །ཐུགས་བསྐྱེད་ཞོ་ཡི་སྙིང་པོ་ལྟར་དཀར་བས། །འདུ་མི་མཛད་བཞིན་ལྷུན་གྱིས་གྲུབ་པ་ཡི། །འཕགས་བཞིའི་སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན། ༣ །ལྷག་པར་གྲུབ་པའི་རིགས་ཀྱི་དགའ་ཚལ་དུ། །མཚན་དཔེའི་དཱུརྱའི་འཁྲི་ཤིང་བསྐྱེད་བསྲིངས་པས། །གང་དུ་བསྙེན་པའི་མོད་ནས་ཕན་དང་བདེའི། །འཆི་མེད་དགའ་སྟོན་སྦྱིན་པའི་ངོ་མཚར་དང་། ༤ །གསུང་གི་བདུད་རྩི་ཆ་ཤས་རེ་རེས་ཀྱང་། །སྲིད་ཞིའི་གྲུབ་པ་སྟེར་མཛད་བིལྕེའི་འབྲས། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་དང་མཁས་པ་ཀུན་གྱིས་ལྷན་ཅིག་ཏུ། །དཔལ་སྟུག་ཡོངས་ཀྱི་བཀའ་བཞིན་སྤྱི་བོས་ནོད། ༥ །ཁྱོད་ཐུགས་མཁྱེན་གཉིས་ཆུ་གཏེར་ལས་བྱུང་བའི། །ཡོན་ཏན་བསྔགས་པ་མཐའ་ཡས་གཡས་འཁྱིལ་དུང་། །སྙན་པ་ཕྱོགས་མཐར་འགྲོ་བའི་ཕྲིན་ལས་ཀྱིས། །སྲིད་ན་ཀུན་མཁྱེན་གཉིས་པའི་གྲགས་དཀར་ལེན། ༦ །དེ་ལྟའི་གསང་གསུམ་འཚོ་གཞེས་བརྟན་པ་ནས། །བྱིན་རླབས་ལི་ཁྲིའི་ཐིག་ལེ་མཛེས་འབར་བའི། །བཀའ་ཡི་སྤྲིང་ཡིག་སྤྱི་བོར་སོན་པའི་མོད། །དད་སྤྲོའི་དགའ་བ་གཟུགས་ཅན་བཞིན་དུ་གྱུར། ༧ །འདིར་ཡང་མགོན་པོ་གང་གི་ཐུགས་རྗེའི་མཐུ། །གྲུབ་པའི་ཉུངས་ཀར་སྙེ་མས་བསྲུང་བ་ལས། །ཉེར་འཚེའི་གདུང་བ་བྲལ་དང་ཆབ་གཅིག་པར། །གསོལ་འདེབས་མགྲིན་པའི་རྒྱུད་མངའ་ཁྲོལ་བཞིན་མཆིས། ༨ །མཚམས་ཞུས། སླད་མའི་དུས་ཀྱང་གྲགས་པའི་གདུགས་དཀར་པོ། །བཟུང་བ་མེད་པར་སྲིད་ཞིའི་བླར་བརྗིད་པས། །ཤེས་རབ་གསུམ་གྱི་མིག་ལྡན་གསེར་ཉའི་ཚོགས། །མོས་གུས་ཆུ་གཏེར་དྭངས་པར་དབུགས་འབྱིན་བཞིན། ༡ །བསོད་ནམས་བྱེ་བའི་མཚན་དཔེའི་བུམ་བཟང་གི། །ཞབས་སེན་པདྨ་དཀར་པོ་བཞད་པའི་འཛུམ། །འཚོ་གཞེས་བསྐལ་བརྒྱར་བརྟན་པའི་དུང་གི་སྒྲས། །རྒུད་པ་ཕོངས་པའི་རིམས་ནད་འཇིལ་དང་བཅས། ༢ །ཐུགས་རྗེའི་དཔལ་གྱི་བེའུར་དམན་


JKT020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་། །བརྩེ་ཆེན་ཡེ་ཤེས་གཟིགས་པས་བཅུག་པ་ལས། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་གྱིས། །ཕན་བདེའི་འཁོར་ལོས་སྒྱུར་བའི་བཀྲ་ཤིས་སྩོལ། ༣ །ཅེས་དགེ་ལེགས་ཤིས་པའི་ཚིག་གིས་གསོལ་བ་འདེབས་རྟེན་མཚོན་བྱེད་ཙམ་དུ་རྣམ་པར་དཀར་བའི་ལྷ་རེག །ཁྱད་པར་འཕགས་པའི་དམ་རྫས་བཀྲ་ཤིས་པའི་གྲངས་ལྡན། རིན་ཆེན་དཀར་པོ་སྲང་འཁོར་རྩེ་མོའི་གྲངས་བཅས་མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ལྕགས་སྤྲེལ་ཁྲུམས་ཟླའི་༨ཡར་ཚེས་༡༠དགེ་བར་སྐྱབས་འོག་ཐ་ཆུང་པ་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཕུལ་བའི་ཞུ་ཡིག། ༈ །། ཨཱདེབློབཤམསུདྷ དཱིདྷིཡཱབནབརྙཏེཛསཱི། ཙྪནྟུདྡྷདིཏྟནཱམསུཔྲསཱརེ། མཉྫབྷིཀམཧཱཛཡཱངྒཱཔཱདིཔདྨཧསོབམཱུལཡོ༔ གཟོད་ནས་ཤིན་ཏུ་ཞི་བའི་ཆོས་ཉིད་ནི། །མཁྱེན་གཉིས་ལང་ཚོ་རྒྱས་པའི་གཟི་འབར་བ། །འཇམ་པའི་དཔལ་དངོས་རྒྱལ་བའི་མྱུ་གུ་ཆེའི། །ཞབས་ཀྱི་པདྨོ་བཞད་པའི་ཉེ་དྲུང་དུ། །མི་ཕྱེད་གུས་པས་མདུན་བདར་ཏེ་ཞུ་གསོལ། གཟུང་འཛིན་སྤྲོས་པར་གཞར་ཡང་མི་གནས་འོད་གསལ་ནམ་མཁའི་རྡོ་རྗེའི་དབྱིངས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྤྲིན། །སྲིད་པའི་ཁམས་སུ་གཅིག་ཏུ་རྗེས་ཆགས་མཚན་དཔེའི་ཟླ་རིས་ཤར་ཙམ་གྱིས། །༼འདིའི་ནང་རི་མོ་ཡོད།༽


JKT020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྒུད་པའི་མུན་པ་ཀུན་བསལ་ཕན་བདེའི་སྣང་བ་འབྱམས་སུ་ཀླས། །སྐད་ཅིག་རེར་ཡང་རིག་དང་བརྩེ་བ་ཕྲིན་ལས་འཇུག་པ་མཐའ་ཡས་པའི། །ཀུན་མཁྱེན་གཉིས་པའི་མཛད་པ་ཁོ་ནས་ཕྱོགས་དང་ཆ་བཅས་རྒྱས་འགེངས་བཞིན། །འཚོ་གཞེས་བརྟན་པའི་གཏམ་གྱི་རྔ་སྒྲ་བྱེ་བ་ཕྲག་བརྒྱའི་དགེ་མཚན་གྱིས། །འདུ་ཤེས་གསུམ་ལ་སྙོམས་པར་འཇུག་པའང་དད་བློ་དགེ་བའི་ཕྱོགས་སུ་དྲངས། །ལྷག་པར་འཕགས་རྣམས་སྙིང་རྗེའི་གཟིགས་པ་དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །མ་འདྲིས་བཞིན་དུ་མཉེས་ཤིང་གཤིམ་པའི་ལེགས་གསུང་བདུད་རྩིའི་སྤྲིན་གྱི་ཆར། །འདི་ན་དུས་སུ་སྨིན་པ་ཁོ་ནས་རབ་གུས་ཨུཏྤལ་རྒྱས་གྱུར་ཏེ། །བསམ་གཏན་ཁང་བུའི་པད་མཚོ་ལ་བརྟེན་ཞབས་བརྟན་བསུང་ཞིམ་སྤྲོ་བཞིན་མཆིས། །མཚམས་ཞུས། སླད་མའི་དུས་ཀྱང་སྲིད་ཞིའི་མཐར་སོན་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེའི་སྤྱན། །གངས་ཀྱི་རི་བོའི་སུལ་འདིར་རིང་གཟིགས་འཆི་མེད་གྲུབ་པའི་རྒྱལ་རྔ་ཆེས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཁའ་མཐར་ཁྱབ་པ་དང་། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་བྱང་ཆུབ་བར་དུ་དགེ་མཛད་གསོལ། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། །བཟང་ཇ་འཁོར་དྲུག་བཅས་དབྱུག་པ་ཟླ་བའི་གྲལ་ཚེས་མཆོག་ཏུ་དགེ་བར་སྡེ་


