Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
  
 expand section
  
  
  
  
  
  
  
 expand section
 collapse section
  
  
  
  
  
  
བསྒོམ་པའི་ལམ་གྱི་རྟེན།
  
  
  
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousབསྒོམ་པའི་ལམ་གྱི་རྟེན། next

བསྒོམ་པའི་ལམ་གྱི་རྟེན།


DTG082_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། མི་དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་བྱང་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འགག་པ་དང་མངོན་པར་འདུ་བྱེད་པ་དང་འབྱུང་བ་དང་དམིགས་པ་དང་ཀུན་ནས་ཉོན་མོངས་པ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་


DTG082_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་རྣམ་པར་ཤེས་པའི་རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་གཟུགས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །གཟུགས་ཀྱི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པའི་འགག་པ་དང༌། མངོན་པར་འདུ་བྱེད་པ་དང༌། འབྱུང་བ་དང༌། དམིགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པར་བྱང་བའི་བར་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྐྱེ་བ་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རྣམ་པར་བྱང་བའི་བར་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིན་ཏུ་དབེན་པའི་ཕྱིར་གཟུགས་ལ་མཚན་མའི་གནས་མེད་ཅིང་མི་དམིགས་སོ། །ཤིན་ཏུ་དབེན་པའི་ཕྱིར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་


DTG082_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིན་ཏུ་དབེན་པའི་ཕྱིར། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོ་བ་དང༌། བསྡུས་པ་རྣམས་ལ་མཚན་མའི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བདག་མེད་པའི་ཕྱིར་བདག་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་མེད་པའི་ཕྱིར། སེམས་ཅན་དང༌། སྲོག་དང༌། གསོ་བ་


DTG082_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་རྟེན་ཡིན་ནོ། །


previousབསྒོམ་པའི་ལམ་གྱི་རྟེན། next