Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས།
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousབཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས།next

བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས།


CMR012_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས་བཞུགས་སོ།།


CMR012_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ཁྲོ་ཆུའི་གཏོར་ཟློག་སྤུ་གྲི་རེག་གཅོད་ཞེས་ཀྱང་བྱ། ཟོར་ཟློག་ཅེས་ཀྱང་བྱ། ཟློག་པ་ཡོད་ཆོག་རྒྱལ་པོ་ཞེས་ཀྱང་བྱ་བ་འདི་ཡི་ཕྱག་ལེན་ཞལ་ཤེས་ནི། ལྕགས་འགུ་འབྲས་ཕུབ་བམ་ཐང་ལུད་ལྟ་བུས་བཀང་ལ་འཇིམ་ཞལ་བྱ། དེའི་སྟེང་དུ་རབ་བརྩེགས་པའམ་བྲིས་ཀྱང་རུང་སྟེ། ཆོས་འབྱུང་ནག་པོ་ཟུར་དྲུག་བསྣོལ་བའི་དབུས་དང་། ཟུར་དྲུག་ཏུ་བྲུབ་ཁུང་བདུན་བྲུས་པ་དམར་པོ་བྱ་བའི་ནང་དུ་གལ་ཆེ་ན། ཤོག་ལིང་མིང་དང་བཅས་པའམ་བསྡུ་ན་ཟན་ལིང་རེ་བཞག །དབུས་མའི་སྟེང་དུ་གཙོ་བོའི་གཏོར་མ་སྟོད་སྨད་ཁྲམ་རིས་གསུམ་ནག་པོ། ཟུར་དྲུག་ལ་ལས་གཤིན་དྲུག་གི་གཏོར་མ་མདོག་ལྷ་སོ་སོའི་ཁ་དོག་ལ་ཁྲམ་རིས་གཉིས་བརྩེགས་ཅན་བཞག གཙོ་བོ་ལ་


CMR012_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་ཉེར་གཅིག་འཁོར་དྲུག་ལ་བདུན་རེ། གཙོ་བོ་ལ་ལིངྒ་དང་སྙིང་གཟུགས་གསུམ་གསུམ་བཙུགས། འཁོར་ལ་རེ་རེ་བྱས་པས་དགུ། གཙོ་བོ་ལ་ཤ་རྒྱན་དང་རྩེར་མར་རྒྱན་མེ་རི་ལེགས་པོ་བྱས་ཏེ་ཟུར་ཞལ་ལོ། །གཞན་གོང་གཏོར་རང་གི་ལྷ་གཞུང་ལྟར་དང་། ཚོགས་གཏོར་ཟློག་པའི་བཅས་གཏོར་ཆུང་ཟུར་གསུམ་ཁྲག་གིས་སྦྲག་པ་དགུའམ་བརྒྱད། ལིང་ཆུང་ཁྲག་གིས་སྦྲག་པ་བདུན། ཕུར་པ། ཡུངས་དཀར། ཁྲག །རྡོ་ཐུན། དུག་ཐུན་ཐང་ཕྲོམ་ར་དུག་རེ་ལྕག །མཚེ་མདའ། རལ་གྲི། ཐོ་བ། གཏོར་སྐྱོགས་སོགས་བསགས། རང་གི་ལྷ་གཞུང་བསྲང་། ༈ དེ་ནས་གཏོར་ཟློག་འདོན་ལུགས་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི། ལས་བྱང་རྒྱས་པ་སི་ཏུའི་བསྒྲིགས་ལྟར་ལས། གུར་ཁང་དང་སྲུང་འཁོར་གྱི་བུ་


