Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཉིས་པ།

1 occurrence of འར་བ་
[Clear Hits]


  
  
 collapse section
  
  
  
  
  
  
  
  
  
  
  
collapse section
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ།
  
  
  
  
  
  


1 occurrence of འར་བ་
[Clear Hits]

 
previousགཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ།next

གཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ།

གཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ་རིག་འཛིན་པས་སྦྱར་བ་བཞུགས་སོ། །གཏོར་ཟོར་སོགས་ཟོར་སྣ་ཐམས་ཅད་ཐོགས་ལྟ་བའི་གདེངས་བསྐྱེད་རིམ་དྲག་ཏུ་གཟིར་དམིགས་པ་གནད་དུ་བསྣུན་ཅིང་བརྔམ་པའི་སྟབས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བྷྱོ༔ ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །ཉི་ཟླ་ལ་སོགས་གཟའ་ཆེན་བརྒྱད། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད། །སྣང་སྲིད་ལྷ་སྲིད་སྡེ་བརྒྱད་དང་། །ལོ་ཟླ་ཞག་དུས་གཟའ་སྐར་བདག །ཡུལ་རིའི་གཞི་བདག་གཉན་པོ་རྣམས། །ཀོ་ལོང་རུ་ང་མ་མཛད་པར། །ཟོར་ལམ་ཕྱེ་ལ་དམག་དཔུང་བསྐྱེད། །རུ་མཚོན་ཕྱོར་ལ་འཕྲིན་ལས་སྒྲུབས། །དགྲ་བགེགས་བྱད་མ་ལྷ་སྲུང་རྣམས། །མྱུར་དུ་ཟློག་ལ་རྡུལ་དུ་རློག །ཧཱུྃ། ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཆོས་སྐུ་ཀུན་ཁྱབ་རྡོ་རྗེའི་དབྱིངས། །སྟོང་ཆེན་ཐིག་ལེ་ཉག་ཅིག་ལ། །བཞེངས་བཞུད་མཚན་མ་མི་མངའ་ཡང་། །ཆོས་ཀུན་གནས་ལུགས་སྤྲོས་མེད་དབྱིངས། །མ་རྟོགས་འཁྲུལ་པའི་གཟུང་འཛིན་ལས། །རྟེན་འབྲེལ་སྒྱུ་མའི་སྣང་བརྙན་དུ། །རྣམ་པར་ཤར་བའི་དགྲ་བགེགས་བྱུར། །ལོག་པར་འདྲེན་པའི་བདུད་དཔུང་རྣམས། །ཐུགས་རྗེའི་སྟོབས་ཀྱིས་འདུལ་བའི་ཕྱིར། །ཆོས་དབྱིངས་དྲག་པོའི་གཞལ་ཡས་ནས། །དབང་དྲག་ཁྲོས་པ་ཁྲོ་བོའི་རྒྱལ། །ཆེ་བའི་ཆེ་མཆོག་འབར་བའི་སྐུ། །ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ གདུལ་དཀའ་འདུལ་མཛད་གར་དགུར་ལྡན། །ཁྲོ་བོ་ཁྲོ་མོ་སྐུ་ལ་རྫོགས། །སྐུ་ལ་རྫོགས་ཤིང་སྐུ་ལས་འཕྲོ། །ཁྲོ་ཚོགས་ཕོ་ཉས་སྟོང་གསུམ་འགེངས། །མ་ཚོགས་ཁྲོ་མོས་སྲིད་གསུམ་གཡོ། །སྤྲུལ་པ་ཡང་སྤྲུལ་ཕྱོགས་བཅུར་ཁྱབ། །བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག །དབང་དྲག་འཕྲིན་ལས་དུས་ལ་བབས། །བསྟན་དགྲ་བར་ཆད་རྡུལ་དུ་རློག །སྤྱི་གཙུག་སྟེང་གི་ནམ་མཁའ་ནས། །དྲིན་ཅན་མཚུངས་མེད་རྡོ་རྗེ་འཛིན། །དཔལ་ལྡན་རྩ་བའི་བླ་མ་ལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །དགུ་ལྡན་བརྒྱུད་པའི་བླ་མས་སྐོར། །མི་མངོན་དབྱིངས་ནས་སྐུ་བཞེངས་ཤིག །ཐུགས་དམ་བསྐུལ་ལོ་འགྲོ་དྲུག་སྒྲོལ། །ཞི་བདེ་བྱང་ཆུབ་ལམ་ལ་སྦྱོར། །དཔལ་མགོན་བདུན་ཅུ་ནག་པོ་སྟོང་། །མགོན་པོ་ཕོ་རྒྱུད་གཡས་ནས་བཞེངས། །དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས། །དགྲ་གདོན་ཕོ་རྒྱུད་རྡུལ་དུ་རློག །མ་མོ་མཁའ་འགྲོ་བྱེ་བ་འབུམ། །ལྷ་མོ་མོ་རྒྱུད་གཡོན་ནས་བཞེངས། །དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས། །དགྲ་གདོན་མོ་བརྒྱུད་རྡུལ་དུ་རློག །རྒྱུད་སྡེ་བཞི་དྲུག་དཔལ་ཆེན་དགུ། ཡི་དམ་རྒྱ་མཚོ་རྒྱབ་ནས་བཞེངས། །དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས། །ཞིང་བཅུའི་དགྲ་གདོན་རྡུལ་དུ་རློག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །མཆོད་བསྟོད་བསྟེན་པའི་སྲུང་མའི་ཚོགས། །ཕོ་ཉ་ཤ་ཟ་འབུམ་སྡེ་རྣམས། །མདུན་ནས་སྐྱོད་ཅིག་རུ་མཚོན་ཕྱོར། །སྒོས་དགྲ་ཐལ་བ་རྡུལ་བཞིན་རློག །ཧཱུྃ་བྷྱོ། མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས། །ད་དུས་བསྐལ་པའི་ཡང་མཐའ་འདིར། །སངས་རྒྱས་བསྟན་པ་ལྷག་ལ་ཉེ། །དགྲ་གདོན་བུ་ཡུག་རླུང་ལྟར་འཚུབ། །ནད་མཚོན་མུ་གེའི་བསྐལ་པ་དར། །མཆོག་གསུམ་བསྟན་པའི་དབུ་འཕང་དམའ། །ཆོས་མཛད་རྣལ་འབྱོར་སྐྱབས་མགོན་བྲལ། །ཀྱེ་མ་བསྟན་པའི་གཞུག་གཉེར་འདིར། །དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས། །ཐུགས་རྗེ་མ་གཡེལ་ཐུགས་བསྐྱེད་དགོངས། །བརྟེན་ཅིང་བསྒྲུབ་པའི་རྩ་བ་གསུམ། །མོས་འདུན་གཏད་པ་སུན་མ་ཕྱུང་། །བསྙེན་སྒྲུབ་བརྩམས་པ་ཡིད་མ་གཅོད། །མཆོད་གཏོར་ཕུལ་བའི་ཆོས་སྐྱོང་རྣམས། །གསོལ་མཆོད་བྱས་པ་ཆུད་མ་གསོན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ལྟར། །དམ་ཚིག་དྲན་པས་འཕྲིན་ལས་མཛོད། །མངོན་སྤྱོད་དྲག་པོའི་དུས་ལ་བབས། །ཉམས་པའི་དགྲ་བགེགས་བྱད་མ་འདིས། །བླ་མའི་སྐུ་དང་བསྟན་ལ་བསྡོས། །སྡིག་ལྟུང་མི་དགེ་མཚམས་མེད་སྤྱད། །ད་ལྟ་བདག་གི་དགྲ་རུ་ལངས། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར། །རྩ་གསུམ་སྲུང་མར་མཐུ་མེད་ཟེར། །དེ་ཕྱིར་བསྒྲལ་བའི་ཞིང་བཅུ་འདི། །མཐུ་སྟོབས་དྲག་པོས་མ་བསྒྲལ་ན། །རྗེས་འཇུག་རྣལ་འབྱོར་སུ་ལ་རེ། །སངས་རྒྱས་བསྟན་པ་མི་འཇིག་གམ། །དེ་ཕྱིར་ཐུགས་རྗེའི་ཤུགས་ཕྱུངས་ཤིག །དེ་ཕྱིར་ནུས་པའི་སྟོབས་སྐྱེད་ཅིག །༈ ཧཱུྃ་བྷྱོ། ད་ནི་ཟོར་འཕེན་དགྲ་འཕེན། །ད་ནི་ཟོར་འཕེན་བགེགས་ལ་འཕེན། །ང་ནི་ཁྲག་འཐུང་ཁྲོ་བོའི་རྒྱལ། །ང་ནི་ཁྲག་འཐུང་ཁྲོ་མོའི་གཙོ་མོ་བརྒྱུད་ལ་ཞལ་བསྒྱུར། འཁོར་འདས་སྐྱེ་འགྲོ་ང་ཡི་དབང་། །ཐམས་ཅད་མ་ལུས་ང་ཡི་བྲན། །ཟ་གསོད་བརྔམ་པའི་ཕོ་ཉ་ནི། །སྤྲུལ་པ་འབུམ་འབུམ་གྲངས་མེད་འཕྲོ། །དམག་ཚོགས་ལས་ལ་ཉེར་རེ་རེ། །དགྲ་བགེགས་ཆམ་ལ་ད་ཕོབ་ཅིག །སྡེ་བརྒྱད་ལས་ལ་ཤ་ར་ར། །དོན་སྙིང་དམར་པོ་ཁྱེར་ལ་ཤོག །རྣོ་ངར་མཚོན་ཆ་ཟངས་སེ་ཟང་། །མཚོན་གྱི་གྲུ་གུ་དགྲ་ལ་གཡོས། །ནད་ཀྱི་ན་བུན་ཐུ་ལུ་ལུ། །བཞི་བརྒྱ་རྩ་བཞིས་དགྲ་སྲོག་ཆོད། །མཚོན་གྱི་ཆར་པ་སི་ལི་ལི། །དམ་ཉམས་དགྲ་བགེགས་སྟེང་དུ་ཕོབ། །ཀི་སྒྲ་མང་པོ་དི་རི་རི། །གོ་ཐོབ་མགྱོགས་པའི་རྟ་ལ་ཞོན། །བསོ་སྒྲ་མང་པོ་ཀྱུ་རུ་རུ། །མྱུར་མགྱོགས་བང་རྩལ་ལྡན་པས་རྒྱུག །རྒྱོབ་སོད་སྒྲ་སྐད་ལྷངས་སེ་ལྷང་། །ད་སོད་ད་གཏུབས་རྡུལ་དུ་རློགས། །མེ་རླུང་འཚུབ་མ་འུ་རུ་རུ། །སྲེགས་ཤིག་ཐལ་བ་རླུང་གིས་གཏོར། །མགྱོགས་པའི་རྟ་རྒྱུག་སྤྲེངས་སེ་སྤྲེང་། །སྟོང་གསུམ་བང་གིས་སྐོར་ལ་སྒྲོལ། །ཤྭ་ཐོགས་རྩིས་མཁན་ཐ་ར་ར། །རྩིས་ལ་མ་ནོར་དགྲ་བགེགས་ཐོབ། །ཁྲམ་ཐོགས་བདུད་པོ་ཡེ་རེ་རེ། །མ་འགྱངས་ཁྲམ་ལ་དགྲ་བགེགས་ཐོབ། །སྲོག་གཅོད་བཤན་པ་སྤུངས་སེ་སྤུང་། །སྙིང་རྗེ་མེད་པར་མྱུར་དུ་སྒྲོལ། །ཤ་ཟ་ཁྲག་འཐུང་འཇིབས་སེ་འཇིབ། །རྡུལ་ཙམ་མ་ལུས་ད་ཟོ་ཅིག །ཚ་བའི་མེ་ཟོར་ཐོ་རོ་རོ། །མཐུ་སྟོབས་མེ་ཐུན་འབར་བས་སྲེགས། །གྲང་བའི་ཆུ་ཟོར་ཆི་ལི་ལི། །ཐར་མེད་རྒྱ་མཚོའི་ཀློང་དུ་བསྟིམ། །གཡབ་པའི་རླུང་ཟོར་ཚུབས་སེ་ཚུབ། །སྤུ་གྲི་རླུང་གི་འཁོར་ལོར་བསྐྱོན། །ཀོང་གི་ས་ཟོར་ཐིབས་སེ་ཐིབ། །རི་རབ་གླིང་དགུའི་འོག་ཏུ་གནོན། །སྔགས་ཀྱི་གཏོར་ཟོར་ཆེམས་སེ་ཆེམ། །ནད་གདོན་ཐན་ངན་ཆར་པ་ཕོབ། །འཕེན་པའི་རྡོ་ཟོར་ཧྲི་ལི་ལི། །རྫ་ལྟར་ཉིལ་ལ་དགྲ་བགེགས་རློག །བསད་པའི་མཚོན་ཟོར་ཟངས་སེ་ཟང་། །སྣ་ཚོགས་མཚོན་ཆར་དགྲ་ལ་ཕོབ། །དྲག་པོའི་ཡུངས་ཟོར་ཐོ་རོ་རོ། །སེར་ཆེན་ལྟར་འདྲིལ་དགྲ་བགེགས་སྒྲོལ། །ནམ་མཁའི་སྒོང་ཟོར་ཡ་ལ་ལ། །སྐྱེ་མེད་དབྱིངས་ལ་རྣམ་ཤེས་སྦྱོར། །རྣོ་བའི་མདའ་ཟོར་ཀྱུ་རུ་རུ། །བུ་ཡུག་ལྟར་འཚུབ་དགྲ་བགེགས་སྒྲོལ། །ཁྲག་ཟོར་ནད་དུ་ཆི་ལི་ལི། །དམར་ཡམས་ནད་ཀྱིས་ད་སོད་ཅིག །འཚེ་ཟོར་མདུང་ལྟར་ཟངས་སེ་ཟང་། །དགྲ་བགེགས་དོན་སྙིང་ཚལ་པར་ཁོས། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །སྟེང་གི་ཁྱོ་ལ་ཟོར་འདི་ཡ། །མོ་རྒྱུད་མངལ་ནས་སྐོམས་ལ་ཤོག །འོག་གི་ཆུང་མར་ཟོར་འདི་ཡ། །འཕེན་པོ་དྲུང་ནས་ཕྱུངས་ལ་ཤོག །ཕ་ཚན་སྡེ་ལ་ཟོར་འདི་ཡ། །རྨངས་པོ་རྩད་ནས་ཆོད་ལ་ཤོག །མཆན་གྱི་བུ་ལ་ཟོར་འདི་ཡ། །འདུ་བ་རྣམ་བཞི་ཁོང་ནས་སློངས། །སྲོག་གི་རྩ་ལ་ཟོར་འདི་ཡ། །ཕུང་ཐབས་སྣ་དགུས་རྗེས་མེད་ཐོང་། །སྒོ་ཡི་ནོར་ལ་ཟོར་འདི་ཡ། །ནད་གདོན་བར་ཆད་དམག་སྒར་ཐོབ། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོང་། །ཁ་ཕུང་རྗེས་མེད་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ཟོར་སྣ་ཐམས་ཅད་དགྲ་ཕྱོགས་ལ་གཏད། བཞེས་འདྲེན་སྟངས་སྟབས་བསྒྱུར། །མངྒ་ལཾ།། །།


previousགཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ།next