རྡོ་རྗེ་གླིང་གི་གནས་བདག་མཆོད་ཐབས་དགེ་ལེགས་འདོད་འབྱུང་།
རྡོ་རྗེ་གླིང་གི་གནས་བདག་མཆོད་ཐབས་དགེ་ལེགས་འདོད་འབྱུང་ཞེས་བྱ་བ་བཞུགས་སོ།།
སྦས་ཡུལ་རྡོ་རྗེ་གླིང་གི་གནས་བདག་ཇོ་བོ་སེན་ཅིལ་ལམ་རྡོ་རྗེ་དབང་སྡུད་རྩལ་འཁོར་དང་བཅས་པ་ལ་བསང་དང་གསེར་སྐྱེམས་འབུལ་བར་འདོད་པས་མཆོད་རྫས་རྣམས་འདུ་བྱས་ལ་ཆབ་གཙང་མས་བྲན། འདི་ཉིད་ཁོན་སྒེར་དུ་བྱེད་ན་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱི་སྐུར་གྱུར་པར་བསམ། གང་ལྟར་ཡང། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱྃ་ཡིག་ལས་བྱུང་བའི། །རིན་ཆེན་སྣོད་མཆོག་ཡངས་ཤིང་རྒྱ་ཆེའི་ནང། །ཡི་གེ་དྲུག་གིས་སྦྱངས་སྤེལ་བསྒྱུར་བྱས་པའི། །བསང་དང་གསེར་སྐྱེམས་མཆོད་སྤྲིན་དཔག་མེད་
གྱུར། །ཨོཾ་ཨཱཿཧཱུྃ་ཧོ་ཧྲཱིཿས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་རྒྱས་པར་སྤེལ་ལ། ཀྱཻ། འོད་གསལ་ཤིན་ཏུ རྣམ་པར་དག་པའི་དབྱིངས། །ཡེ་ཤེས་རིག་པ་རང་སྣང་རྡོ་རྗེའི་སྤྲིན། །འཁོར་འདས་རྣམ་རོལ་ཅིར་ཡང་འཆར་བ་ལས། །མཚོ་སྐྱེས་རྒྱལ་བས་བྱིན་རླབས་མོན་བོད་མཚམས། །ངོ་མཚར་སྦས་ཡུལ་མཁའ་སྤྱོད་འབྲས་མོ་གཤོངས། །གནས་ཀྱི་ལྟེ་བ་དགོངས་འདུས་ཕོ་བྲང་།བྲག་དཀར་བཀྲ་ཤིས་ལྡིང་གི་མཐར་བྱེད་ཕྱོགས། །དགེ་བཅུའི་ཡོན་ཏན་ཡོངས་རྫོགས་རྡོ་རྗེ་གླིང། །མཐོ་བརྗིད་ས་འཛིན་སྤོ་ལ་
རྟག་ཆགས་པའི། །ཁོར་ཡུག་སཱ་ལའི་ནགས་ཚལ་འཁྲིགས་པའི་དབུས། །རི་བྲག་མཚོ་སྤང་ཉམས་དགའི་བསྟི་གནས་སུ། །ཡིད་ཀྱི་གཟུགས་ཅན་ཐོགས་མེད་རྫུ་འཕྲུལ་བདག །སྲིད་པའི་ལྷ་རབས་ཇོ་བོ་སེན་ཅིལ་ཆེ། །གསང་བའི་མཚན་གསོལ་རྡོ་རྗེ་དབང་སྡུད་རྩལ། །རབ་དཀར་ཟླ་ཞུན་གསར་བའི་ལང་ཚོ་ལ། །གསེར་སྦྱངས་བཙོ་མའི་འོད་ཟེར་རྣམ་པར་འཕྲོ། །ཕྱག་གཡས་ཕྱོགས་ལས་རྣམ་རྒྱལ་བ་དན་སྒྲེང། །གཡོན་པས་དགོས་འདོད་མཆོག་སྩོལ་གཏེར་བུམ་བསྣམས། །རཏྣའི་གོ་ཁྲབ་ལྷ་རྫས་ན་བཟའ་གསོལ། །རིན་ཆེན་འཇའ་སྤྲིན་འོད་ལྔའི་གུར་ཁང་དུ། །གཡུ་འབྲུག་སྟེང་ན་བརྗིད་པའི་རོལ་པས་བཞུགས། །མདུན་གཡོན་གསང་བའི་དགྱེས་སྡེ་ཀླུ་ལྕམ་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྦྲུལ་ཞགས་དང། །རཏྣའི་ནོར་གཞོང་བསྣམས་ཤིང་སྦྲུལ་མཇུག་འཁྱིལ། །གདེངས་ཀ་ནོར་བུའི་འོད་ཀྱི་