CMR012_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གཉིས་སབ་བདག་མདུན་དུས་གཅིག་ལ་བྷེ་སྟེ། མདུན་བསྐྱེད་ལ་སྲུང་འཁོར་བྷེ་མི་དགོས། ཡང་བདག་བསྐྱེད་གུ་དྲག་ལྟ་བུ་ལྷ་གཞན་ལ་བྱེད་ན། མདུན་བསྐྱེད་ཁྲོ་ཆུ་ཆོས་སྐྱོང་ལྟར་བྷེ་ཀྱང་རུང་སྟེ། སྲུང་འཁོར་ཁ་སབ་མི་དགོས་པར་ཐུགས་ཀར་གནམ་ལྕགས་ཀྱི་སྡིག་པ་དང་དགྲ་བགེགས་བསྐྱེད་ལུགས་གཞུང་གི་དེ་བྱེད་ཀྱང་ཆོག ༈ ཡང་ཁྲོ་ཆུ་གནམ་ལྕགས་གོ་མཚོན་ལྟར་བདག་བསྐྱེད་བྱས་ནས། མདུན་བསྐྱེད་ལས་བྱང་རྒྱས་པ་ལྟར་བྱེད་དེ། མཆོད་པ་བྱིན་རླབས་མན་ཆད་འདོན་ནོ། །ཤིན་ཏུ་བསྡུ་ན་ལས་བྱང་ཉུང་བ་ཁོ་ནས་བདག་མདུན་གཉིས་དུས་གཅིག་ལ་བསྐྱེད་ཀྱང་འཐུས་སོ། །རྒྱས་པར་བྱེད་ན་སྤྱན་འདྲེན་མཆོད་བསྟོད་གཞུང་ལྟར་ལས། བསྟོད་པ་རྒྱས་པ་གཉིས་ཁ་སབ། དེ་ནས་དམར་ཆེན་ཁྲག་གི་ཡོན་ཆབ་དམ་པ་འདི། །ཞེས་སོགས་མཆོད་པ་རྒྱས་པ་དེ་གསོལ་ཁའི་རྣམ་པར་བྱེད། དེ་ནས་མངའ་གསོལ་བྱེད། དེ་ནས་ཚོགས་དང་བསྐང་བ་གཉིས་གཞུང་ལྟར་བྱ། བསྒྲལ་ཆོག་ཚོགས་དུམ་རེ་དང་ལིངྒ་རེ་སྦྲགས་ལ་བཞག །མདུན་དུ་བྲུབ་ཁུང་ས་ལ་བཅས་པའམ། “མེད་ན་ལྕགས་སྡེར་རམ་ཐོད་པའམ་ཟངས་སྣོད་དུ་ལིང་ཆུང་བཞག་ལ། བྲུབ་ཁུང་བསྐྱེད་ཆོག་དང་འགུགས་གཞུག་བྱེད། འགུགས་ལས་རྒྱས་པར་ནི། བྷྱོ་ཁྲོ་ཆུ་དུག་གདོང་དུས་ལ་བབ། །གཤེད་ཆེན་སྡེ་བཞི་སོགས་ནས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སོགས་དང་། ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞེས་སོགས་བྱ་སྟེ་