JKT020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྨན་ཤོད་རྫོང་གསར་དགོན་གྱི་བསམ་གཏན་ཁང་བུ་ནས། ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་། །༅། །བྱམས་པའི་བདུད་རྩིས་ས་གསུམ་གདུང་སེལ་ཕྱིར། །ངག་དབང་འཇམ་དཔལ་གཞོན་ནུ་ངུར་སྨྲིག་ཟོལ། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་མཁས་རྣམས་ཀྱིས། །སྙན་གྲུགས་ཕྱོགས་མཐར་སྒྲོགས་དེའི་ཞབས་པདྨོར། །གུས་པའི་ཡིད་ཀྱི་ཨུཏྤལ་དར་བབས་པར། །བཀའ་དྲིན་རྗེས་སུ་དྲན་པའི་ཉི་ཟེར་གྱིས། །དྲན་པས་དད་སྤྲོའི་འདབ་རྒྱ་དགོད་པའི་མོད། །ཞུ་གསོལ་བདུད་རྩིའི་བསུང་ཞིམ་ཅུང་ཟད་འཐུལ། །གཟོད་ནས་སྲས་བཅས་རྣམ་འདྲེན་ཇི་སྙེད་པའི། །ཡེ་ཤེས་ཆེན་པོའི་ངོ་བོར་མི་ཕྱེད་བཞིན། །སྲིད་ན་འཇིག་རྟེན་ཚུལ་དང་རྗེས་མཐུན་པར། །མཆོག་གི་སྤྲུལ་སྐུའི་ཟླ་ཤེལ་གཅིག་ཏུ་ཤར། །དེ་ཚེ་བསླབ་དང་གྲོལ་དང་ཕྲིན་ལས་ཕུལ། །ཀུན་མཁྱེན་གཉིས་པའི་ཆ་ཤས་ཡོངས་རྫོགས་བཞིན། །འཚོ་གཞེས་བརྟན་པའི་གཏམ་གྱི་སིམ་འོད་ཀྱིས། །གུས་སྤྲོའི་ཀུ་མུ་དད་པས་ཉིན་བཞིན་བྱེད། །འདི་ན་ཤིན་ཏུ་བྱིས་པའི་ཐ་ཤལ་ཡང་། །བླ་མའི་ཐུགས་རྗེས་ཉེར་འཚེའི་སྐབས་བྲལ་བཞིན། །བསམ་གཏན་ཁང་བུའི་མལ་དུ་གསོལ་འདེབས་ཀྱི། །བཟླས་བརྗོད་སྙིང་པོར་བགྱི་བའི་སྐལ་བཟང་ཐོབ། །མཚམས་ཞུས། སླད་མའི་ཆར་ཡང་མཁས་དང་གྲུབ་པ་དང་། །འཕགས་རྣམས་དགྱེས་པའི་ཆོས་ཀྱི་


JKT020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཁྲིར། །གསང་གསུམ་འཆི་མེད་མགོན་པོར་ཞབས་བརྟན་ཅིང་། །ཕན་བདེའི་ལེགས་མཛད་སྲིད་མཐར་ཁྱབ་དང་བཅས། །ཇི་སྲིད་བྱང་ཆུབ་བར་དུ་དམན་བདག་ཀྱང་། །སྔར་བཞིན་ཡེ་ཤེས་གཟིགས་པས་རྗེས་བཟུང་ནས། །ཚུལ་གནས་ཐོས་བསམ་སྒོམ་པའི་སྦྱོར་བ་ཡིས། །དོན་གཉིས་དགེ་མཚན་རྒྱས་པའི་བཀའ་དྲིན་སྩོལ། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས། ལྗོན་འདབ་སུ་ཝརྞའི་ཐིག་ལེ་བརྒྱད་པ་སྦག་གཉིས་བཅས་སྐྱབས་འོག་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།རྫོགས་པའི་སངས་རྒྱས་འཇིག་རྟེན་སྨན་མཛད་ཐུགས་རྗེའི་གཟུགས། །ངག་གི་དབང་ཕྱུག་ངུར་སྨྲིག་འཛིན་པའི་རྣམ་རོལ་ཅན། །བསྟན་པའི་ཉི་མ་སྲས་བཅས་རྒྱལ་བས་རབ་བསྔགས་པ། །གང་དེའི་ཞབས་པད་སྲིད་ཞིའི་གཙུག་ན་མཐོ་བའི་དྲུང་། །མགོན་ཁྱོད་ཐུགས་རྗེས་ལྷག་པར་དགོངས་པའི་ཆོས་སྨྲ་ཚུལ། །བསམ་གཏན་བདུད་རྩིའི་བཏུང་བར་མངོན་དགའི་ཡིད་ཀྱི་ཚལ། །དད་སྤྲོའི་ཨུཏྤལ་འདབ་བརྒྱ་རྒྱས་པའི་ཁོང་གསེང་ནས། །གསོལ་འདེབས་བུང་བའི་གླུ་དབྱངས་ཅུང་ཟད་ལེན་ལ་ཕྱོགས། །གང་དུ་མཐའ་གཉིས་སྤྲོས་པ་བརྟུལ་བའི་ཕ་རོལ་ནས། །སྨོན་ལམ་སྙིང་རྗེའི་འཇུག་པ་གཞར་ཡང་མི་འགོག་ཕྱིར། །མཆོག་གི་སྤྲུལ་སྐུ་གདན་


JKT020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚང་བའི་རྣམ་རོལ་ཅན། །ལྷ་དང་བཅས་པའི་བསྟན་འགྲོའི་དཔལ་དུ་འཚོ་གཞེས་ཤིང་། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཐའ། །ནོར་བུའི་བ་གམ་རྒྱས་པར་དཀྲིགས་པའི་སྤྲིན་ཆེན་། ལས། །འདིར་ཡང་ལེགས་གསུང་འདོད་པ་འཇོ་བའི་ཆར་རྒྱན་གྱིས། །དད་སྒོའི་དགའ་སྟོན་ཉིན་རེ་བཞིན་ཡང་གཅིག་ཏུ་འཕེལ། །རྨོངས་དང་མ་རིག་འཐིབ་བུས་ནོན་པའི་དམན་བདག་ཀྱང་། །གང་གི་བྱིན་རླབས་ཟིལ་དངར་བཞིན་དུ་བཏུང་བ་ལས། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་གསོལ་འདེབས་ཀྱི། །བཟླས་བརྗོད་མགྲིན་པའི་རོལ་མོར་འཁྲོལ་བའི་སྐབས་སུ་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྐྱེ་འགག་མཚན་མ་རིང་དབེན་པའི། །རྡོ་རྗེའི་གསང་གསུམ་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །ཕན་བདེའི་མཛད་པ་ནམ་མཁའི་ཕ་མཐར་སྙོམས་འཇུག་བཞིན། །བདག་ཀྱང་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་ཟུངས། །དེ་སྐད་གསོལ་མཚོན་རབ་དཀར་གྱི། །ལྷ་རྫས་ལེགས་བཤད་གླེགས་བམ་དང་། །རིན་ཆེན་གཉིས་པ་སྲང་འཁོར་བཅས། བཀྲ་ཤིས་ཟླ་བའི་ཚེས་ལ་ཕུལ། །ཅེས་སྐྱབས་འོག་ཐ་ཆུང་པ་ངོར་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡོ་བྷ་བ་ཏུ།། ༈ །།བྱམས་དང་སྙིང་རྗེ་བྱང་ཆུབ་སྤྱོད་པ་མཐར་ཕྱིན་པས། །


JKT020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཅན་ཀུན་ལ་ཕན་བདེའི་དགའ་སྟེར་སྣང་བའི་ཕུལ། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དགེ་མཚན་ཅན། །གང་དེའི་ཞབས་པད་སྲིད་ན་མཐོ་བའི་ཉེ་དྲུང་དུ། ༡ །རིང་ནས་རབ་གུས་དཔྱིད་ཀྱིས་བཟུང་བའི་ཀུ་མུ་དཱ། །སླར་ལ་ཡེ་ཤེས་གཟིགས་པའི་དབྱངས་སྙན་ཟླ་ཟེར་གྱིས། །རེག་པས་དད་བརྒྱའི་འཛུམ་སྒྲོས་བྱེ་བའི་ཁོང་གསེང་ནས། །གསོལ་འདེབས་བརྗོད་པ་བུང་བ་གཞོན་ནུའི་རྒྱུད་མང་ལེན། ༢ །མགོན་ཁྱོད་གཟོད་ནས་སྟོབས་བཅུ་མངའ་བའི་མཆོག་བརྙེས་ཀྱང་། །སྨོན་ལམ་སྙིང་རྗེའི་གཞན་དབང་ཁོ་ནས་འཇིག་རྟེན་འདིར། །མཚན་དཔེའི་སྣང་བརྙན་ཐོག་མར་འཆར་བ་ནས་བརྩམས་ཏེ། །སྲས་བཅས་རྒྱལ་ཀུན་ཕྲིན་ལས་འཇུག་པ་དུས་གཅིག་བཟུང་། ༣ །ལྷག་པར་རྡོ་རྗེ་ཞེས་བྱར་བརྗོད་པ་དོན་ལྡན་པའི། །ལུང་རྟོགས་ཆོས་ཀྱིས་མངོན་མཐོའི་ཁྲི་ལ་དབང་བསྒྱུར་བར། །ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱིས་བསྔགས་པའི་ཏམྦུ་རས། །འཚོ་གཞེས་བརྟན་པའི་ཤིས་བརྗོད་མེ་ཏོག་ཉིན་བཞིན་འཐོར། ༤ །དེ་ཚེ་བསླབ་གྲོལ་ཡིད་བཞིན་མཚོ་ལས་ཉེར་བླངས་པའི། །ཕུལ་བྱུང་རིག་དང་བརྩེ་བ་ནོར་བུའི་སྤྲིན་ཆེན་ལས། །འཆད་རྩོད་རྩོམ་པའི་འདོད་དགུའི་གྲུ་ཆར་མཐའ་ཡས་པས། །ཡོངས་རྫོགས་བསྟན་པའི་རྫོགས་ལྡན་གསར་པ་སླར་ལ་འཆར། ༥ །ཨེ་མ་དེ་ལྟའི་གཏམ་ཙམ་ཐོས་པའི་རྣ་ལུང་ཀྱང་། །


