དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་གིང་ཆེན་སྲོག་གི་སྤུ་གྲིའི་མཆོད་བསྟོད་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ།
༄༅། །དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་གིང་ཆེན་སྲོག་གི་སྤུ་གྲིའི་མཆོད་བསྟོད་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ་ཞེས་བྱ་བ་བཞུགས་སོ། །
༈ ཨ་ཐ། བཅོམ་ལྡན་འདས་ཧེ་རུ་ཀ་གུ་རུ་པདྨ་བཛྲ་ཀུ་མ་ར་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ཆེན་པོའི་བཀའ་སྡོད་གིང་ཆེན་འཁོར་བཅས་ཉེ་བར་བསྙེན་པ་མཆོད་བསྟོད་ཀྱི་རིམ་པས་འཕྲིན་ལས་མཐའ་དག་ཐོགས་མེད་འགྲུབ་པའི་མན་ངག་ཏུ། སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས་དཔའ་ཐོད་འཕྲེང་རྩལ་གྱི་གོ་འཕང་བརྙེས་ཟུང་འཇུག་གྲུབ་དབང་གནུབས་ནམ་མཁའི་སྙིང་པོའི་ཐུགས་ཀྱི་ཟློས་གར་དམུང་པོ་གཏེར་སྟོན་བྱང་ཆུབ་གླིང་པས་དཔལ་ཐང་སྲིན་མཚོའི་ལྷོ་ནུབ་བྲག་བྱ་ཁྱུང་མཆུ་ཅན་ནས་བཏོན་པའི་ཀུན་བཟང་ཐུགས་གཏེར་ལས་དྲག་སྔགས་སྒྲོན་མེའི་གིང་སྒྲུབ་ཀྱི་བསྟོད་བསྐུལ་མངོན་རྟོགས་སུ་གསུང་པའི་དགོངས་དོན་གཙོ་བྱས་ཏེ་བསྟན་པ་འདི་ལ། གནས་གཙང་མ་ཡིད་དུ་འོང་བར་མཆོད་བསྐང་བསྟན་རྫས་ཅི་འབྱོར་དང་ཁྱད་པར་ཕུད་རྒོད་དུ་དྷེ་རཾ་བ་ལིང་མང་ས་བསངས་བསུར་མཆོད་པའི་བྱེ་བྲག་ཇི་སྙེད་བཤམས་ལ། བསམ་སྦྱངས་རྒྱས་པའམ་བསྡུ་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་ལན་གསུམ་དང་། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ལན་གསུམ་གྱིས་བསང་སྦྱངས་བྱས་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅི་མང་བརྗོད་ནས་བྱིན་གྱིས་རླབས་ལ། རང་ཉིད་དཔལ་ཆེན་པོར་བསྐྱེད་པའི་མདུན་དུ་གིང་ཆེན་འཁོར་བཅས་གསལ་བའི་ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུར་གྱུར་པས་གཏོར་མཆོད་ཀྱི་བཅུད་དྲངས་ཤིང་གསོལ་བར་དམིགས་ལ། ཨོཾ་བཛྲ་སཱ་ཏུ་དྷུ་ས་མ་ཡཱ་ཡ་ཧཱུྃ་རཾ་བཾ་གིང་ཛཿ དུན་བྷྱོཿ ཨོཾ་ཛ་བྷཱུྃ་བཾ་ཧོ་ཏྲི་ཏྲེ་ན་ཏྲི་མེ་ནེ་ས་མཱ་ཡ་སཱ་དྷུ་ཏྲི་ཛ་ཛཿ ས་པཱ་རི་ཝ་ར་བ་ལིནྟ་ཨེ་དཾ་གྷྲིཧྣ་གྷྲིཧྣ་བྷུཉྫ་ཧོཿ ཨ་དྷི་པྲ་མི་ཏི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་རཀྟ་བ་ལིནྟ་པཱཉྩ་ཀ་མ་གུ་ཎ་པྲ་ཏིཙྪ་སྭཱ་ཧཱ། ཞེས་ལན་བདུན་མཐར། བཛྲ་ས་དྷུ་ས་མ་ཡ་རཀྵ་ཙིཏྟ་བཾ་ནན། ཞེས་བཏགས་ལ་ཕུལ་བས་དགྱེས་ཤིང་ཚིམ་ཏེ་འདོད་དོན་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ་བསྟོད་འཕྲིན་ལས་སྙན་དབྱངས་རོལ་མོ་བཅས་ཏེ་འདི་སྐད་དོ། །ཧཱུྃ་བྷྱོཿ བསྐལ་བཟང་ཞིང་འདིར་ཕྱོགས་དུས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པའི་དཔལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །ཧེ་རུ་ཀ་དེས་དུས་འདིར་བྱིན་གྱིས་རློབས། །ཧཱུྃ་ཛ་བྷྱོཿཡ། དཔལ་གྱི་བཀའ་འབངས་དྲེགས་པ་བསམ་གྱིས་མི་ཁྱབ་ལས། །དགྲ་ལྷའི་སྡེ་དཔོན་གཉན་པོ་སྐུ་ལྷ་གསང་བ་ཞེས། །འཛམ་གླིང་སྐྱེས་གཅིག་ལྷ་ཡི་དགེ་བསྙེན་དམ་ཚིག་གི །དཔལ་ལྡན་གསང་མཚན་བཛྲ་ས་དྷུ་ཐིག་ལེ་རྩལ། །ངེས་དོན་འོག་མིན་སྟུག་བཀོད་བཅོམ་ལྡན་རྣམ་སྣང་དྲུང་། །ཡེ་ཤེས་རྡོར་ལེགས་དག་པ་ཆོས་སྤྲིན་ས་ལ་བཞུགས། །གདུལ་བྱའི་དོན་དུ་མི་མཇེད་འཛམ་གླིང་ལངྐའི་ཡུལ། །ཁ་ཡ་ཨུ་ཛཱ་ལ་ན་བཅོམ་ལྡན་གསང་བདག་མདུན། །དམ་ཚིག་རྡོར་ལེགས་ཚུལ་བཟུང་རབ་ཏུ་དགའ་བ་ཡི། །ས་ལ་རབ་བཞུགས་དཔལ་ཆེན་མཆོག་གི་དགོངས་པ་བསྒྲུབ། །རྒྱ་གར་རྒྱ་ནག་ལི་བལ་བོད་ཀྱི་ཡུལ་སོགས་པར། །གཙུག་ལག་དབེན་ཁྲོད་སྦས་ཡུལ་ཟབ་གཏེར་གནས་རྣམས་སུ། །བཅོམ་ལྡན་འདས་མཆོག་སངས་རྒྱས་པདྨ་འབྱུང་གནས་ཀྱི། །བཀའ་འབངས་ལས་ཀྱི་ཚུལ་སྣང་ཤེལ་གིང་རྡོ་རྗེ་ལེགས། །སྤྲུལ་པ་རྣམ་འགྱུར་མཚན་གྲངས་དཔག་གིས་མི་ལང་ཞིང་། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱོང་ལ་རབ་ཏུ་བརྩོན། །ཁྱད་པར་གཙང་ཤངས་འུ་ཡུག་དབུ་རུ་ཞྭ་ལྷ་ཁང་། །ཀོང་ཡུལ་བར་ལི་སྦས་རྫོང་པད་བཀོད་དགའ་བ་ཚུལ། །ཀཿཐོག་གྲོ་ལོད་བཙན་རྒོད་རི་སོགས་བོད་ཁམས་ཀྱི། །ཡུལ་བདག་གཏེར་བསྲུང་རྨུ་བདུད་ཀླུ་ཚོགས་སྲས། །དམ་ཚིག་རབ་བརྩན་ནང་དུ་བཀྲ་ཤིས་སྙིང་ཉེ་འཇམས། །ཕྱི་རུ་མི་སྲུན་དཔའ་གཏུམ་རྣོ་མྱུར་དྲག་ཤུལ་ཅན། །སྲོག་གི་སྤུ་གྲི་གིང་ཆེན་གནོད་སྦྱིན་རྡོ་རྗེ་ལེགས། །ཁྱུང་གཤོག་འབར་བ་སྐུ་མདོག་ལྗང་འཚེར་སུག་གི་མདངས། །ཁྲོ་ཆགས་བཞད་ཞལ་མཆེ་བཞི་དྲག་གཙིགས་ཚེམས་དཀར་སྙོམས། །སྤྱན་གསུམ་སྡང་མིག་མེ་འོད་སྐར་འཁྲུག་སྨིན་མ་འཁྱུག །སྨ་རྩོལ་གསེར་མདོག་གློག་གཡོ་སྐུ་ལ་འཇའ་འོད་འཁྱིལ། །ཁམས་ནག་སྐྲ་གསེབ་དུད་ཕྱུར་དར་དམར་འགྱིངས་ཐོད་བཅིངས། །ཟབ་བེར་མཐིང་གི་གོང་ལག་ལེ་བརྒན་ཆ་ག་འབར། །མན་ཀྲའི་རལ་ཁ་གྱེན་རྫེས་སྤྱང་དཀར་སློག་པ་གསོལ། །གསེར་ཀ་ཕྲ་མེན་རྐེད་འཆིང་དར་སྣ་རྒྱ་ལྷམ་བསྣམས། །མེ་རླུང་དབུས་བཞུགས་མེ་རླུང་དཔག་མེད་འབུམ་དུ་འཕྲོ། །ཕྱག་གཡས་གཟི་ཡི་རྡོ་རྗེ་རྩེ་དགུས་དགྲ་བགེགས་ཀླད་པ་འགེམ། །ཐེག་དགུའི་བསྟན་པ་བསྲང་མཚོན་རང་རྟགས་མཚོན་ཆར་ངོམས། །སྙིང་ཐིག་སྙིང་ལ་འཆང་ནས་དམ་ཉམས་བློ་བུར་དུ། །གསོད་ཕྱིར་སྙིང་ཞག་ཁྲག་འཛག་གཡོན་གྱི་ཆང་པར་འཛིན། །ཆིབས་སུ་གདོང་ལྔ་གཡུ་རལ་འཕྲུལ་གྱི་གཤོག་པ་འབར། །རིན་ཆེན་རྒྱན་སྤྲས་སྤུ་གསེབ་ནོར་བུའི་ཆར་པ་འཕྲོ། །བྱ་ཁྲ་ཀླད་ལྡིང་ལྕགས་སྤྱང་བདུན་གྱི་ཕྱི་ནས་འབྲངས། །མདུན་གཡས་གཡོན་འཕར་ཁྱི་དོམ་དྲེལ་གཅན་གཟན་འཚུབ། །འཇིགས་པའི་ང་རོས་ལྷ་སྲིན་དྲེགས་པ་དབང་དུ་བསྡུད། །གཏུམ་པའི་གད་རྒྱངས་ཆེར་སྒྲོགས་ས་གསུམ་གཡོ་ཞིང་འདར། །རང་སྔགས་དྲག་པོའི་ཞིང་བཅུ་མ་ལུས་ཕྱེ་མར་འཇོམས། །དམོད་པའི་མཚོན་ཆས་དམ་ཉམས་སྙིང་ཁྲག་ཡུད་སྐེམ་བྱེད། །དེ་ཡིས་བཀའ་སྡོད་བློན་པོ་དུས་བཞིར་རྒྱུ་བ་ཡི། །མི་བཟོད་ཕོ་ཉ་དྲག་ཤུལ་ཆེར་ལྡན་གིང་ཆེན་བཞི། །གཤོག་རྒོད་འབར་བ་སྟག་ཐི་དབུར་གསོལ་སྟག་བེར་མནབས། །སྟག་མོ་གྲུས་མ་ལ་བཞོན་གཡས་གཡོན་ཕྱག་གཉིས་ཀྱི། །བཙན་ཞགས་མདའ་དར་འཕེན་ཞིང་བདུད་ཞགས་སྦྲུལ་ལྟར་འཁྱུག །ཐོ་རངས་རྒྱུ་ནས་དགྲ་སྲོག་དམར་པོ་ཡུད་ཀྱིས་ལེན་ཕྱིར་རྒྱུ། །གཙང་བུ་ལྷ་རྗེ་ཆིབས་སུ་རྔ་མོང་ག་པ་ཆིབས། །སྤྱང་དཀར་ཐུལ་པ་ཟ་འོག་སྔོ་ཁྲའི་གོང་ལག་གསོལ། །ཕྱག་གཡས་ཁྲམ་ཤིང་གཡོན་པས་སྦ་ལྕགས་ཀླད་ལ་སྐོར། །ནམ་ཉི་གུང་ཡོལ་ཕོ་སྲོག་མོ་སྲིད་རྐུ་ཕྱིར་རྒྱུག །གནམ་ཐེ་དཀར་པོ་སྐུ་ལ་དར་དཀར་རལ་ཁ་གསོལ། །འཇིག་རྟེན་ཁྱབ་འགྲོ་འཕྲུལ་ལྡན་བྱི་ལ་ག་པ་གཞོན། །རལ་གྲི་ལྕགས་ཀྱུ་ཐོགས་ནས་གྲི་གུག་དུས་རྒྱུ་ནས། །ཕོ་ལོག་གླང་ཐབས་བཏང་ནས་དམ་ཉམས་བློ་བུར་གསོད། །དབུ་བཙན་རྡོ་རྗེ་བསེ་ཏོ་བསྭེ་ཡི་མདའ་གཞུ་འགེངས། །ཤོ་རྡེལ་མཐོར་ཞིང་རབ་འཁྱུག་གློག་དམར་ལ་བཞོན་ཅིང་། །སྐར་མདའ་རོལ་ཁྲིད་རྣལ་འབྱོར་གསར་བུའི་དྲོད་ཚད་མྱུལ། །སྔགས་པས་བསྐུལ་ཚེ་རང་ལ་རང་ཉིད་ཚིག་བཞིན་དུ། །རི་ཀླུང་མེད་རྒྱུག་དགྲ་བོའི་སྲོག་རྩ་གཅོད་ལ་བརྩོན། །ལྷག་པར་དར་བབ་ལ་འཁུ་དམ་ཉམས་གསོད་ལ་རྔམ། །ཡང་གཅིག་གནོད་སྦྱིན་གིང་བདུད་རྡོ་རྗེ་ལེགས་པ་ཡི། །སྤྲུལ་པ་དུག་གསུམ་རང་མདངས་རྣམ་འགྱུར་མི་བསྲུན་པ། །དགྲ་སྲོག་གཅོད་པའི་བཤན་པ་གདུག་པའི་རྩལ་འཆང་བ། །མདུན་དང་གཡས་གཡོན་དག་ན་རྒྱུ་བ་ཕོ་ཉའི་ཚུལ། །མོན་པ་སྙིང་འཕྲོག་དུད་ཁ་ཞེ་སྡང་ལས་སྐྱེས་གྱུར། །རལ་བརྫེས་ཐོད་པའི་འཕྲེང་རྒྱན་མི་ལྤགས་གཡང་གཞི་གསོལ། །རུ་མཚོན་གཡང་ཆེན་གཡབ་མོས་ལྷ་སྲིན་དམག་དཔུང་བསྡུད། །དགྲ་ལ་གག་ལྡོག་འབྲུམ་བཏང་ཁ་ནས་ཚད་རིམ་འཁྲོ། །སྒྲོལ་མོན་རཀྟ་ཁ་འབར་དམར་ནག་ང་རྒྱལ་སྐྱེས། །རལ་བརྫེས་ཐོད་པས་དབུ་བརྒྱན་དར་ནག་འགྱིང་ཐོད་བཅིངས། །ཞིང་སྟག་དྲེགས་པས་གོས་གྱོན་རལ་གྲི་ལྕགས་ཀྱུ་ཡི། །དམ་ལ་འཁུ་རྣམས་འགུག་གཏུབ་བློ་བུར་དྲི་ཐབས་བཏང་། །མྱེས་མོན་འཐོམ་པ་ཤ་ཟན་སྔོ་ནག་གཏི་མུག་སྐྱེས། །བདུད་རལ་སྤྲིན་འཐིབ་དམར་ནག་ཐོད་བཅིངས་སྤྲེལ་ལྤགས་གསོལ། །དུར་ཁྲོད་ཆས་རྒྱན་ལྕགས་ཀྱི་དབྱུགས་ཐོ་གློག་ཞགས་ཐོགས། །མྱོས་འཐིབས་ནད་ཀྱི་དམ་ཉམས་དགྲ་བོ་གཟིར་བར་བྱེད། །གིང་ཆེན་གཏིང་གི་ཤུལ་གནོན་གནམ་སྨན་གང་དཀར་མ། །ཕྲག་དོག་ལས་གྲུབ་སྐུ་མདོག་རྣམ་འགྱུར་ཅིར་ཡང་སྟོན། །རེས་འགའ་ཁམས་ནག་རལ་པ་སྤྲིན་དམར་ནམ་མཁའ་བཀང་། །ལྗང་ནག་བེར་ཆེན་རལ་ཁ་གྱེན་ཕུར་གློག་འོད་འཚུབ། །རླུང་གི་དྲེག་མོ་མྱུར་མགྱོགས་ཤུགས་ལྡན་ཆིབས་སུ་ཆིབས། །སྦྲུལ་ཞགས་ནད་རྐྱལ་བསྣམས་ནས་དགྲ་ལ་མཛེ་ཤུ་བཏང་། །དེ་ལྟར་གིང་ཆེན་གཙོ་བོ་འབྲལ་མེད་ལྷན་སྐྱེས་དགུ། །མཐུ་རྩལ་རྨད་བྱུང་དམ་ལ་ཆེས་དུང་རྒྱལ་བསྟན་སྐྱོང་། །གཞན་ཡང་གིང་ཆེན་འབར་བའི་མཆེད་དཔུང་གྲོགས་གྱུར་ཅིང་། །བཅོམ་ལྡན་དཔལ་ཆེན་པདྨ་བཛྲ་ཧེ་རུ་ཀའི། །སྤྱན་སྔར་རྫོགས་ཆེན་དོན་སྙིང་ཡང་ཕུར་སྒྲུབ་པ་པོའི། །གྲོགས་སུ་ཁས་བླངས་གཡར་དམ་གཉེན་པོའི་བ་ག །མཐུ་རྩལ་རྨད་བྱུང་དགེ་བསྙེན་དྲེགས་པ་ཅན་ཉེར་གཅིག །ལྷ་ཀླུ་བདུད་བཙན་དབང་ཆེན་བཅུ་དྲུག་དམག་དཔོན་བཞི། །བསྭེ་ལྕགས་དུང་སྐྱེས་ལས་མཁན་ཏ་ཀི་ར་ཙ་ཆེ། །ཕོ་བདུད་ཉི་ཁྲི་ཆིག་སྟོང་འདྲེ་མདག་བྱེ་བ་དུང་། །མོ་རྒྱུད་འཛམ་གླིང་སྲིད་པའི་བརྟན་མ་མོ་བཅུ་གཉིས། །སྐྱོང་མ་བཅུ་གཉིས་གཡའ་རི་གངས་རི་མ་བཅུ་གཉིས། །སྲིད་པའི་མ་མོ་བདུན་དང་ཕུགས་བདག་ཆེན་པོ་དགུ། །སྨན་ཕྲན་འབུམ་བཅས་རྒྱལ་བསྟན་སྔགས་བསྲུང་དམ་ཅན་ཚོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་དབང་རྟགས་ཅོད་པན་ཅན། །དམ་ཚིག་སྲོག་ལྟར་འཆང་ནས་རླུང་ལྟར་ཐོགས་མེད་རྒྱུ། །དཔལ་གྱི་བཀའ་བཞིན་ཉམས་པ་བདུན་སྒྲོལ་སྐུ་དགྲ་འདུལ། །ཞིང་བཅུ་སྒྲོལ་ཞིང་དམ་ཚིག་ཉམས་པ་ཕྱེ་མར་བརླག །བྱེ་བྲག་གིང་ཆེན་བཀའ་ལས་མི་འདའ་དྲག་ཤུལ་འཁོར། །རྟ་དམག་སུམ་བརྒྱ་དྲུག་ཅུ་སྲོག་བདག་ཐེའུ་རང་སྟོང་། །ཟ་བྱེད་མཆེ་གཤོག་འཆང་བ་སྣ་ཚོགས་ཆོ་འཕྲུལ་ཅན། །ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་བསམ་གྱིས་མི་ཁྱབ་དུ་མས་བསྐོར། །ཀྱཻ། དེ་ལྟར་དྲེགས་པའི་གཙོ་བོ་ཤེལ་གིང་གནོད་སྦྱིན་ཆེ། །རྡོ་རྗེ་ལེགས་པ་ཁྱུང་གཤོག་འབར་བ་ཐིག་ལེ་རྩལ། །ཁྱོད་ནི་བསྟན་པ་བསྲུང་ཕྱིར་ལས་ཀྱི་ཚུལ་སྣང་ཡང་། །དཔལ་ཆེན་རྟ་མགྲིན་དབང་གི་བྱིན་གྱིས་བརླབས་བྱས་ཤིང་།གནམ་ལྕགས་འབར་བ་ཨ་སུ་ར་ཡི་བྲག་ཕུག་ཏུ། །བཅོམ་ལྡན་རྡོ་རྗེ་འཛིན་པའི་ཞལ་མཇལ་དབང་བསྐུར་ཐོབ། །རང་སྲོག་མདངས་གསོལ་ཕུལ་ནས་དམ་ནོད་གསང་བའི་མཚན། །དབང་རྟགས་ཐོབ་ཅིང་སངས་རྒྱས་བསྟན་བསྲུང་དམ་ཡང་བཅས། །དེ་འོག་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་དཔལ། །གསུང་གི་རྡོ་རྗེ་པདྨ་འབྱུང་གནས་ཐོད་འཕྲེང་རྩལ། །རིག་འཛིན་བྱེ་མ་མུ་ཏྲ་ཤཱི་ལ་མཉྫུ་ཡི། །དཔལ་ཆེན་ཡང་དག་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །དཀྱིལ་འཁོར་བཀའ་ཡི་བསྲུང་མར་མངའ་གསོལ་གིང་དུ་བཀོལ། །དེ་འོག་པད་འབྱུང་བོད་ཡུལ་གདུལ་བྱར་གཤེགས་པའི་དུས། །དམ་ཅན་མཐུ་ལྡན་མངའ་གསོལ་སྤུ་གྲི་དབང་ཡང་བསྐུར། །སྦས་ཡུལ་དབེན་གནས་ཟབ་གཏེར་བརྒྱ་རྩ་གཉེར་དུ་གཏད། །ཆོས་མཛད་སྐྱོངས་ཤིང་གུ་རུའི་རྒྱུད་འཛིན་བསྲུང་མར་བསྐོས། །ཁྱད་པར་སློབ་དཔོན་ཟངས་གླིང་གདུལ་བྱར་གཤེགས་པའི་སྐབས། །ནམ་སྙིང་མཚོ་རྒྱལ་ལྷ་སྲས་རྣམས་ལ་ཡང་ཕུར་གྱི། །དཀྱིལ་འཁོར་ཞལ་ཕྱེས་མཐུ་ལྡན་ཀུན་ཀྱང་ཕུར་བསྲུང་བཀོལ། །དེ་ཚེ་གིང་ཆེན་ཁྱོད་ཀྱང་དཔལ་ཆེན་བསྒྲུབ་པའི་གྲོགས། །རྫོགས་ཆེན་སྙིང་ཐིག་འཆང་བའི་སྐུ་ཚེ་བསྲིང་སྐྱོབས་བྱེད། །དཔལ་འབྱོར་མངའ་ཐང་ཆབ་སྲིད་ཕུན་ཚོགས་སྤེལ་བ་དང་། །དགྲ་འདུལ་བགེགས་གཞོམ་རྣམ་བཞིའི་འཕྲིན་ལས་མ་ལུས་པ། །བསྒྲུབ་པར་ཁས་བླངས་བྲོ་བོར་དམ་ཚིག་གཉན་པོ་བཞིན། །མ་གཡེལ་དྲན་མཛོད་གནོད་སྦྱིན་རྡོ་རྗེ་ལེགས་པ་སྐྱོངས། །གསང་བའི་མཚན་ནས་འབོད་དོ་ཤེལ་གྱི་ཐིག་ལེ་རྩལ། །ཚུར་བྱོན་འབོད་པའི་གནས་འདིར་མ་གཡེལ་ད་ཚུར་བྱོན། །རྣལ་འབྱོར་གཡར་དམ་ཅན་གྱི་གྲོགས་སུ་ད་ཚུར་བྱོན། །སྔོན་ཚེ་རྒྱལ་བའི་བཀའ་ལུང་ཇི་བཞིན་སྙིགས་དུས་འདིར། །དཔལ་ཆེན་རྒྱལ་བའི་གདུང་འཚོབ་རིག་འཛིན་རྩལ་འཆང་ཆེ། །གཏེར་སྟོན་བླ་རབས་སྤྱན་སྔར་ཞལ་བཞེས་དམ་བཅས་བཞིན། །གནད་ནས་བསྐུལ་ཞིང་འབོད་དོ་ཚུར་བྱོན་ད་ཚུར་བྱོན། །གདུང་ཞིང་གུས་པས་བསྟེན་ན་ལངྐའི་སྲིན་པོ་ཡང་། །ཕ་མ་ལས་ཀྱང་ལྷག་པར་བྱམས་པས་སྐྱོང་བྱེད་ན། །ཀྱཻ། ཁྱོད་ནི་དམ་ཚིག་འཛིན་པའི་སྐྱེས་མཆོག་དགྲ་ལྷ་མཆོག །བསྔགས་ན་དམ་ལྡན་སྒྲུབ་མཆོག་སྲོག་ལྟར་ཅིས་མི་སྐྱོང་། །གདུང་བས་འབོད་དོ་སྲིད་གསུམ་གནས་རྟེན་གར་བཞུགས་ཀྱང་། །མངོན་ཤེས་སྟོབས་དང་དམ་ཚིག་གཉེན་པོའི་དབང་གིས་ནི། །སྐད་ཅིག་མྱུར་མགྱོགས་ཡིད་ལྟར་རྫུ་འཕྲུལ་མཐུ་ཆེན་པོའི། །ད་ལྟ་ཉིད་དུ་གནས་འདིར་བྱོན་ཅིག་ས་མཱ་ཛཿ བསྟན་པ་བསྲུང་ཕྱིར་འབར་བའི་གདན་ལ་བཞུགས་སོ་གསོལ། །སྔགས་ཀྱི་དམ་ཚིག་ཅན་ལ་གུས་པས་ཐལ་མོ་སྦྱར། །སྐྱེས་མཆོག་ཁྱེད་ལ་མཐུན་རྫས་མཆོད་པའི་བྱེ་བྲག་ནི། །དངོས་སུ་འབྱོར་བཤམས་ཡིད་ལ་སྐྱེས་གྱུར་ཀུན་བཟང་སྤྲིན། །དཔག་གིས་མི་ལོང་མཁའ་ཁམས་ཡོངས་ཁེངས་འདོད་དགུའི་ཆར། །སྔགས་རྒྱས་བྱིན་རླབས་ཕྱི་ནང་གསང་མཆོད་བླ་མེད་སྤྲིན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོགས་འདོད་ཡོན་ཚོགས། །འབུལ་གྱིས་དགྱེས་བཞེས་རྒྱལ་བའི་བདེན་མཐུས་ཐོབ་གྱུར་ཅིག །རྟེན་རྫས་མན་དལ་རཀྟ་དྲི་བཟང་གིས་བྱུགས་པ། །སྐུ་གཟུགས་སྲོག་ཡིག་རྒོད་མདའ་སྙུག་རྒོད་སྟག་གཟིག་རས། །དར་དཀར་རིན་ཆེན་བླ་རྡོ་དྲིལ་བཟང་ཕུར་མ་ཅན། །འབྱུང་པོའི་བྱ་ཐོད་སྔགས་ཀྱི་འཕྲེང་བས་ཡོངས་སྤུད་དང་། །སྐུ་མཁར་རྟེན་རྡོ་རྩ་རའི་ཙིཏྟ་དབང་པོ་ལྔ། །ཟ་འོག་ར་ཡི་རྒྱལ་མཚན་ར་སྐྱེས་ཁམས་པ་སོགས། །སྤྱི་དང་བྱེ་བྲག་གསང་བའི་རྟེན་རྫས་དངོས་འབྱོར་དང་། །མོས་པས་བསམ་ནས་འབུལ་གྱིས་དགྱེས་བཞེས་འཕྲིན་ལས་མཛོད། །མཆོད་རྫས་ཨ་མྲྀ་ཏ་དང་རཀྟ་བ་ལིང་རྟ། །ཤིང་ཐོག་གུར་གུམ་དཀར་གསུམ་མངར་གསུམ་གསེར་སྐྱེམས་དང་། །ཤ་སྣ་ཁྲག་སྣ་གཙོས་པའི་རླངས་དང་བསྲེག་པའི་གསུར། །རྩི་ཤིང་གསུར་སོགས་ཅི་འབྱོར་འབུལ་གྱིས་དགྱེས་བཞེས་མཛོད། །རྟེན་གཏོར་གཏའ་གཏོར་རྒྱུན་གཏོར་འགྲོགས་གཏོར་ནར་མ་དང་། །ཕུད་སྐྱེམས་འབུལ་ལོ་དགྱེས་བཞེས་ཕྲིན་ལས་ཐོགས་མེད་མཛོད། །དེ་ལྟར་བསྒྲུབ་རྟེན་མཆོད་བསྐང་དམ་རྫས་དངོས་འབྱོར་དང་། །ཁྱད་པར་ཡིད་ཀྱི་མོས་པར་ཀུན་བཟང་མཆོད་སྤྲིན་གྱིས། །གིང་ཆེན་འཁོར་བཅས་ཐུགས་ཀྱི་དགྱེས་པ་ཡོངས་བསྐང་ནས། །བདག་སོགས་སྒྲུབ་པ་པོ་ལ་ཡལ་གཻ་སོར་སྩོལ་ཅིག །ཧཱུྃ་བྷྱོ། སྐྱེས་མཆོག་ཁྱེད་ནི་ཡིད་ལུས་ཐོགས་མེད་མངོན་ཤེས་ལྡན། །ལེགས་ཉེས་སྟངས་འཛིན་དམ་ཚིག་གཉན་བསྲུང་མེལ་ཚེ་བྱེད། །བདག་ཅག་འཁྲུལ་པའི་རྒྱར་ཆུད་བག་མེད་མི་ཤེས་རྨོངས། །ལེ་ལོ་སྙོམས་ལས་བྱིངས་འཐིབས་བག་ཆགས་འཐུག །ཁྱད་པར་སྙིགས་མའི་དུས་སྐྱེས་ཉོན་མོངས་ཤུགས་ཆེ་ཧྲག །དགེ་བའི་འདུན་པར་འཆར་དཀའ་ཆ་ཤས་ཙམ་འཆར་ཡང་། །དམ་པའི་ཚུལ་བཞིན་མ་གྱུར་ལས་ངན་འདམ་དུ་བྱིངས། །ཐེག་ཆེན་སྒོར་བཞུགས་སྡོམ་གསུམ་ནོས་ཀྱང་ནོངས་པས་གོས། །དམ་ཚིག་རྩ་བ་ཡན་ལག་ཉམས་ཆགས་གྱུར་པ་ཀུན། །རྩ་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་མཐོལ་ཞིང་བཤགས། །རྫོགས་རིམ་ལྟ་བ་བསྐྱེད་རིམ་སྒོམ་པ་ཀློང་མ་གྱུར། །སྤྱོད་པའི་རྩལ་དམན་རྗེ་ཁོལ་སྔགས་གྲངས་རྟགས་མ་ཐེམ། །གདེང་མེད་ཨར་གཏད་ཁྲོ་དབང་སྙད་ཆུང་ལས་སྦད་བསྐུལ། །རྟགས་མེད་ངང་ཐུང་ཐེ་ཚོམ་ཡིད་ཆད་ཤི་པ་སྔས། །མཆོད་བསྐང་བསྒྲུབ་བརྟེན་ཡོ་བྱད་རྫས་མ་ཚང་བ་དང་། །མཆོད་གཏོར་དུས་འདས་གཙང་སྦྲས་མ་ཐོན་འབག་བཙོག་གོས། །ཕྲིན་ལས་བསྒྲུབ་པའི་གཏང་རག་འབུལ་བར་མ་བྱས་ཤིང་། །བདག་བློ་ངན་པས་བག་མེད་ཉེས་པར་སོང་ལ་སོགས། །བསྲུང་མ་དམ་ཅན་ཐུགས་དང་འགལ་བ་ཅི་མཆིས་པ། །སྙིང་ནས་གནོང་ཞིང་འགྱོད་པ་ཆེན་པོས་མཐོལ་བཤགས་ན། །ཉེས་ལྟུང་སྒྲིབ་པའི་ཚོགས་ཀུན་བྱང་ཞིང་དག་གྱུར་ནས། །བདག་ཅག་རྣམས་ལ་འདི་ཕྱི་བར་དོར་དགེ་བ་ཡི། །དངོས་གྲུབ་ཚང་དབང་ཡིད་བཞིན་མཆོག་གི་གཡར་དམ་ཉིད། །ད་ལྟ་ཉིད་རྩོལ་རྣམ་བཞིའི་ལས་ཀུན་ཐོགས་མེད་མཛད། །ཡང་དག་དོན་ལ་སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། །ཆོས་ཉིད་རིག་པའི་ངང་གདང་ཡིན་པར་མ་ཤེས་ནས། །གཉིས་སྣང་རྟོགས་པ་ཨ་འཐས་དབང་གྱུར་གཉིས་མེད་དབྱིངས། །མངོན་དུ་མ་གྱུར་འཁྲུལ་པས་སྦགས་པ་མཐོལ་ལོ་བཤགས། །རྒྱལ་བ་རང་གི་བསྟན་པ་བསྲུང་ཕྱིར་དྲེགས་པ་ཅན། །ཚུལ་བསྟན་བསྟན་དགྲ་ཞིང་བཅུ་འདུལ་མཛད་པར། །མ་ཤེས་འཇིག་རྟེན་དྲེགས་པ་རང་རྒྱུད་པར་བཟུང་བ། །ཡེ་ཤེས་གིང་ཆེན་དགོངས་པའི་དབྱིངས་སུ་བཟོད་པར་གསོལ། །ཡང་དག་དོན་ལ་ལྷ་མེད་འདྲེ་མེད་ཆོས་ཐམས་ཅད། །གཞི་མེད་རྩ་བྲལ་རང་བཞིན་འོད་གསལ་མི་འགྱུར་བ། །བདེ་གཤེགས་སྙིང་པོ་ཀ་དག་ཡེ་ཤེས་ཆེན་པོ་ལ། །མ་རྟོགས་སྤྲོས་པའི་ཚིག་རྗེས་འབྲང་ཀུན་དག་གྱུར་ཅིག །གིང་ཆེན་དམ་ཅན་གཙོ་འཁོར་དཔུང་དང་བཅས་པ་ལ། །དེ་ལྟར་མཆོད་བསྟོད་བསྐང་བཤགས་གཉན་པོ་ཕུལ་བྱས་ནས། །སྒྱུ་མ་ཙམ་དུ་རྣལ་འབྱོར་བདག་ཅག་འདོད་པའི་དོན། །མཐུ་ལྡན་དམ་ཅན་ཁྱོད་ལ་འཕྲིན་ལས་བཅོལ་བ་ནི། །ཨོ་རྒྱན་པདྨ་བཛྲ་རྩལ་དང་གཉིས་མེད་པ། །གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་སྙིང་པོ་ཡི། །ཐུགས་ཀྱི་སྒྱུ་འཕྲུལ་སྙིགས་དུས་འགྲོ་ཀུན་སྒྲོལ་མཛད་མགོན། །དྲི་མེད་རྡོ་རྗེ་གཟི་བརྗིད་སྐྱེ་བའི་ཕྲེང་བཅས་ཤིང་། །དེ་ཡི་བསྟན་པ་འཛིན་སྐྱོངས་སྤེལ་བའི་ཆོས་ཀྱི་རྒྱུན། །ཆ་ཤས་བཅས་ཏེ་དམ་ལྡན་ཆོས་མཐུན་སྤྱོད་གྱུར་པ། །གང་དུ་གནས་ཀྱང་གིང་ཆེན་ཚོགས་ཀྱིས་བུ་ལྟར་སྐྱོངས། །ལུས་དང་གྲིབ་མ་བཞིན་འགྲོགས་རྣམ་བཞིའི་འཕྲིན་ལས་སྒྲུབ། །འཇིགས་པ་བརྒྱད་དང་བཅུ་དྲུག་གཤིས་ངན་གློ་བུར་བ། །ཡེ་འབྲོག་དུས་མིན་འཆི་བ་མ་ལུས་བཟློག་ཏུ་གསོལ། །ཚེ་བསོད་དཔལ་འབྱོར་མངའ་ཐང་ཆབ་སྲིད་གཟི་བརྗིད་དང་། །སྙན་གྲགས་ཟས་ནོར་རྐང་བཞི་མཐའ་དག་རྒྱས་པར་མཛོད། །མཁས་བཙུན་ཆེ་དགུ་མཚན་བཟང་བུད་མེད་དང་། །མི་མིན་མི་སོགས་བརྟན་གཡོའི་དཔལ་ཀུན་དབང་བསྡུས་ཤིག །མཆོག་ཏུ་འཁྲུལ་རྟོགས་ཞི་ཞིང་ཉམས་རྟོགས་ཡོན་ཏན་རྒྱས། །སྣང་གྲགས་རྟོག་ཚོགས་རང་རིག་བདེ་ཆེན་དབྱིངས་དབང་བསྡུས། །གང་ཞིག་ཞི་བའི་གདུལ་བྱར་མ་གྱུར་བསྒྲལ་ཞིང་བཅུ། །སྐུ་དགྲ་ལྔ་དང་སྔགས་ཀྱི་ཉམས་པ་བདུན་གྱུར་པ། །སངས་རྒྱས་བསྟན་པ་སྤྱི་ལ་འཚེ་བྱེད་དྲག་པོའི་ཚོགས། །མ་ལུས་རྨོངས་མེད་ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཁྱད་པར་གིང་ཆེན་ཁྱོད་ལ་གཉེར་གཏད་ས་ཆ་འདིར། །ཆོས་ཁྲིམས་བཅས་ལ་འགལ་བྱེད་གདུག་པའི་སེམས་འཆང་བ། །སློབ་བུ་དམ་འདས་བྲན་འཁོར་ཁེངས་ལོག་ཁས་བླང་དོར། །མཛའ་བོ་མནའ་ཟན་ཉེ་གནས་སྙིང་རིང་མཐུན་གཉིས་དབྱེན། །སྙིང་གཅེས་གྲོགས་བསླུ་ཕྲ་མས་དཀྲུག་སྦྱོར་ངན་རྗེས་ཕྱོགས། །འགྲོ་མགོན་བུད་འཇུག་ངོས་བཤགས་ལྐོག་ལབ་གསང་ཚིག་འཆར། །ཁ་དཀར་ཞེ་གནག་བསྟན་པའི་བླ་འཚོང་གཏམ་ངན་སྤེལ། །དམ་ཚིག་གཡོ་སྒྱུས་ངོས་ལྐོག་ཕྱག་རྫས་འཕྲི་གཞོགས་སྐུ། །མཐོས་གནོན་ཕྲག་དོག་ཟུར་ཟ་བསྐུར་འདེབས་མི་ཁ་སྒྲོགས། །བསྟན་དང་བླ་མའི་སྐུ་དགྲར་རིམ་གྲོ་བསྲུང་བཟློག་མཁན། །སྔ་དགྲ་ལག་བྱས་ཕྱི་དགྲ་ཡིད་བསམ་ད་ལྟའི་དགྲ། །དོ་རྡོ་ཡ་བཟུང་འགྲས་བཅོལ་བྱེད་པ་འདི་རྣམས་དང་། །དམག་ཇག་ཆོམ་རྐུན་མཚོན་དུག་སྦྱོར་ངན་འཆང་གྱུར་ཞིང་། །ཆགས་ཆེ་ཉམ་མ་གེགས་སྲི་ལྟས་ངན་རྦོད་གཏོང་སོགས། །མདོར་ན་ས་ཆ་འདི་རུ་ཆོས་ཁྲིམས་འགལ་བྱེད་ཅིང་། །དམ་ཅན་ལ་སྡང་ཐར་པའི་བགེགས་བྱེད་དམ་སྲི་རྣམས། །རི་རྩེ་མཚོ་གཏིང་སྲིད་གསུམ་གང་ན་གནས་གྱུར་ཀྱང་། །ཕོ་ཉའི་ཚོགས་ཀྱིས་རང་དབང་མེད་ཁུག་ལྷ་དང་ཕྲོལ། །གཟུགས་ཕོབ་བྱད་གཞུགས་མྱོར་ཆུག་རྡུལ་རློག་ཤ་ཁྲག་རུས། །ལྷག་མེད་གིང་ཆེན་དྲེགས་པའི་ཚོགས་ཀྱིས་རོལ་པར་གྱིས། །དམ་ལ་འཁུ་ཞིང་སྡང་ན་ཕ་མ་མཆེད་ཀྱང་རུང་། །སྒྲལ་བའི་ཞིང་གྱུར་དམ་ལས་འགལ་རྣམས་སྒྲོལ་ལ་ཤོག །བཅོལ་ཀྱང་མི་གསན་རིང་ཡང་རྒྱུག་པར་མི་མཛད་ན། །གྱིང་ཆེན་མཐུ་རྩལ་ཆེ་ཞེས་མིང་གིས་ཇི་ཕྱིར་ཕན། །རང་གི་ཞལ་བཞེས་དམ་ཀྱང་འགལ་བར་མི་འགྱུར་རམ། །ཐ་ཚིག་དུས་ལས་མ་གཡེལ་རིང་རྒྱུགས་ད་སྲོག་གཅོད། །ཆོས་ཀྱི་ཁྲིམས་འགལ་སློབ་བུ་དམ་ཉམས་སྲན་ཁེངས་ལོག །ལོ་ཟླར་མ་བཞག་དོ་ནུབ་ལས་ཀྱི་ཕོ་ཉའི་ཚོགས། །རྔམ་པས་བླ་ཁུག་སྲོག་གཅོད་དབུགས་བསྡུས་ཧུར་ཐིམ་གསོད། །བསད་རྟགས་དོན་སྙིང་བླངས་མ་ཡལ་བར་ཁྱེར་ལ་ཤོག །སྐྱེངས་དྲེད་འཛེམ་དང་ལོག་རྡུག་འབྱམས་གསུམ་མ་བྱེད་པར། །ཕྲིན་ལས་མ་གཡེལ་མཛོད་ཅིག་བཛྲ་ས་མ་ཡ། །ཧཱུྃ་བྷྱོ། དམ་ཅན་ཁྱེད་རྣམས་དཔལ་གྱི་ཕོ་ཉ་ཆེན་པོ་སྟེ། །དཔལ་ཆེན་ཁྲག་འཐུང་མཚན་ཙམ་འཛིན་ཀྱང་སྤྱི་བོ་རུ། །ཁུར་ནས་བཞེད་དོན་སྒྲུབ་པར་དཔལ་གྱི་སྤྱན་སྔ་རུ། །དམ་བཅའ་ཇི་བཞིན་ཐར་པ་བསྒྲུབ་པའི་གྲོགས་མ་གཡེལ། །བདག་ཅག་པདྨའི་རྒྱུད་འཛིན་ཡང་ཕུར་སྒྲུབ་པོ་སྟེ། །བསྒྲུབ་པའི་སྡེ་འདིར་འདུས་པའི་དམ་ལྡན་རྣལ་འབྱོར་ལ། །དཔལ་གྱི་བཀའ་སྡོད་དམ་ཅན་གྱི་བདུད་ཚོགས་རྣམས་ཀྱིས། །རྟག་ཏུ་མིའབྲལ་བུ་བཞིན་བརྩེ་སྐྱོངས་ཕྲིན་ལས་མཛོད། །མདོར་ན་བདག