CMR012_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་གཙོ་བོ་ལ་སྦྱར། བྷྱོ། འཆི་བདག་ནག་པོ་སོགས། ལས་གཤིན་དྲུག་སོ་སོར་ཁ་ཕྲལ་ནས་འགུགས་ལས་བྱ། བླ་འགུགས་སྔགས་སྦྱར། རྒྱས་པར་ན་འདི་ལ་གཏོར་ཆུང་གཅིག་བྲན་ནས་ཕུལ་ན་ལེགས། མེད་ཀྱང་ཆོག་གོ །འགུགས་ལས་བསྡུ་ན་ཧཱུཾ་ཆོས་སྐུ་ཞི་བ་སོགས་ཉུང་བ་དེ་ཁོ་ནས་ཆོག །ཐབས་ཀྱི་ཆོ་འཕྲུལ་འཇམ་དཔལ་གཤིན་རྗེའི་གཤེད། །ཟེར་བ་དེ་ལ་གཙོ་འཁོར་སོ་སོའི་མིང་བསྒྱུར། དེ་ནས་ཕུར་པ་སོགས་ཐུན་སོ་སོའི་ཚིགས་བཅད་སྔགས་དང་བཅས་པས་བརྒྱབ། རལ་གྲིས་གཏུབ། ཡོད་ན་ཐོ་བས་བརྡུང་། མེད་ན་རྡོ་རྗེས་བརྡུང་། ་་་ཡོད་ན་རབ་མེད་ན་ཐོད་ཏིང་ཟང་ཏིང་ནང་དུ་བཏེགས་ལ། གཞུང་གི་བསྟབས་པ་བྱས་ཏེ། འཆི་བདག་ནག་པོའི་ཞལ་དུ་བསྟབ། །ཟེར་བ་དེ་ལ་ལྷ་སོ་སོའི་མཚན་བསྒྱུར། རྩ་སྔགས་མཾ་ས་ཁཱ་ཧི། སོགས་སྦྱར་ནས་བཟློག་པའི་ནང་དུ་འབུལ། །བདུད་རྩིས་བྲན་ལ་གཏོར་ཆུང་བཤམས། གཙོ་བོའི་ཟློག་པ་མགོ་ནས་འདོན། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཟོར་ཁ་རླུང་ཁ་བསང་བའི་ལས་མཛོད་ཅིག །ཅེས་མདོས་ནང་དུ་གཏོར་ཆུང་ཕུལ། བདུད་རྩིས་བྲན། །གཙོ་བོའི་སྐུ་མདོག་ཕྱག་མཚན་གྱི་ཟློག་པ་དེ་འདོན། སྔོན་ཚེ་ཟློག་པ་གང་ནས་བྱུང་། །ཞེས་སོགས་ཟློག་བྱུང་དང་། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཅེས་སོགས་ཆེ་བ་བསྐྱེད་པའི་ཚིགས་


CMR012_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དང་། ཡས་ཀྱི་བདུད་དུ་གཡོས་པ་སོགས། །བཟློག་རབ་ཚང་བར་འདོན་ཚར་ནས། །རོལ་ཆེན་དང་བཅས་པས་ཟློག་སྔགས་ཚར་གསུམ་ཙམ་འདོན། དེས་གཙོ་བོའི་ཟློག་པ་ཚར་རོ།། ༈ དེ་ནས་ཡང་ཟན་ལིང་བཤམས་ལ་བདུད་རྩི་བྱིན་བརླབས་མ་བྱས་པའི་ཕུད་རྒོད་དམ་རཀྟས་བྲན་ལ། འགུགས་གཞུག་བྱ། བྷྱོ༔ འཆི་བདག་ནག་པོའི་དུས་ལ་བབ། །དམ་རྫས་གཏོར་མ་ལྕགས་ཀྱུ་ཅན་སོགས། བླ་འགུགས་སྔགས་ཕུར་ཐུན་སོགས། འཆི་བདག་ནག་པོའི་ཞལ་དུ་སོགས་བསྟབ་པ། རྩ་སྔགས་ཁཱ་ཧི་ལིངྒ་འབུལ། བདུད་རྩིས་བྲན་གཏོར་ཆུང་བཤམས། ཧཱུྃ། སྐུ་ཡི་སྤྲུལ་པ་སོགས་ཟློག་པའི་སྤྱན་འདྲེན། གཏོར་ཆུང་འབུལ། བདུད་རྩིས་བྲན། སྔོན་ཚེ་ཟློག་པ་གང་ནས་བྱུང་། ཞེས་སོགས། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཟློག་སྔགས་དང་རོལ་མོ་བྱ། དེ་དང་ཁྱད་པར་མེད་པར། གསུང་གི་སྤྲུལ་པ་ལ་ཚར་གཅིག །ཐུགས་ཀྱི་སྤྲུལ་པ། ཡོན་ཏན་སྤྲུལ་པ། ཕྲིན་ལས་སྤྲུལ་པ་ཡ་མ་རཱི་ཙ་རྣམས་ལ་ཡང་། དེ་བཞིན་དུ་གོ་རིམ་མ་ནོར་བར་བྱ། དེ་ནས་རྩང་གྱེར། བསྐུལ་པ་གཅིག་གིས་གཏོར་ཆུང་གཅིག་འབུལ། ཆད་མདོ་ལྷག་མ་རྣམས་བྱ། ཞག་དུ་བཅའ་ཡང་ཉིན་རེ་དེ་ལྟ་བུ་རེ་ཚང་བར་བྱ། ཐུན་བཞིའམ་གསུམ་ལ་བསྐུལ་ཐུང་གང་རུང་རེས་གཏོར་ཆུང་རེ་མདོས་ནང་དུ་འབུལ། དེ་ནི་རྒྱས་པའོ།། ༈ འབྲིང་ནི་གཞན་གོང་དང་འདྲ་བ་ལ། གཙོ་བོའི་བསྒྲལ་ལས་