JKT020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་མང་བསོད་ནམས་ཟོང་གིས་བསྒྲུབ་པའི་འོས་ཡིན་ན། །ཤིན་ཏུ་དམན་ལའང་ལྷག་པར་དགོངས་པའི་ལེགས་གསུང་གིས། །དབུགས་འབྱིན་ཐོབ་འདི་ཡང་སྲིད་ཀུན་ཏུ་རྙེད་པར་དཀའ། ༦ །དེ་སླད་མཚོ་བྱུང་ཡི་གེའི་གཟུགས་སུ་མངོན་སྤྲུལ་པར། །དད་གུས་སྤྲོ་བ་མཁའ་མཐས་མཚོན་མིན་འདུ་གསུམ་པའང་། །མགོན་ཁྱོད་བྱིན་རླབས་སྐྱབས་སྦྱིན་གྲིབ་མར་ངལ་འཚོ་བཞིན། །ཞབས་བརྟན་གསོལ་འདེབས་མགྲིན་པའི་རོལ་མོ་རྟག་ཏུ་འཁྲོལ། །མཚམས་ཞུས། འབྱུང་འགྱུར་ཆར་ཡང་། །གཟོད་ནས་འཆི་མེད་རྟག་པ་དམ་པའི་མཆོག་བརྙེས་ཕྱིར། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འཚོ་གཞེས་ཕྲིན་ལས་བདུད་རྩིའི་སྣང་བས་འཇིག་རྟེན་ན། །དགེ་ལེགས་ཤིས་པའི་པདྨོ་རྟག་ཏུ་རྒྱས་མཛད་གསོལ། །དེ་སྲིད་དུ་སྐྱབས་འོག་པའང་ཡེ་ཤེས་གཟིགས་པ་དམ་པའི་འབབ་སྟེགས་སུ་སྔར་བཞིན་བཙའ་བར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་ལན་བརྒྱ་སྟོང་ཕྲག་དུ་མར་འདེབས་མཚོན་རྟེན་འབྱུང་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རིན་གཉིས་སྲང་འཁོར་གསུམ། བཟང་ཇ་སྒམ་བཅས་ཆུ་སྟོད་ཟླ་བའི་གྲལ་ཚེས་དགེ་བར་བཀའ་འབངས་ཐ་ཆུང་བ་འཇམ་དབྱངས་མཁྱེན་བརྩེས་མི་ཕྱེད་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།རྡོ་རྗེའི་སློབ་དཔོན་རྣམ་འདྲེན་ཡོངས་ཀྱིས་རབ་བསྔགས་པ། །ཡེ་ཤེས་མཐའ་ཡས་


JKT020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བདུད་རྩིའི་སྣང་བ་ཅན། །བཟང་པོའི་ཕྲིན་ལས་ཆ་ཤས་ཡོངས་གང་ཟླ་བ་ནི། །འཇིག་རྟེན་གསུམ་གྱི་སྒྲོན་མེ་ཉིད་དུ་བརྟན་གྱུར་ཅིག །གང་གི་ཐུགས་རྗེས་རབ་བཟུང་བའི། །དད་སྤྲོའི་པདྨོ་རྒྱས་པ་ལས། །ཞུ་མཆིད་རྐང་པ་དྲུག་པའི་གླུ། །རྒྱུད་མང་བཞིན་དུ་ཅུང་ཟད་ལེན། །འཁོར་བའི་ཚུ་རོལ་མི་གནས་ཡང་། །མྱང་འདས་ཕ་མཐར་གཞོལ་བའི་སར། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ། །ཉི་མ་བཞིན་དུ་ལྷམ་མེར་གསལ། །འཕགས་དང་མཁས་པས་བསྔགས་འོས་པའི། །ལེགས་མཛད་ཕ་མཐའ་ཡས་པ་ནས། །འདིར་ཡང་ལྷག་པར་བརྩེར་དགོངས་པའི། །གསུང་གི་བདུད་རྩི་སྔ་ཕྱིར་ཐོབ། །དེ་ཚེ་གུས་དང་རབ་དགའ་བའི། །ལང་ཚོ་རྒྱས་པའི་དམན་པ་ཡང་། །བསམ་གཏན་ཁང་བུར་བག་ཕེབས་བཞིན། །ཁ་ཏོན་ཚུལ་ལ་གེགས་མེད་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྲིད་ན་སྨན་མཛད་གསང་བ་གསུམ། །འཆི་མེད་གྲུབ་པའི་རྒྱལ་རྔ་རྟག་ཏུ་བརྡུང་བའི་མོད། །བསྟན་འགྲོའི་ཕན་བདེ་རྫོགས་ལྡན་བཞིན་དུ་དར་བབས་ཤིང་། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་སྔར་བཞིན་སྐྱོངས། །དེ་སྐད་ཞུ་གསོལ་འདེབས་པའི་རྟེན། །མཚོན་བྱེད་རབ་དཀར་ལྷ་རྫས་དང་། །རིན་ཆེན་གཉིས་པ་སྲང་འཁོར་བཅས། །བཀྲ་ཤིས་ཟླ་བའི་ཚེས་ལ་ཕུལ། །ཅེས་ཕྲན་ཆུང་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་


JKT020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེའི་དབང་པོས་གུས་ཤིང་དྭང་བ་ཆེན་པོས་གསོལ་བ་བཏབ་པ་ལགས།། །།མི་འགྱུར་འཆི་མེད་གྲུབ་པའི་ཡེ་ཤེས་གཟུགས་ཅན་བཞིན། །སངས་རྒྱས་སྲས་བཅས་གདུང་འཚོབ་དམ་པར་འཁྲུངས་པ་ན། །ཟླ ཀུན་ནས་དགའ་བའི་ཕན་བདེའི་འབྱོར་པས་འཇིག་རྟེན་གསུམ། །དགེ་མཛད་རྡོ་རྗེ་འཆང་དབང་ཞབས་པདྨོར། །སྒོ་གསུམ་གུས་པ་ཆེན་པོས་མདུན་བདར་ཏེ་ཞུ་གསོལ། །གཟོད་ནས་རབ་ཞི་བདེ་བར་གཤེགས་པའི་སྙིང་པོའི་ཁམས། །ཐབས་གྲོལ་ལམ་གྱིས་ཟུང་འཇུག་འབྲས་བུར་སད་པ་ལས། །དག་པའི་སྒྱུ་འཕྲུལ་བྱེ་བ་ཕྲག་བརྒྱར་འཆར་ལས་དེང་། །མཚོ་སྐྱེས་བླ་མ་མངལ་གྱི་པདྨོར་བརྟེན་པ་སྙམ། །དེ་སླད་འཚོ་གཞེས་དཔག་བསམ་སར་པའི་ལྗོན་པ་ནི། །ཕྲིན་ལས་ཡལ་འདབ་ཕྱོགས་ཀྱི་བུ་མོའི་མཐར་རྒྱས་པས། །བསྟན་དང་འགྲོ་ལ་ཕན་བདེའི་འདོད་དགུ་མཆོག་སྦྱིན་པའི། །གྲགས་དཀར་ཟླ་བ་བདུད་རྩིར་བཅས་པའི་དཔལ་ལ་འཕྱ། །རྒྱུད་དེས་དད་སྤྲོའི་ཆུ་གཏེར་རྒྱས་པའི་དམན་བདག་ཀྱང་། །མགོན་ཁྱོད་ཐུགས་རྗེའི་སྐྱབས་སྦྱིན་གྲིབ་མར་ངལ་འཚོ་ཞིང་། །བསམ་གཏན་ཁང་བུར་ཞབས་པད་བརྟན་པའི་གསོལ་འདེབས་ལ། །རྩེ་གཅིག་འགྲུས་པས་སྐལ་བ་བཟང་པོའི་དགེ་མཚན་ཐོབ། །མཚམས་ཞུས། སླད་མའི་དུས་ཀྱང་འགྱུར་མེད་རྟག་པ་དམ་པའི་སྐུ། །སངས་རྒྱས་ཕྲིན་ལས་ཡོངས་སུ་རྫོགས་ཕྱིར་ཞབས་