རྒུད་མུན་སེལ། །གཡས་སུ་བདུད་ཕོ་བཀྲག་མེད་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་ཁྲམ་ཤིང་ལྕགས་མདའ་ཐོགས། །དར་ནག་གོ་ཟུ་གསོལ་ཞིང་རྟ་ནག་བཅིབས། །རླུང་ནག་འཚུབསམའི་ཀློང་ན་འཇིགས་རྔམ་རོལ། །དེ་དག་འཁོར་དུ་ལྷ་ཀླུ་གནོད་སྦྱིན་དང། །བཙན་བདུད་སྨན་སོགས་ཡུལ་སྐྱོང ཚོགས་ཀྱིས་བསྐོར། །དེ་དང་རྗེས་འབྲེལ་གནོད་སྦྱིན་ཀླུ་དབང་ཕྱོགས། །མཛོད་ལྔ་སྟག་རྩེ་ཐང་ལྷ་དམ་ཅན་དང། །བརྟན་མ་ལ་སོགས་གངས་དཀར་ཤེལ་ཟུར་ཕུད། །རྡོ་རྗེའི་བྲག་རི་མི་འགྱུར་རི་བོའི་སྤོ། །གཡང་ཞག་མཚོ་དང་ལྗོན་ཤིང་སྐྱེད་མོའི་ཚལ། །སྤང་ལྗོངས་ནེའུ་གསེང་ཀུན་ན་གནས་བཅས་པའི། །ལྷ་ཀླུ་སྡེ་བརྒྱད་ཡུལ་བདག་ཕོ་མོ་ནི། །བྲན་དང་བཀའ་ཉན་མངགས་གཞུག་བཅས་པ་ཀུན། །རྟེན་ཅིང་འབྲེལ་འབྱུང་ཆུ་ཟླའི་གཟུགས་བརྙན་བཞིན། །འགགས་མེད་སྒྱུ་མའི་
རོལ་པས་འདིར་གཤེགས་ལ། །འདོད་འབྱུང་ནོར་བུའི་གཞལ་མེད་ཁང་ཆེན་སོགས། །རང་རང་དགྱེས་པའི་གདན་ལ་དང་བས་བཞུགས། །དངོས་སུ་འབྱོར་པའི་བསང་དང་གསེར་སྐྱེམས་ནི། །ཡིད་སྤྲལ་ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྤྲིན། །དབང་པོའི་ལོངས་སྤྱོད་དགྱེས་དགུར་རོལ་པ་ཡི། །མཛེས་པའི་གཟུགས་དང་དབྱངས་སྙན་འབུམ་སྡེའི་སྒྲ། །ཞིམ་པའི་དྲི་བསུང་ལྷ་ཡི་རོ་བརྒྱའི་ཟས། །འཇམ་འཁྲིལ་རེག་བྱ་བདེ་ཆེན་ཆོས་ཀྱི་སྤྲིན། མ་ཚང་མེད་པའི་མཐུན་རྫས་རྒྱ་ཆེན་པོས། །བསང་ངོ་མཆོད་དོ་དགྱེས་པའི་ཕུལ་གྱུར་ཏེ། །ཐུགས་དང་འགལབའི་ཉམས་ཆག་སོར་ཆུད་ཅིང། །གྲིབ་དང་མི་གཙང་མནོལ་བ་ཐམས་ཅད་སངས། བཀྲ་ཤིས་སྲིད་དང་ཞི་བའི་དགེ་མཚན་གཡང། །སྣོད་བཅུད་ཀུན་ལ་ཡོངས་སུ་རྫོགས་པར་མཛོད། །སྲིད་པའི་ལྷ་རབས་ཆེན་པོ་ཁྱེད་རྣམས་ཀྱིས། །རྡོ་རྗེའི་སློབ་དཔོན་
པདྨ་འབྱུང་གནས་སོགས། །རིག་འཛིན་རྩལ་འཆང་བརྒྱུད་པར་བཅས་པ་ཡི། །སྤྱན་སྔར་ཞལ་བཞེས་གཡར་དམ་རྗེས་དགོངས་ལ། །སངས་རྒྱས་བསྟན་སྲུང་བསྟན་དགྲ་མཐའ་དམག་བཟློག །གློ་བུར་ལྷགས་པའི་འདྲེ་རྒོད་ཕ་མཐར་སྐྲོད། །འགྲོ་ཀུན་ཕན་དང་བདེ་བའི་གཞིར་གྱུར་པ། །རྒྱལ་བསྟན་དྲི་མེད་ཡུན་དུ་གནས་པ་དང། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་མངའ་ཐང་ཆོས་སྲིད་རྒྱས། །ཁྱད་པར་ཡུལ་འདིར་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་གདུགས་དཀར་གྲིབ་མར་ངལ་འཚོ་བའི། །ཕྱི་སྣོད་འཇིག་རྟེན་དགེ་བཅུའི་གཡང་ཞག་འཁྱིལ། །ནང་བཅུད་འགྲོ་ཀུན་ཡང་དག་ལྟ་ལ་དད། །རྡུལ་ཕྲན་མཚོན་དབལ་ཐོག་སེར་དྲག་ཆར་རླུང། །འབྱུང་བཞིའི་གཡོ་འཁྲུགས་འཇིགས་པ་ཀུན་ལས་སྐྱོབས། །ཆར་ཆུ་དུས་བབ་ལོ་ཏོག་རྩི་སྨན་
ལེགས། །གཞིས་སུ་འདུག་ན་ཚེ་དཔལ་འབྱོར་བ་སྤེལ། །བྱེས་སུ་འགྲོ་ན་མི་མཐུན་ཕྱོགས་ཀུན་སྲུངས། །གནས་དང་གཞི་ཡི་བདག་པོ་ཆེན་པོ་རྣམས། །རང་རང་རྟེན་ལ་རྟག་པར་བཞུགས་སུ་གསོལ། །ནག་ཕྱོགས་ཟིན་ནོན་དཀར་ཕྱོགས་དབུ་འཕང་བསྟོད། །དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་གུང་དགོན་ཡིད་དགའ་ཆོས་འཛིན་གླིང་གི་འདུས་སྡེའི་བྱང་འདྲེན་ཟུར་པ་དགེ་འདུན་ཕུན་ཚོགས་ནས་ལྷ་རེག་བཅས་བསྐུལ་ངོར་༸བྱ་བྲལ་བ་སངས་རྒྱས་རྡོ་རྗེས་ཡུལ་ལྷ་དགྱེས་པའི་མཚན་མ་ཅུང་ཟད་མཐོང་ནས་ཟོ་དོར་གཉེན་པོའི་ལྷ་ཞོལ་ཕུན་ཚོགས་རྔ་ཡབ་ཆོས་གླིང་གི་གཟིམ་སྤྱིལ་དུ་ས་བྱ་ཟླ་༢ པའི་ཚེས་༢༠ དགེ་བར་སྤེལ་བ་རྣམ་པ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒལཾ།།
བྷྱོཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་མ། །འདོད་ཁམས་དབང་མོ་རེ་མ་ཏི། །འདིར་གཤེགས་དགྱེས་བཞུགས་མཆོད་བསྟོད་བཤགས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་རིམས་གནོད་བགེགས་བར་ཆད་ཟློག །ཚེ་དཔལ་གྲགས་འབྱོར་རླུང་རྟ་བསྐྱེད། ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །མི་འབྲལ་སྡོང་གྲོགས་ཕྲིན་ལས་མཛོད། །ཅེས་པའང་བུ་སྐལ་བཟང་ཆོས་དབང་ངོར་བུདྡྷས་བྲིས།།
ཤོག་སྟོང་།
།ཧཱུྃ་འཇིགས་པའི་སྐུར་སྟོན་རཱ་ཧུ་ལ། །སྡེ་བརྒྱད་ཀུན་གྱི་གཙོ་བོ་ཁྱོད། །མཆོད་གཏོར་བཞེས་ལ་གསང་ཆེན་བསྟན། །གཡེལ་མེད་སྲུངས་ཤིག་ས་མ་ཡ། །ཞེས་པའང་སྒོམ་ཆེན་ངག་དབང་སངས་རྒྱས་ཀྱིས་བསྐུལ་ངོར་བྱ་བཏང་བུདྡྷས་སོ།།
ཤོག་སྟོང་།