CMR012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚར་གཅིག་གོང་ལྟར་བྱེད། སྐུ་གསུང་ཐུགས་ཕྱོགས་གཅིག་ཏུ་བསྡུ། ཡོན་ཏན་ཕྲིན་ལས་ཡ་མ་རཱ་ཙ་གསུམ་ཕྱོགས་གཅིག་ཏུ་བྱས་པས། བསྒྲལ་ལས་སོགས་གསུམ་གྱིས་ཆོག །༈ བསྡུས་པ་བྱེད་ན། བསྒྲལ་ལས་ལིངྒ་ཆེ་བ་གཅིག་ལ་བྱས་ལ་གཏུབ་ལ་བསྟབ་པ་བྱ། ཟློག་པ་གཞུང་ན་བྲིས་ནི་སྣང་ལྟར་ཚར་གཅིག་འདོན་ཏེ། ལྷ་སོ་སོའི་མཚམས་སུ་གཏོར་ཆུང་རེ་འབུལ། ཟློག་པ་ཚར་ནས་རྩང་གྱེར་འདོན། བསྐུལ་པ་གང་རུང་གཅིག་གིས་གཏོར་ཆུང་འབུལ། ཆད་མདོ་སོགས་རང་གི་ལྷ་གཞུང་ལྟར་བྱས་པས་ཆོག །༈ ཚོགས་དང་བསྐང་བ་ཟློག་པ་རྣམས་གབ་སྤྲད་པ་འདི། རྙིང་མ་ལུགས་ཀྱི་ཕྱག་ལེན་རྣམ་པར་དག་པ་ཡིན་པས་ཚོགས་ཡོད་ན་རབ། ཚོགས་དང་གསོལ་ཁ་མངའ་གསོལ་རྣམས་མ་འཕྲོད་ཀྱང་། མེད་ཐབས་མེད་པ་མ་ཡིན་པས། ཟློག་པ་གཞུང་ལྟར་བསྒྲལ་ལས་སོགས་རུང་ངོ་། །དེ་ནས་ཞག་གྲངས་ཐེམས་ནས་ཟློག་པ་གདན་ནག་པོར་དཔག་ལ། གཏོར་ཆུང་བཅུ་བཞི་བཤམས་ནས་ཐ་མ་བསྐོར། ཨེ། གྲུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །སོགས་འགྲེས་བཤང་ལ་གཏོར་རྫོངས་འབུལ། མཁའ་འགྲོ་རྒྱུ་ཟློག་གཟའ་ཕིཊི་སྒྲ་གཅན་སོགས་ཞིབ་པར་རྩིས་ལ་གདོང་མ་ཐུག་ཅིང་། རང་དང་ཡོན་བདག་གི་ལོ་ལྷའི་ཕྱོགས་མ་ཡིན་པར་གདོང་ཕྱོགས་ལ། ཁྱིམ་གྱི་མཐོང་ཁའམ་སྦྲའི་བསག་འདབ་བཀྱགས་ནས། ཁྱིམ་ཕུག་ཕྱོགས་སུ་གཏོར་ཟློག་བཞག །ཐུར་དུ་ཡོན་བདག་རྣམས་གྲལ་བྱས། རང་གི་མདུན་མེ་ཧོམ་གཅིག་