JKT020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཅིང་། །འགྲོ་ཀུན་དགའ་བའི་ལེགས་མཛད་སྲིད་ཞིར་ཁྱབ་པ་ནས། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་རྟག་ཏུ་སྐྱོངས། །ཞེས་ཞུ་གསོལ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་། དཀར། ལྗོན་འདབ་གསེར་ཐིག་བརྒྱད་པ་སྦག་གཉིས་བཅས་མདོ་ཁམས་སྡེ་དགེ་རྫོང་སར་དགོན་ནས་ངོར་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།འགྱུར་མེད་རྟག་པའི་ཡེ་ཤེས་ཀྱི། །ཕྲིན་ལས་སྲིད་འདིར་འཆར་བ་ན། །ཆོས་ཀྱི་སྒྲོན་མེས་འཇིག་རྟེན་གསུམ། །སྣང་མཛད་ཞབས་ཀྱི་པདྨོའི་དྲུང་། །གུས་པའི་བདུད་རྩིས་ཕྱེ་བ་ཡི། །ཡིད་ཀྱི་པདྨོ་གཞོན་ནུ་ལས། །ཞུ་གསོལ་མགྲིན་པའི་རྒྱུད་མང་པོར། །སྦྲང་རྩི་འཐུང་བའི་ཟོལ་གྱིས་འོང་། །ཤིན་ཏུ་ཞི་བ་ཆོས་ཀྱི་དབྱིངས། །སྤྲོས་པའི་འདུ་འགོད་མ་དམིགས་བཞིན། །ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྤྲིན། །རྡོ་རྗེ་བཙུན་མོའི་ཚུལ་དུ་སྣང་། །དེ་ལས་སྒྱུ་འཕྲུལ་དྲྭ་བ་ཡི། །རྣམ་རོལ་ཅིར་ཡང་སྣང་བ་ལས། །འདི་ན་འཕགས་མ་ངུར་སྨྲིག་ཚུལ། །ས་གསུམ་སྐྱེ་རྒུའི་དཔལ་དུ་ཤར། །རྟག་ཏུ་དབྱིངས་རིག་ཟུང་འཇུག་པའི། །ཐིག་ལེ་ཆེན་པོར་མཉམ་གཞག་ཀྱང་། །ཐབས་དང་སྤྱོད་པ་མ་འགགས་པས། །བསྟན་འགྲོར་ཕན་བདེའི་ཆར་ཆེན་འབེབས། །ཨེ་མ་དེ་ཚུལ་བསམ་མི་ཁྱབ། །ཆ་ཤས་ཙམ་ཞིག་བསམ་པའི་མོད། །དད་དང་སྤྲོ་


JKT020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང་རབ་གུས་པའི། །སེམས་བྱུང་གཟུགས་ཅན་བཞིན་དུ་གྱུར། །འདི་ན་མཆིས་པའི་དམན་པ་བདག །བསླབ་གྲོལ་ཁྱད་པར་དབེན་མོད་ཀྱི། །མགོན་ཁྱོད་ཐུགས་རྗེ་ལ་བརྟེན་ནས། །དབེན་གསུམ་མལ་དུ་བདེ་བར་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་། གཟོད་ནས་མི་འགྱུར་འཆི་མེད་གཉུག་མའི་ཡེ་ཤེས་སྐུ། །ཚུ་རོལ་མཐོང་བའི་གདུལ་བྱར་མངོན་སུམ་སྣང་མཛད་ནས། །ཕྲིན་ལས་དཔག་ཡས་ཆོས་ཀྱི་སྒྲོན་མེའི་སྐལ་བཟང་བཅས། །བདག་ཀྱང་རྣམ་ཀུན་ཐུགས་རྗེའི་འབབ་སྟེགས་ཉིད་དུ་མཛོད། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། རིན་ཆེན་དང་པོ་སྲང་འཁོར་བཅས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ། ༈ །། ཚཀཱརིཙྩམཉྙོཛལ བྷུཏརཱུཔསྱཀཱཡམཎིཀསཱུཏ། ཙྪརྗེཀདཤཀཾཏཱི:སྤྲསཱརེཎརུཙིཀརསུཤེཡནྟུ། ཤུཀླཚཏཱགྲདེབསསུཔཱུཛེ ཛཱིབཀཱདྷེཉྩཙིནྟབཤརཱཛེ། འགྱུར་མེད་ཆོས་དབྱིངས་ཆུ་གཏེར་ལས་སྐྱེས་པའི། །རྨད་དུ་བྱུང་བའི་གཟུགས་སྐུའི་མ་ཎི་ཀ །ལྷར་བཅས་གདུགས་དཀར་རྩེ་མོར་རབ་མཆོད་པ། །ཡིད་བཞིན་དབང་གི་རྒྱལ་པོ་འཚོ་གཞེས་གསོལ། ༡ ། ཤེས་བྱ་རྒྱ་མཚོར་འདུས་ཏེ་རེག་པའི་སྤྱན། །གསེར་ཉ་ལྟ་བུར་གསལ་བའི་མཚན་དཔེའི་སྐུ། །རིག་འཛིན་ཡོངས་ཀྱི་གཙུག་ན་མངོན་མཐོ་བ། །དབང་བཅུའི་བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག ༢ །ངོ་མཚར་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བཟང་པོའི་དགེ་མཚན་ཅན། །དཔལ་གྱི་མགུར་ལས་ལེགས་གསུང་སེང་གེའི་རྒྱུད། །རིམ་དགུའི་ཐེག་པའི་དབྱངས་སུ་ཉེར་འབབས་པས། །འགྲོ་ཀུན་མ་རིག་གཉིད་ལས་བསླང་མཛད་གསོལ། ༣ །སྤྲོས་པའི་རྡུལ་དང་མི་མཛའ་འོད་གསལ་ཐུགས། །མཁྱེན་གཉིས་འདབ་བརྒྱ་རྒྱས་པའི་པདྨ་དཀར། །ངེས་པར་ཞིང་ཁམས་འདི་ལས་མི་གཡོ་བའི། །གཟིགས་པས་ལྷག་པར་དགོངས་ཤིག་སྙིང་རྗེའི་གཏེར། ༤ །སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་དང་། །མི་ཕྱེད་ཡོན་ཏན་མཐའ་ཡས་གཡས་འཁྱིལ་དུང་། །སྲིད་ཞིའི་ཁམས་ན་སྙན་པ་ཟླ་མེད་པས། །རྒུད་ཅིང་ཕོངས་པའི་རིམས་ནད་འཇིལ་བར་མཛོད། ༥ །རྣམ་བཞིའི་ཕྲིན་ལས་དཔལ་གྱི་བེའུ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ཡིད་ཅན་ཀུན་གྱི་རེ་བ་སྐོང་མཛད་པས། །འཆི་མེད་གྲུབ་པའི་རྒྱལ་རྔ་རྟག་ཏུ་བརྡུངས། ༦ །མདོར་ན་སྔ་འགྱུར་རྡོ་རྗེའི་ཐེག་པ་ཡི། །བསྟན་པའི་རྒྱལ་མཚན་སྲིད་ན་སྒྲེང་མཛད་མཆོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་ཀྱང་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༧ ། སྤྱི་ཕན་བདེའི་ལེགས་མཛད་གསེར་གྱི་འཁོར་ལོ་ཡིས། །བསྐལ་བཟང་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བས། །སྙིགས་མའི་འགྱུར་བ་མཐའ་དག་ཕམ་མཛད་དེ། །རྫོགས་ལྡན་དང་པོའི་དགེ་མཚན་སྣང་གྱུར་ཅིག ༨།