་ཅག་བྱང་ཆུབ་མཆོག་གྱུར་འོད་དཔག་མེད། །ཇི་བཞིན་གོ་འཕང་མཆོག་ལ་མ་འཁོད་བར་དུ་ནི། །དམ་ཅན་རྣམས་ཀྱིས་གྲོགས་མཛོད་ཐར་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་མ་ལུས་འབད་མེད་ཉིད་དུ་འགྲུབ་གྱུར་ཅིང་། །བར་ཆད་བྱེད་པའི་གཟུགས་ཅན་གཟིགས་མེད་ཚོགས་མ་འདུས། །ཞི་ཞིང་དབང་བསྡུད་བསྐྲད་གཟིར་མནན་བསད་དྲག་པོ་ཡིས། །ཚར་བཅད་ནམ་ཡང་ལྡང་བའི་གོ་སྐབས་མེད་པ་རུ། །མཐུ་ལྡན་དམ་ཅན་རྣམས་ཀྱི་ཕྲིན་ལས་ཤུགས་ཕྱུང་ཞིག །ཁྱད་པར་སྔགས་ཀྱི་དམ་ཚིག་མ་ཉམས་རྣམ་དག་པ། །ཡར་ཟླ་ཇི་བཞིན་འཕེལ་རྒྱས་འཕྲིན་ལས་དམ་པ་མཛོད། །དམ་རྫས་བ་ལིང་ཛ་གད་འདོད་ཡོན་འདི་བཞེས་ལ། །གལ་འགལ་བཅོལ་བའི་འཕྲིན་ལས་འདི་རྣམས་མ་གཡེལ་གྱིས། །དེ་ལྟར་སྒྲོལ་ཅིང་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་རྒྱན་དང་གྲོགས་སུ་ཁྱོད་ངོམས་ན། །ཁྲེལ་མེད་གཞུང་ངན་ལེ་ལོ་སྙོམས་ལས་མ་མཛད་པར། །བསྒྲུབ་པའི་སྡེ་འདིར་རྡོ་རྗེ་སློབ་དཔོན་དམ་ལྡན་གྱི། །འདུ་བ་རྒྱས་ཤིང་རྫོགས་ཆེན་དོན་སྒོམ་དཔལ་ཆེན་པོའི། །བསྒྲུབ་གྲྭ་རྒྱལ་བསྟན་ཇི་སྲིད་བར་དུ་གནས་གྱུར་ཅིག །སྔ་བདག་དམ་ཅན་སྤྲིན་བཞིན་འདུ་ནས་རྣམ་བཞིའི་ལས། །བཅོལ་བའི་འཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པར་མཛོད། །བདག་ཅག་སྐྱེ་སྲིད་མ་རྫོགས་བར་དུ་རྡོ་རྗེ་ཡི། །བསྲུང་མ་རྣམས་ཀྱི་ལེགས་པ་མཐའ་དག་སྩལ་གྱུར་ཅིང་། །ཁྱད་པར་དམ་ཚིག་ཉམས་མེད་ཆེད་སྐྱོངས་མི་གཡེལ་བར། །རྒྱལ་ཀུན་གསང་གསུམ་ཐིག་ལེ་རྩལ་རྫོགས་དབྱིངས་གྲོལ་མཛོད། །དེ་ལྟར་ཡེ་ཤེས་ལས་ཀྱི་གྱིང་ཆེན་པོ། །དམ་ཅན་རྒྱ་མཚོར་མཆོད་བསྟོད་བགྱིས་པའི་མཐུས། །དམ་ཅན་དགྱེས་ནས་རྣམ་བཞིའི་ལུས་ཀུན་འགྲུབ། །བཀྲ་ཤིས་ཕུན་ཚོགས་དཔལ་ཀུན་རྒྱས་གྱུར་ཅིག །དེ་ལྟར་རྟག་ཏུ་མཆོད་བསྟོད་ལ་བརྩོན་ན་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་ཅིང་ཇི་འདོད་པའི་རེ་བ་ཡིད་བཞིན་དུ་བསྐང་བར་བྱེད་དོ། །
ཅེས་གནོད་སྦྱིན་ཆེན་པོ་རྡོ་རྗེ་ལེགས་པ་ཡི་འཕྲིན་ལས་ལྷ་དབང་གཡུལ་ལས་རྒྱལ་བའི་སྙེམས་གླུ་ཞེས་བྱ་བ་འདི་ནི་བོད་ཡུལ་སྟོད་མངའ་རིས་བལ་བོད་ས་ཡི་མཚམས་མང་ཡུལ་རི་བོ་དཔལ་འབར་གྱི་མདུན་དུ་ས་བོན་ཙམ་ཞིག་བཀོད་པ་ལ་དམ་ཅན་རང་ཉིད་དགྱེས་པའི་ཚུལ་གྱིས་བསྐུལ་བར་མཛད་པར་བརྟེན་རང་ལོ་སུམཅུ་རྩ་གཉིས་ལོན་པ་ཆུ་སྟོད་ཟླ་བའི་ཚེས་བཅུར་གུང་ཐང་ནུབ་རི་ཀུན་གསལ་སྒང་པོ་ཆེར་ཚེ་ལྡན་གྱི་ཤླཽ་ཀ་བརྒྱད་ཅུ་རྩ་བཞི་པ་ཞིག་བཀོད་པ་ལས་སླར་དེ་ཡང་ཚིག་སྣ་ཅུང་ཟད་བསྲིངས་ནས་དབང་པོ་རྡོ་རྗེའི་ཤོ་ལོ་ཀ་བདུན་ཅུ་རྩ་བདུན་དུ་བྱས་པ་སྟེ་རྡོ་རྗེ་ཁྲག་འཐུང་གི་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེས་བརྗོད་པའི་ཡི་གེ་པ་བོད་ཆོས་རྒྱལ་མེས་དབོན་གྱི་གདུང་རྒྱུད་མང་ཡུལ་བདག་པོའི་རིགས་ལས་མངའ་བདག་སྟག་ཤམ་ཅན་གྱི་སྲས་རྒྱུད་དད་པའི་ནོར་ཅན་པ་བསོད་ནམས་ཆོས་འཕེལ་གྱིས་བགྱིས་པ་དགེའོ། །དགེའོ། །