CMR012_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ལ་སླ་ང་ལ་ཁྲག་གིས་གྲུ་གསུམ་བྲིས་པའམ། བྲུབ་ཁུང་ནང་གི་ལིངྒ་ཤོག་ལིང་ངམ། ཟན་ལིང་བཞག །དེ་ནས་ཡར་གཏོར་གདན་ནག་པོ་ཕྲའུ་བཏིང་། མར་སྣེར་གསེར་སྐྱེམས་དཀར་གཏོར་བཞག །ཆད་མདོ་ནས་ཡར་གྱེན་དུ་རང་གི་ཆོས་སྐྱོང་དུ་ཡོད་དམར་གཏོར་རྣམས་བཤམས་རང་གི་མདུན་དུ་ཟོར་བཤམས། རང་སྔགས་ཆས་གྱོན། དར་ནག་བསྒྲེངས་ལ། རྔ་བརྡུང་ཞིང་གསེར་སྐྱེམས་འབུལ། དཀར་གཏོར་འབུལ། དེ་ནས་ཆེད་མདོ་སོགས་གཏོར་འབུལ་ཐམས་ཅད་བྱ་སྟེ། ཆོས་སྐྱོང་ཆུང་བ་ཐམས་ཅད་སྔོན་ལ་འབུལ་ཞིང་། ཆོས་སྐྱོང་ཆེ་བ་ཐམས་ཅད་རྒྱབ་ནས་འདོན་ནོ། །དེ་ནས་ཟོར་རྣམས་འཕང་། དེ་ནས་ཟློག་པའི་ཡ་མ་རཱ་ཙའི་གཏོར་མ་མཆོད་གཡོག་པས་བླངས་ནས། གཏོར་ཐེབས་སུ་བདུད་རྩིས་བྲན་ལ། ཡོན་བདག་ཐམས་ཅད་ཀྱིས་ལག་འགྲིམ་བྱས་ནས་རང་ལ་གཏད། ཧཱུྃ། གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ།། །ཞེས་སོགས་འདོན་ནས་བཟློག་སྔགས་བཟླས་ལ་འཕང་། དེ་བཞིན་དུ་ཟ་བ་ལྗང་ནག །བི་བྷ་སྭ་ཏ། ཐུགས་སྲོག་བདག །གསུང་ཚེ་བདག །སྐུ་འཆི་བདག་རྣམས་རྒྱོབ། དེ་ནས་ཁྲོ་ཆུའི་གཏོར་མ་སྣོད་དུ་བཤམས་ལ་མེ་རུ་བཙུགས་ནས། ལག་ཏུ་བཟུང་ལ་ཕྱག་རྟགས་རྡོ་རྗེ་འདོན། སྔགས་བཟླ་ཞིང་ཡོན་བདག་ཐམས་ཅད་ཀྱི་མགོ་ཐོག་ཏུ་འགྲིམ། རང་ལ་དབང་མི་ཞུ་བའི་ང་རྒྱལ་ཅན་ཡོད་ན་ཕྲག་གོང་དུ་བཞག་པས་ཆོག །དེ་ནས་གཏོར་མ་མདུན་དུ་བཞག་ལ་བྲན། གཙོ་བོའི་བསྐུལ་པ་གཅིག་འདོན་ལ་མེ་ཧོམ་དུ་འབུལ། ལིངྒ་ཟོར་དང་ཟློག་གཏོར་ཐམས་