JKT020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་རྒྱན་གྱིས་མཛེས་པར་སྤྲས་པའི་སྲ་སྟིའི་དབྱངས་སྙན་མངོན་པར་བསྒྲགས་ཏེ། མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས་རྟེན་དགེ་ལེགས་ཀྱི་རེ་ཁཱས་བཀང་བའི་ལྷ་རྫས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། བཅས་རབ་ཚེས་དཀར་པོའི་ལོ་སྔོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་དགེ་བ་བྱ་བྲལ་ཆོས་རྗེ་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །། པདྨོབིསཱུཊཔཉྩེའི༽ བྷརཱཎཱནིདྷིཙརླསཱགརཱི་ནྡཤུདྡྷསྱཱདཱིཙྪཏཱགཱཏྲིབྷབིསིཏཱཧིཏཾ བྱསིདྡྷཾབྷབཏཱམཱརཎེ༔ པདྨ་ལྟ་བུར་རྒྱས་པའི་ཡེ་ཤེས་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོའི་གཏེར། །ས་གསུམ་འགྲོ་ལ་སྨན་མཛད་གདུགས་དཀར་པོ། །རྣམ་ཀུན་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༡ །ཤིན་ཏུ་ཞི་བ་ཆོས་སྐུའི་ཆུ་གཏེར་ལས། །སྙིང་བརྩེའི་གསེར་ཉ་གཡོ་བའི་ཟློས་གར་ནི། །གཞན་ཕན་མཁྱེན་བརྩེའི་རྣམ་པར་རོལ་པའི་སྐུ། །ངེས་པར་ཞིང་ཁམས་འདི་ལས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་གསོལ། ༢ །བཀྲ་ཤིས་གཏེར་གྱི་བུམ་པའི་དགེ་མཚན་ཅན། །དཔལ་གྱི་མགུར་ལས་ཐེག་གསུམ་འདོད་རྒུའི་ཆར། །གཏན་པ་མེད་པར་འཇོ་བའི་ལེགས་བཤད་གསུང་། །ལྷར་བཅས་སྲིད་ན་རྟག་ཏུ་སྙན་གྱུར་ཅིག ༣ །སྒྲིབ་གསུམ་རྡུལ་དང་ནམ་ཡང་མི་མཛའ་བའི། །མཁྱེན་གཉིས་མཚར་སྡུག་རྫོགས་པའི་པདྨ་དཀར། །འགྲོ་ལ་རྗེས་ཆགས་ཐུགས་རྗེའི་འདབ་རྒྱས་པའི། །གཟིགས་པས་བདག་སོགས་གདུལ་བྱར་ལྷག་པར་དགོངས། ༤ །བྲལ་དང་རྣམ་པར་སྨིན་པ་མཐའ་ཡས་པའི། །ཡོན་ཏན་རྨད་བྱུང་བཀྲ་ཤིས་གཡས་འཁྱིལ་དུང་། །གངས་ཅན་རི་བོའི་སུལ་ན་མངོན་སྣང་བའི། །སྐལ་བཟང་ནམ་ཡང་ནུབ་པ་མེད་གྱུར་ཅིག ༥ །རྨད་བྱུང་ཐབས་ལ་མཁས་པའི་རི་མོ་ཅན། །ཕྲིན་ལས་དཔལ་གྱི་བེའུ་འོད་འབར་བ། །འཇིག་རྟེན་དབང་ཕྱུག་དགྱེས་པའི་ཞིང་ཁམས་འདིར། །བགྲང་ཡས་བསྐལ་པ་རྒྱ་མཚོར་འཇུག་པར་ཤོག ༦ །མདོར་ན་རྡོ་རྗེའི་གསང་གསུམ་རྒྱུན་གྱིས་རྟག །འཆད་རྩོད་རྩོམ་པའི་ལེགས་མཛད་སྲིད་མཐར་ཁྱབ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས། །འགྲོ་ཀུན་བདེ་སྐྱིད་ལྷུན་གྱིས་གྲུབ་པར་ཤོག ༧ །བདག་ཀྱང་རྣམ་གྲོལ་འབྲས་བུར་མཆིས་ཀྱི་བར། །ཡེ་ཤེས་གཟིགས་པས་འབྲལ་མེད་རྗེས་བཟུང་ནས། །བྱང་ཆུབ་སེམས་གཉིས་གསེར་གྱི་འཁོར་ལོ་ཡིས། །


JKT020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དཔལ་ལ་དབང་བསྒྱུར་བཀྲ་ཤིས་སྩོལ། ༨ །ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རྒྱལ་ཚབ། ཡོངས་རྫོགས་བསྟན་དང་འགྲོ་བའི་སྐྱབས་དང་། མགོན་དང་། དཔུང་གཉེན་གཅིག་པུར་གྱུར་པ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ཉིད་ཕྱོགས་འདིར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་ཞིང་། མཐོང་བའི་དོན་ཡོད་པའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་། ལེགས་གསུང་བདུད་རྩིའི་དགའ་སྟོན་ལྷུག་པར་སྩལ་ཞིང་། དམིགས་མེད་ཐུགས་རྗེའི་འཇུག་པས་དགྱེས་བཞིན་དུ་རྗེས་སུ་བཟུང་བའི་སྐལ་བ་བཟང་པོའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་ཐོབ་པའི་ལེགས་འབུལ་དང་། རྡོ་རྗེའི་གསང་གསུམ་ཕྲིན་ལས་དང་བཅས་པ་རྒྱུན་གྱིས་རྟག་ཅིང་། ཡུལ་དབུས་དག་པའི་ཞིང་ཁམས་ཆེན་པོར་ཞབས་པད་བསྐྱོད་པའི་ཐུགས་ཀྱི་བཞེད་དགུ་ལྷུན་གྱིས་གྲུབ་སྟེ། སླར་ཡང་རིང་མིན་ཕྱོགས་འདིའི་གདུལ་བྱའི་བསོད་ནམས་ཀྱི་མགྲོན་དུ་ཞབས་མཐིལ་བཀྲ་ཤིས་ཀྱི་འཁོར་ལོ་གེགས་མེད་དུ་བཀོད་པ་དང་ཆབ་གཅིག་ཕུན་སུམ་ཚོགས་པ་བྱེ་བ་སྙེད་ཀྱི་དུས་སྟོན་ལ་རྟག་ཏུ་ལོངས་སྤྱོད་ཆོག་པར་རྩེ་གཅིག་གུས་པས་གསོལ་བ་འདེབས་པའི་རྟེན་འབྱུང་གི་མཎྜལ་མཚོན་པར་བཀྲ་ཤིས་པའི་ལྷ་གོས་དཀར་པོ་སྲིད་དུ་རིང་བའི་མགུལ་དར། སྐུ་རྟེན་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་བྱིན་ཅན།


JKT020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྟེན་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་གླེགས་བམ། ཐུགས་རྟེན་དུ་བཀའ་གདམས་གདུང་རྟེན་རྙིང་མ། ཡོན་ཏན་ཡོངས་རྫོགས་འཕགས་མ་ཡིད་བཞིན་འཁོར་ལོའི་བཟླས་ཕྲེང་། ཕྲིན་ལས་སྙན་པར་གྲགས་པའི་རྟེན་འབྲེལ་དུ་ཕྱག་ཏིང་དངུལ་གྱི་ཉག་ཐག་ཅན། བཅས་བཀྲ་ཤིས་གྲུབ་པ་ཉེར་བདུན་གྱི་གྲངས་ལྡན་འདི་དག །མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ལགས་ན་ཡེ་ཤེས་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཙསིབཙརདྭཡོམཧཱསུརཱཛུབནྟིཙྪནདཱཤབཎཀམཡཱརསཱརིཎཱིནཱམསྱཔྲསཱརཤུབྷྲཱུྃ། སུདཱིབུདྡྷཔཱརནིརྨཀཱཡཾཀལྤསཱགརེཥཛིབཏཾསཿ རིག་འཛིན་གྲུབ་པའི་གསེར་གྱི་འཁོར་ལོ་ཡིས། །ཟུང་འཇུག་རྒྱལ་ཐབས་ཆེ་ལ་དབང་བསྒྱུར་བ། །སངས་རྒྱས་གཉིས་པ་མཆོག་གི་སྤྲུལ་པའི་སྐུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་ཚུ་བརྟན་གྱུར་ཅིག ༡ །བསོད་ནམས་དཔག་ཡས་ཆུ་གཏེར་ལས་བྱུང་ཞིང་། །ཡེ་ཤེས་ཡོངས་རྫོགས་མཚན་དཔེའི་མཛེས་སྐུ་ཆེ། །སྲིད་ཞིའི་གཙུག་རྒྱན་ཡིད་བཞིན་ནོར་གྱི་བུ། །ངེས་པར་ཞིང་ཁམས་འདི་ལས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་གསོལ། ༢ །ཤེས་རབ་རྡོ་རྗེ་བཙུན་མོའི་སྒྲ་དབྱངས་ལྷ། །ཐབས་མཆོག་མགྲིན་པའི་པདྨོར་ངལ་བསོས་པས། །སྡེ་སྣོད་རྒྱུད་སྡེའི་ལེགས་གསུང་བདུད་རྩིའི་ཆར། །སྐལ་བཟང་གདུལ་བྱའི་དཔྱིད་དུ་འབེབས་པར་མཛོད། ༣ །རིག་དང་བརྩེ་བ་མི་ཕྱེད་སྙིང་སྟོབས་ཕུལ། །མཐའ་གཉིས་ཡུལ་གྱི་བསྙེངས་བྲལ་བློན་པོ་མཆོག །གང་གི་ཐུགས་རྗེའི་གཟིགས་པས་བསིལ་ལྡན་ལྗོངས། །བྱམས་བསྟན་མ་ཤར་བར་དུ་ལྷག་པར་སྐྱོངས། ༤ །བྲལ་དང་རྣམ་པར་སྨིན་པ་རྨད་བྱུང་བའི། །ཡོན་ཏན་ནོར་བུའི་དྲ་བས་རབ་བརྗིད་པ། །རྒྱལ་སྲས་སྤོས་ཀྱི་གླང་པོའི་ཁྱུ་མཆོག་ཆེས། །སྙིགས་མའི་དུས་ཀྱི་རྒུད་པ་འཇིལ་བར་མཛོད། ༥ །ཕྲིན་ལས་རླུང་གི་ཤུགས་ལྡན་ཅང་ཤེས་རྟ། །རྫུ་འཕྲུལ་རྐང་བཞིའི་ཏིང་འཛིན་གྲུབ་པའི་དཔལ། །ས་གསུམ་བསྟན་འགྲོའི་དཔྱིད་དུ་འཚོ་གཞེས་ཤིང་། །ཕན་བདེའི་དགེ་མཚན་མཐའ་དག་རྒྱས་པར་མཛོད། ༦ །མདོར་ན་བདུད་སྡེའི་གཡུལ་འཇོམས་དམག་དཔོན་བཞིན། །སྲས་བཅས་རྒྱལ་བའི་མཐུ་སྟོབས་ཡོངས་རྫོགས་པས། །ཡིད་སྲུབས་དཔུང་བཅས་རབ་ཏུ་ཕམ་མཛད་དེ། །ཐུབ་བསྟན་རྒྱལ་རྔ་སྲིད་པའི་རྩེ་མོར་བརྡུང་། ༧ །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །ཡེ་ཤེས་གཟིགས་པ་དམ་པས་དབུགས་དབྱུང་མཐུས། །དོན་གཉིས་ལྷུན་གྱི་གྲུབ་པའི་དགེ་མཚན་ཆེའི། །བཀྲ་ཤིས་སྣང་བ་རྟག་ཏུ་


JKT020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཛད་གསོལ། ༨ །ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དགེ་ཞིང་ཤིས་པའི་རྟེན་འབྱུང་ལས་བརྩམས་ཏེ་ཚིགས་སུ་བཅད་པ་མངྒ་ལའི་གྲངས་ཀྱིས་རྩེ་གཅིག་ཏུ་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བཅས་ཤཱཀྱའི་དགེ་སློང་མང་ཐོས་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་བཀའ་དྲིན་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཕུལ་བ་དེ་དེ་བཞིན་༣། དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།མུནིཤཱསནམཎྜདར དྷཱཛབཱབྷབནེབྷོབྷསཿ ཙྪནོནབབཎྜཀདྲྀཏཏིནཱམསྱཔྲསྟརེ། བྷདྲཀརྨཁབིཥཎཱཀྵིམཱི བྷབཏུདྷཱརནིཛཱིབནྟ། །ཐུབ་པའི་བསྟན་པ་ནོར་བུའི་མེ་ལོང་ནི། །རྒྱལ་མཚན་ལྟ་བུར་སྲིད་ན་གསལ་མཛད་པ། །དཔལ་ལྡན་བཟང་པོའི་ཕྲིན་ལས་མཁའ་ཁྱབ་གང་། །ཀུན་ཏུ་འཆང་བའི་ངོ་བོར་འཚོ་གཞེས་གསོལ། ༡ །སྲིད་ཞིའི་གདུང་སེལ་གི་ཝཾ་མཆོག་གི་སྤྲིན། །རྒྱུན་མཐའི་འཆི་མེད་ལམ་དུ་དཀྲིགས་པ་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོའི་གཞི། །རྡོ་རྗེ་སེམས་དཔའི་ངོ་བོར་འཚོ་གཞེས་གསོལ། ༢ །དྲི་མེད་ཞོ་ཡི་སྙིང་པོ་


JKT020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཀར་བའི། །ཆོས་ཚུལ་བདུད་རྩིའི་རིགས་ཅན་རྣམ་གསུམ་གྱི། །ཐར་བདེའི་པདྨོ་རྟག་ཏུ་རྒྱས་མཛད་པ། །ཤཱཀྱ་སེང་གེའི་ངོ་བོར་འཚོ་གཞེས་གསོལ། ༣ །བཀྲ་ཤིས་དུརླའི་ལྗོན་ལྟར་ཡིད་འོང་བ། །ཟླ མཚན་དཔེའི་གཟུགས་སྐུ་གང་གིས་དྲན་པའི་མོད། །ཚེ་དང་ཡེ་ཤེས་སྐལ་བཟང་སྦྱིན་མཛད་པ། །དཔག་མེད་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༤ །མགྲིན་པ་གཡས་འཁྱིལ་དུང་གི་མཚན་བཟང་ལས། །སྡེ་སྣོད་རྒྱུད་སྡེའི་དབྱངས་སྙན་སྒྲོགས་པའི་གསུང་། །སྲིད་པའི་རིམས་ནད་རྒྱུ་བ་ཕམ་བྱེད་པ། །རྣམ་པར་རྒྱལ་མའི་ངོ་བོར་འཚོ་གཞེས་གསོལ། ༥ །ཤེས་རབ་སྙིང་རྗེའི་གཞན་དབང་ལ་ཆགས་པས། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་ཐུགས། །གདུལ་བྱའི་དོན་ཀུན་གྲུབ་སྟེར་བིཝའི་འབྲས། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༦ །མདོར་ན་སྲས་བཅས་སྟོབས་བཅུ་མངའ་ཀུན་གྱི། །༧ ཡོན་ཏན་ཡོངས་རྫོགས་ལི་ཁྲིའི་ཐིག་ལེ་ཡིས། །བཤད་སྒྲུབ་ལས་ཀྱི་ཕུན་ཚོགས་དབང་མཛད་པ། །པདྨ་སཾ་བྷའི་ངོ་བོར་འཚོ་གཞེས་གསོལ། ༧ །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །འབྲེལ་ཚད་དོན་ལྡན་གྲུབ་པའི་ཡུངས་ཀར་གྱིས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །སྙན་པས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག ༨ །ཅེས་མངོན་པར་འདོད་པའི་དོན་གྱི་མཆོག་གཅིག་


JKT020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པུར་མི་ཕྱེད་པའི་སྨོན་པས་མཚམས་སྦྱར་ཏེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་དབྱངས་སྙན་མངོན་པར་བསྒྲགས་པ་དང་བཅས། དངོས་པོ་ཀུན་གྱིས་བཏུད་ཅིང་གསོལ་བ་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ལྷ་རེག་རབ་དཀར་ཟླ་ཞུན་གྱི་མདངས་ཅན་དགེ་ལེགས་ཀྱི་རེ་ཁཱས་བཀྲ་བའི་མགུལ་དར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་ཁྱད་འཕགས། བཅས་རྣམ་གྲངས་བརྒྱ་ཕྲག་གཅིག་ལ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པ་འདི་རྣམས་རྗེ་བཙུན་འཁོར་ལོའི་དབང་ཕྱུག་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཆེན་པོ་གང་ཉིད་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ལྷག་པའི་གསུང་གི་བདུད་རྩིས་སྐལ་བ་བཟང་པོར་གྱུར་པའི་རིགས་སྐྱེས་པདྨ་སཾ་བྷ་བ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུ་བ་ལགས་ན་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་མེ་ཏོག་ཕྲ་མོ་མཆོད་རྫས་ཀྱི་དཔེ་ལྟར་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ལགས་རིན་པོ་ཆེར། བོད་ཁམས་བདེ་ཐབས་ཀྱི་བཀའ་འདྲིའི་ཐད། སྤྱིར་བཀའ་གཏེར་དག་སྣང་གི་ལུང་


JKT020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྔ་མ་ཕལ་མོ་ཆེ་ནི་སྐབས་དེ་དང་དེར་དགོངས་པའི་དུས་ཚོད་ཐལ་སོང་བ་ཤས་ཆེ་ཞིང་། མ་འོངས་པར་དགོངས་པ་རེ་རེ་ཙམ་ཡོད་རུང་ཞིབ་མོའི་བརྡ་བཀྲོལ་མཁན་ཞིག་མ་བྱུང་ན་གོ་དཀའ། གཞན་དེང་དུས་ཕྱོགས་གང་དུའང་ལུང་བསྟན་མངོན་ཤེས་འཆད་མཁན་ཐན་ཐུན་ཡོད་སྲིད་ཀྱང་། དུས་ཚོད་ཀྱིས་མ་འཁྱོངས་པ་ལྟ་བུས་ཐོག་ཁེལ་ཡིད་བརྟན་ཅན་དཀོན། གུས་ཕྲན་རང་ནི་སོ་སྐྱེ་ཆེས་ཐ་ཤལ་དུ་གྱུར་པས་ལུང་བསྟན་མངོན་ཤེས་ལྟ་ཅི། ཡོལ་བ་ཕྱི་ནང་གི་ལྐོག་གྱུར་ཙམ་ཡང་མི་ཤེས་སྟབས་ཅི་ཞུ་ཆེར་མི་སྣང་རུང་། གཏེར་ཆེན་མཆོག་གྱུར་གླིང་པ་འདི་ཉིད་ཚད་མ་གསུམ་གྱིས་ལེགས་པར་གྲུབ་པའི་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་འཁྲུལ་མེད་དུ་ངེས་པས་དྲངས་ཏེ། དེ་ལོ་སྔ་མ་རང་ནས་རྒན་མོ་བསམ་བཟང་གིས་ལུང་ཞུས་དེ་བཞིན། འཇམ་མགོན་ཀོང་སྤྲུལ་རྡོ་རྗེ་འཆང་བརྒྱུད་ནས་བཀའ་ཕེབས་པའི་སྐབས་འབུལ་ལམ་ཞུས་པ་དགོངས་འབྱོར་བྱུང་བ་ཤིན་ཏུ་བཀའ་དྲིན་ཆེ་ཞིང་། རེ་ཞིག་དེར་མ་འཐུས་པའི་གུང་དུ་སྙན་འབུལ་འོས་པ་ཆེར་མི་སྣང་བ་དང་། སླད་ནས་གཏེར་ཆེན་རང་ལ་བཀའ་འདྲི་གནང་འཐུས་ལས་མ་འདས་རུང་། སྤྱི་བབ་ལུང་བསྟན་སྔ་ཕྱིའི་དགོངས་དོན་ལྟར་ན། གཙོ་ཆེན་བོད་ཁམས་ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར་བུ་ལྟ་བུ་ནི་སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། ཆོས་འཁོར་རྣམ་གསུམ་ཁོ་ནར་རག་