CMR012_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྲེགས། ཆོས་སྐྱོང་དང་གཏོར་མ་དཀར་གཏོར་རྣམས་བཟའ་རུང་།། མདོས་གདན་སྒོ་ཐེམ་འོག་ཏུ་སྦུབ་ལ་རྟ་བྲོ་བརྡུང་། ནང་དུ་ལྷར་གཏང་རག་གི་ཚོགས་བཟང་དུ་འབུལ། ཤ་ཁྲག་མ་འདྲེས་པའི་མཆོད་པ་གཅིག་བཤམས་ལ། ཚེ་འགུགས་དང་གནམ་ལྕགས་གོ་ཆའི་མཇུག་གི་ནོར་ལྷ་མཆོད་བསྟོད་དང་། བསྙེན་པ་ཅུང་ཟད་བྱས། རྗེས་ཆོག་མཆོད་བསྟོད་བསྡུས་པ་ཨབྷཾ་སོགས་དང་། བཀྲ་ཤིས་གང་ཤེས་རྒྱས་པར་བརྗོད། བཀྲ་ཤིས་ཚོགས་ལ་སྦྱར་ལ་ཚོགས་གྲལ་དུ་ཚེ་འགུགས་བཀྲ་ཤིས་བྱས་ན་ཡང་ལེགས། དེ་དག་ནི་གཏོར་ཟློག་གི་ཕྱག་ལེན་ཡིན་པས། ༈ ཡང་ཟློག་བཅའ་ཚོགས་མ་གཏོགས་འདོན་ལུགས་དང་འདོན་ཆ་གཅིག་ཡིན་ནོ། །ངེས་པར་བསྲུང་བ་རྟགས་ཐོན་ངེས་པར་བྱེད་དགོས་ན་སྔ་དྲོ་ནས་གཞུང་ལྟར་བསྲུང་བའི་དམིགས་པ་བཟུང་ནས། བསྲུང་སྔགས་གང་མང་བཟླ། ༈ དགོང་མོ་ནས་བཟློག་པའི་དམིགས་པ་བཟུང་ནས་ཟློག་སྔགས་གང་མང་བརྒྱ་ལས་མི་ཉུང་བ་བཟླ། དེ་ནས་ཞག་མང་དུ་བྱས་པས་རྨིས་རྟགས་ཐོན་པར་བྱའོ། །རྨིས་རྟགས་གཞུང་ན་གསལ་ལོ།། ༈ ཡང་རང་དོན་ལྟ་བུ་ལ་བཅའ་ཚོགས་རྣམ་གཡེང་མི་སྤྲོ་ན། གནམ་ལྕགས་གོ་ཆ་ཁོ་ན་ལ་གཞུང་བཟུང་ལ་སྔ་དྲོ་སྲུང་སྔགས། ཕྱི་དྲོ་ཟློག་སྔགས་དང་ཐུན་གཏོར་འབུལ་བ་སོགས་བྱས། གཙོ་བོར་སྔགས་དང་དམིགས་པ་ལ་འབད་པར་ཟབ་པའི་མཐར་ཐུག་གོ །བསྙེན་པ་བྱེད་ན་ཡང་གནམ་ལྕགས་གོ་ཆ་ལྟར་ཉམས་སུ་བླང་པས་འཐུས་སོ། །བདག་གིས་བྲིས་དང་སྡེབ་སྦྱོར་ལ་མ་སྦྱངས་པས། །


CMR012_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ངན་སྡེབ་སྦྱོར་མ་དག་འཁྲུལ་པའི་ཚོགས། །མཁས་པས་བཞད་བགད་གནས་སུ་གང་གྱུར་པ། །མཁས་པའི་རང་བཞིན་ཅན་ལ་བཟོད་པར་གསོལ། །ཅེས་པ་འདི་ནི་བློ་གྲོས་རྣམ་དཔྱོད་ཅན། །ཀུན་དགའི་ཉི་མས་གསུང་གིས་བསྐུལ་བ་ལས། །ཐུན་མཚམས་གཅིག་ཏུ་མགྱོགས་པར་བྲིས་པའོ། །རཱགའི་མིང་ཅན་བསམ་གཏན་པ་དེས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས།next