JKT020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པས། སྐྱབས་མགོན་ཆེན་མོའི་ཞབས་བརྟན་དུ་གནས་ཆེན་རྣམས་སུ་ཚེ་དཔག་མེད་པའི་སྐུ་དང་། འདྲ་ཞལ་བཞེངས་ཤིང་ཚེ་སྒྲུབ་ཟབ་མོའི་རྒྱུན་འཛུགས། རྫོང་གཞིས་ཐམས་ཅད་དུ་རི་རྒྱ་ཀླུང་རྒྱ་ལེགས་པར་བསྡམ། ལྷག་པར་སྲོག་བསླུ་གྲངས་མང་དཔུང་བསྐྱེད། ཆོས་འཁོར་རྣམ་གསུམ་དུ་ཉམས་གསོ་མཆོད་འབུལ་སོགས་དང་། ཆོས་འཁོར་གཞན་གྱི་རྩ་བའང་ཁྲ་འབྲུག་ཁོ་ན་གལ་ཆེ་བར་བསྔགས་པས་ཉམས་གསོ། མཆོད་འབུལ་སོགས་དང་། གཞན་ཡང་གངས་ཅན་པའི་མེ་བཙའ་དབུས་ཆོས་འཁོར་གསུམ། ཕྱོགས་སོ་སོའི་ཀོང་པོ་བུ་ཆུ། ལྷོ་བྲག་མཁར་ཆུ། རུ་ལག་གྲམ་པ་རྒྱང་། གཡས་རུ་གཙང་འགྲམ་རྣམས་སུ་ཉམས་པ་གསོ་བ། རབ་གནས་བསྐྱར་བ། མཆོད་པ་འབུལ་བ་དང་ཚོགས་སྐོང་། མཐའ་དམག་གནོན་པ། འགོང་པོ་ཨར་གཏད། ལས་བཞིའི་སྦྱིན་སྲེག །སྒྲུབ་ཆེན་སྨན་སྒྲུབ། གནས་ཆེན་བྱིན་འབེབས་བཀྲ་ཤིས་ཀྱི་མངའ་གསོལ་སོགས་བགྱིས་ན་བོད་ཁམས་མཐའ་དབུས་ཀུན་ཏུ་བདེ་བར་འབྱུང་ཞེས་ཨོ་རྒྱན་རིན་པོ་ཆེའི་ལུང་གིས་ཡང་ཡང་བསྔགས་པ་དབྱིངས་རིན་པོ་ཆེར་གསལ་བ་ལྟར་ལགས་ཤིང་། བྱེ་བྲག་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཐན་ཀྲུ་རྒྱ་ལོའི་ཆོས་ལུགས་སྤེལ་བའི་ཉུལ་མ་སླེབས་པ་འདི་ཐད། སྤྱིར་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། རིགས་ལྡན་རིགས་ཀྱི་དབུས་སུ་


JKT020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་བསྒྱུར་བའི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཇི་སྙེད་ཀླ་ཀློའི་དབང་པོ་གདུག་པ་ཇི་སྙེད་ལྷ་ཡི་མཆོག་གིས་བཏུད་པའི་དྲག་པོའི་སྔགས་ལྡན་ཡང་། །དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུགས་པ་དྲག་པོ་འབྱུང་བར་འགྱུར། །ཞེས་སོགས་ནས། ལོ་ནི་བརྒྱ་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པར་འགྱུར། །དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བར་སངས་རྒྱས་ཆོས་ནི་རབ་ཏུ་འཇུག་པར་འགྱུར། །ཞེས་པའི་བར་གྱིས་ཞིབ་མོར་བཀའ་སྩལ་པ་ལྟར། ནམ་ཕུགས་ཀླ་ཀློའི་འཇུག་པས་འཕགས་ཡུལ་ནས་བརྩམས་ཤམྦྷ་ལའི་བར་དུ་བཀབ་པ་ནི་དུས་ཀྱི་མཚན་ཉིད་དུ་ལུང་བསྟན་པས་ཅིར་ཡང་བྱར་མེད་མོད། རེ་ཞིག་བསོད་ནམས་མ་ཡིན་པ་ཀླ་ཀློའི་གཉེན་པོ་བསོད་ནམས་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་ན་དེ་དང་དེའི་ཚོད་ཀྱི་ལོ་ཟླ་ཞག་དུས་ཕྱིར་འགྱངས་པའི་ངང་བསྲིང་རྒྱུ་ནི་ངེས་པར་ཡོད་ལ། ལར་དུས་འཁོར་གྱི་དགོངས་པ་ལྟར་བྱས་ན་ད་དུང་རེ་ཞིག་བོད་དུ་ཀླ་ཀློ་དངོས་འཇུག་པར་མི་འགྱུར་བས། རིང་མཐའ་དྲུག་ཅུ་སྐོར་གཅིག་ནས། ཐུང་མཐའ་ལོ་སྐོར་ཙམ་གྱི་བར་ཧ་ཅང་ངན་པ་རང་མི་འབྱུང་ངམ་སྙམ་པ་དང་། ཐན་ཀྲུ་རྐྱའོའི་ཆོས་ལོག་སྤེལ་མཁན་དེ་ལའང་དེ་སྔ་


JKT020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དམ་བསྒྲག་བཀའ་དྲིན་བསྐྱངས་ན་ཐུང་གིས་རྒྱ་ཆེ་མུ་མེད་རང་དེ་ཙམ་ཨེ་འོང་ན་སྙམ་ལགས་ཤིང་། གང་ལྟར་ས་མཚམས་འཛིན་པའི་དམ་བསྒྲག་དང་། བསོད་ནམས་ཀྱི་བྱ་བ་རླབས་པོ་ཆེའི་ཆེད་དུ་ཆོས་འཁོར་གསུམ་དུ་མཆོད་འབུལ། གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་འདུན་ཐུགས་མཐུན་ཅིང་བཤད་སྒྲུབ་གོང་འཕེལ། ཀླ་ཀློ་དངོས་ཀྱི་གཉེན་པོར་ཆེ་བ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་རྩེ་གྲུ་འཛིན་གྱི་ཕོ་བྲང་དང་། ཞྭ་ལུ། གངས་དཀར། བཀྲ་ཤིས་ཆོས་སྡེ་སོགས་སྔར་ཡོད་ཉམས་གསོ། སྔར་མེད་གསར་འཛུགས། ལྷག་དོན་དུས་ཕྱིས་རི་བོ་དགའ་ལྡན་གྱིས་བཀྲ་ཉམས་པ། བདག་ཚོ་བོད་དུ་ཚར་སྔ་རྟིང་གི་བར་ལའང་མངོན་དུ་གྱུར་པ་དུས་རྟགས་ཤིན་ཏུ་ཆེ་བས། གདན་ས་ཆེན་པོ་དེ་ཉིད་ཉམས་གསོ། ལྷག་པར་དགེ་སློང་རྡོ་རྗེ་འཛིན་པ་ཚད་ལྡན་འདུས་པས་རབ་གནས་བརྒྱ་རྩ་སོགས་གྲངས་མང་དང་། རྗེ་འཇམ་དཔལ་སྙིང་པོའི་མཆོད་སྡོང་རིན་པོ་ཆེར་མཆོད་པའི་སྤྲིན་རྒྱ་ཆེར་སྤེལ་ན་བསོད་ནམས་ཉི་མ་འབུམ་གྱི་སྣང་བས་ནག་ཕྱོགས་ཀླ་ཀློའི་མུན་པ་མིང་མེད་དུ་བཅོམ་སྟེ་བསྟན་འགྲོའི་བདེ་སྐྱིད་པདྨོའི་ནགས་ཀླུང་ཆེས་ཆེར་རྒྱས་པར་འགྱུར་བ་ནི་ངེས་པའོ་ཞེས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།ཤུ་བྷ་སྱ་མི་ཏྲ་བནྡྷ་ཀརྨ་དྷརྨ་བནྟ་སྱ་པ་ཎོ་ས་མརཔི་ཏམ། ཤྲིབིཛཡནྟུ། ཀ་དག་གཞོན་ནུ་


JKT020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྐུའི་ཆུ་གཏེར་ལས། །ལྷུན་གྲུབ་འཇའ་ལུས་རྡོ་རྗེའི་རྣམ་རོལ་ཅན། །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་ཞེས། །འཆི་མེད་གྲུབ་པའི་ལྷ་དེས་ཁྱོད་ལ་སྲུངས། ༡ །ཇི་ལྟར་དག་པའི་ཡིད་འོང་བཻཌཱུརྨ། །རྙེད་པ་ཙམ་གྱིས་འདོད་དགུའི་ཆར་འབེབས་བཞིན། །ཚོགས་ཟུང་བྱེ་བས་བསྐྲུན་པའི་དལ་འབྱོར་རྟེན། །ཐོབ་པའི་མོད་ནས་ཕན་བདེའི་སྣང་བ་རྒྱས། ༢ །ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་ཀས། །ཆོས་འདུལ་ཁྲིམས་ཀྱི་སྣོད་དུ་ལེགས་སྦྱར་གང་། །ངེས་འབྱུང་བློ་ཡི་འབྱོར་པས་མངོན་མཐོ་ཞེས། །ལྷར་བཅས་བསྔགས་པའི་མེ་ཏོག་གཅིག་ཏུ་འཐོར། ༣ །སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །པུཎྜ་རཱིཀ་ལྟ་བུར་རྒྱས་པ་ལས། །གཞན་ཕན་སྦྲང་རྩིའི་ཐིགས་པ་འཇོ་བ་ཡང་། །དོན་གཉིས་བུང་བ་དགའ་བའི་དཔྱིད་དུ་གྱུར། ༤ །སྒོ་གསུམ་བྱེད་པ་ཨེ་ཝཾ་མཱ་ཡའི་དབྱིངས། །སྨིན་བྱེད་དབང་བཞིའི་བདུད་རྩིས་རྒྱུད་བརླན་པས། །བསྐྱེད་རྫོགས་ཟུང་འཇུག་དཔག་བསམ་གཞོན་ནུ་ཡིས། །མེད་སྣང་འཁོར་བའི་ཚ་གདུང་རང་སར་བཅིལ། ༥ །ཕུང་པོ་ལྔ་བྲལ་ཀ་དག་གཉུག་མའི་གཤིས། །ཅེར་གྲོལ་སྐད་ཅིག་རིག་པར་ངོ་འཕྲོད་ཅིང་། །འོད་གསལ་ལྷུན་གྲུབ་སྣང་བཞིའི་ཉེ་ལམ་ལ། །མོས་པ་བརྟན་ཁྱོད་མ་ཧཱ་སནྣིའི་རིགས། ༦ །དེ་སླད་དོན་ལྡན་འཚོ་བའི་ཟླ་རིས་ནི། །ཉེར་འཚེའི་ཆུ་འཛིན་གཡོ་བ་ལས་གྲོལ་ཞིང་། །ཆོས་


JKT020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྱོད་པའི་སྣང་བ་རབ་འབར་བས། །འདིར་ཡང་སྤྲོ་དགའི་ཆུ་གཏེར་གཅིག་ཏུ་དགོད། ༧ །ལྷག་པར་ཤེས་བྱ་རབ་འབྱམས་ཀུན་གཟིགས་མ་ཕམ་གཉིས་པའི་དགེ་བའི་བཤེས། །སྙིང་པོའི་བསྟན་པའི་རྒྱལ་མཚན་བསྒྲེངས་མཛད་མཁས་གྲུབ་བྱེ་བའི་གཙུག་ཏོར་དེས། །དབེན་པའི་རི་ངོགས་ཤིན་ཏུ་ཞི་བར་ཆོས་དང་མཐུན་པས་འཚོ་རྣམས་ཀྱི། །ངེས་དོན་རྟོགས་པའི་རྒྱ་མཚོ་འཕེལ་བྱེད་སྔོན་མེད་ལེགས་བཤད་ཆུ་ཤེལ་དབང་། ༨ །ཉེ་བར་ཐོབ་པའི་སྐལ་བཟང་གིས། །དད་དང་སྤྲོ་བའི་ཀུ་མུ་དཱ། །ཅི་དགར་བྱེ་བའི་ངང་ཚུལ་ནི། །དཔྱིད་ཀྱི་དུས་སྟོན་སླར་འོང་བཞིན། ༩ །འདི་ན་སྐྱབས་ཀུན་འདུས་ཞལ་བླ་མ་རྗེའི། །བྱིན་རླབས་ཟིལ་དངར་ཁོ་ནས་འཚོ་བ་ཡང་། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་བཞིན། །གྱི་ནའི་སྤྱོད་པས་རོལ་དང་ཆབ་གཅིག་པར། ༡༠ །རིས་མེད་མཁས་གྲུབ་རྒྱ་མཚོའི་ལམ་བཟང་ལ། །ཕྱོགས་སུ་ལྷུང་བའི་སྐལ་ངན་རིང་བཏང་ནས། །དག་སྣང་པདྨོ་ལྟ་བུར་རྒྱས་པ་ཡིས། །ཆོས་སྤངས་སྒྲིབ་པ་དེ་ཡང་ག་ཤེད་སོང་། ༡༡ །འོན་ཀྱང་ཟབ་དང་རྒྱ་ཆེའི་རོ་མྱོང་ཕྱིར། །གཞུང་ལུགས་ཆེ་ཕྲ་ཀློག་དང་སེམས་པ་ལ། །བྱིས་པའི་རྣམ་ཐར་ཙམ་དུ་འཛིན་དུས་འདིར། །ངལ་བ་ཕལ་ཆེར་དོན་མེད་ཁོ་ནར་ཟད། ༡༢ །ཅི་ཕྱིར་མཁས་རྣམས་ཉི་ཚེའི་ཚིག་ལ་རྩོད། །གྲུབ་པར་རློམས་རྣམས་བཟླས་བརྗོད་


JKT020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་གཡེངས། །གཞུང་ལུགས་ཆེ་ལས་ཟ་ཆོག་ཁོ་ན་བྲིན། །དེ་ཡང་ཁུངས་མེད་འཆོལ་བར་སྤྱོད་འདི་མཚར། ༡༣ །སྐབས་སུ་གསོལ་བ། ནོར་བུའི་དཔལ་གྱིས་བསྐྲུན་མིན་ལེགས་གསུང་མཆོག ། ཟང་ཟིང་ཕྲན་བུས་གཞལ་བྱ་མ་ཡིན་ཀྱང་། །གནས་སྐབས་སྣག་ཤོག་བཟོ་བོའི་འདུ་བྱེད་ཀྱི། །རིན་ཐང་ཙམ་དུ་དམིགས་པའི་དངོས་པོ་ནི། ༡༤ །སྔ་སོར་རོ་ལྡན་བཏུང་བ་ཡི། །ལོ་འདབ་ཕོན་པོ་འདི་བསྲིངས་ཤིང་། །སླད་ནས་དེ་ཙམ་སྦྱིན་ནོ་ཞེས། །དམ་བཅའི་ཡི་གེ་བསྲུབ་མེད་འགོད། ༡༥ །སླར་སྨྲས་པ། རྩ་ཁམས་དབུ་མར་ཐིམ་པའི་མགྲིན་པ་ནས། །རྒྱུད་སྔགས་མི་ཤིགས་ནཱ་དའི་རོལ་མོ་ཅན། །རྟོག་ཚོགས་འོད་གསལ་དབྱིངས་སུ་ངལ་བསོ་བ། །འཇའ་ལུས་རྡོ་རྗེའི་རྣམ་ཐར་བཟུང་གྱུར་ཅིག ༡༦ །རབ་འབྱམས་ཤེས་བྱའི་གནས་ལ་བློ་མིག་གྲོལ། །གཞན་ཕན་བདུད་རྩིའི་སྤྲིན་དཀར་ཉིན་བཞིན་འཕེལ། །སྲིད་དང་ཞི་བའི་ཤིས་དགུའི་མེ་ཏོག་གིས། །དམ་པའི་ངང་ཚུལ་ཡུན་དུ་འབར་བར་ཤོག ༡༧ །དེ་སྲིད་འདིར་ཡང་བརྩེ་ཞིང་གཅུགས་པའི་ཡིད། །ཉིན་མོར་བྱེད་དང་ཨུཏྤལ་ཇི་བཞིན་དུ། །རྣམ་ཀུན་མཛའ་བ་མི་ཕྱེད་བློ་གྲོས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་འགྲོགས་པར་སྨོན། ༡༨ །ཅེས་གང་ཤར་ཉམས་མཚར་དུ་བཀོད་པའི་ཚིག་གི་མེ་ཏོག་དོན་གྱི་འབྲས་བུས་གཏམས་པ་ལས། འདྲེན་བྱེད་ཀྱི་རཡིག་


JKT020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཡོ་བའི་རྟེན་ཙམ་དུ་ཏཱ་རུ་མནྟུའི་ཕུར་མ་བམ་པོ་གཅིག་ལ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསྲིངས་ཕྱག་རྒྱས་བཏབ་སྟེ་ཀཱནྟི་ཀཱ་ཡིས་ཉ་བའི་ཤར་ཕྱོགས་ཀྱི་དགའ་བ་གཉིས་པ་ལ་། །པ་སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ། །དགེའོ། །དགེའོ། །དགེའོ།། །།


previousདཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་སོགས།next