Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ།
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ།next

ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ།


GLG013_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ། ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ། བྱང་སེམས་ལ་ཡོད་པ་དང་རྗེས་མཐུན་གྱི་ལམ་ཤེས་ཀྱི་རྣམ་པ་བཤད་པ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་དེ་བཤད་པ་གསུམ། དང་པོ་ལ། སོ་སོའི་དབྱེ་བ་དང་། དོན་བསྡུ་བ་གཉིས། དང་པོ་ལ། དྲན་པ་ཉེར་གཞག །ཡང་དག་སྤོང་བ། རྫུ་འཕྲུལ་གྱི་རྐང་པ། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དེ་བདུན་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མཁྱེན་གསུམ་དེ་ལས་ཐམས་ཅད་ཤེས་པ་ཉིད་ལ་སྡེ་ཚན་བདུན་གྱི་དང་པོར་ལུས་སེམས་སོགས་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ་དྲན་པ་ཉེ་བར་གཞག་པའི་རྣམ་པ་ཆོས་ཅན། བཞི་ཡོད་དེ། ཟག་བཅས་ཀྱི་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་།


GLG013_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་རྟག་པ་དང་། ཆོས་བདག་མེད་པའི་རང་བཞིན་དང་། མི་རྟག་པ་སོགས་བདེན་པས་སྟོང་པ་སྤྱིའི་མཚན་ཉིད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བརྟག་པ་ལ་དྲན་པ་གཏོད་པར་བྱེད་པའི་རྣམ་པ་བཞི་ཡོད་པའི་ཕྱིར། དེ་ལ་དགོས་པ་ཡོད་དེ། བདེན་བཞིའི་འདོར་ལེན་ལ་འཇུག་པར་བྱེད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །དམིགས་པ་ལུས་ཚོར་སེམས་ཆོས་བཞི་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་བརྟགས་ཏེ་སྒོམ་པར་བྱེད་པའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དྲན་པ་ཉེར་གཞག་གི་མཚན་ཉིད་ཟེར་ན། དྲན་པ་ཉེར་གཞག་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པར་ཐལ། འདོད་པ་དེ་གང་ཞིག །མཚན་ཉིད་དེ་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དྲན་པ་ཉེར་གཞག་རྗེས་མཐུན་པ་རྒྱུད་ལྡན་གྱི་ལམ་མ་བཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། གཞན་ཡང་། དྲན་པ་ཉེར་གཞག་འཁོར་དུ་ལྡན་པའི་གཙོ་བོ་སེམས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དྲན་པ་ཉེར་གཞག་དེ་དེ་ཡིན་པ་གང་ཞིག །དེ་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། ཁ་ཅིག །བདེན་བཞིའི་བླང་དོར་ལ་ཤེས་རབ་ཀྱི་སོ་སོར་དཔྱད་ནས་དྲན་པས་མི་བརྗེད་པར་འཛིན་པའི་རང་གི་གྲོགས་ཏིང་འཛིན་མཚུངས་ལྡན་དང་བཅས་པའི་རིག་པ་དྲན་པ་ཉེར་གཞག་གི་མཚན་ཉིད་ཟེར་ན། ལམ་མ་བཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་བདེན་བཞིའི་བླང་དོར་ལ་ཤེས་རབ་ཀྱི་སོ་སོར་དཔྱད་ནས། དྲན་པས་མི་བརྗེད་པར་འཛིན་པའི་རང་གི་གྲོགས་ཏིང་འཛིན་མཚུངས་ལྡན་དང་བཅས་པའི་རིག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། བདེན་བཞིའི་བླང་དོར་


GLG013_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལ་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཞི་གནས་ཡོད་པའི་ཕྱིར་། རྩ་བར་འདོད་མི་ནུས། ཁ་ཅིག །དྲན་པ་ཉེར་གཞག་ཡིན་ན། བདེན་པ་བཞི་ག་ལ་དམིགས་པས་ཁྱབ་ཟེར་ན། ལྷས་སྦྱིན་གྱི་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོ་ཙམ་ལ་དམིགས་ནས་མི་སྡུག་པར་སྒོམ་པའི་དྲན་པ་ཉེར་གཞག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་གཉིས་ཀ་སླ། གཉིས་པ་རང་ལུགས་ནི། རང་གི་དམིགས་ཡུལ་དུ་གྱུར་པའི་ལུས་ཚོར་སེམས་ཆོས་བཞི་པོ་གང་རུང་ལ་དམིགས་ནས། རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་བརྟག་སྟེ་དཔྱོད་པར་བྱེད་པའི་དྲན་པ་དང་། ཤེས་རབ་གང་རུང་གིས་བསྡུས་པའི་ལམ་ཞུགས་ཀྱི་མཁྱེན་པ་དྲན་པ་ཉེར་གཞག་གི་མཚན་ཉིད། ས་མཚམས་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་རོ། །གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས་དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་རྩོལ་བ་ལས་བྱུང་བའི་ལམ་ལ་ཡང་དག་པར་སྤོང་བའི་རྣམ་པ་བཞི་སྟོན་པའི་རྒྱུ་མཚན་ཡོད་དེ། དྲན་པ་ཉེར་གཞག་བསྒོམས་པ་ལས་བླང་དོར་བྱེད་པར་ཞུགས་པ་ལ་སྤྲོ་བའི་བརྩོན་འགྲུས་འབྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། ཡང་དག་སྤོང་བ་བཞི་ཡོད་དེ། གོ་རིམ་བཞིན་དུ། མི་དགེ་བ་སྐྱེས་པ་ལ་ཡང་དག་པར་སྤོང་བ་དང་། མ་སྐྱེས་པའི་མི་སྐྱེད་པ་དང་། དགེ་བ་སྐྱེས་པ་རྣམས་སྤེལ་བ་དང་། མ་སྐྱེས་པ་སྐྱེད་པའི་བརྩོན་འགྲུས་བཞི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །སྤང་གཉེན་ལ་བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས་དེ་ཡང་དག་སྤོང་བའི་མཚན་ཉིད་ཟེར་ན། མཚན་ཉིད་དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ཡང་དག་སྤོང་


GLG013_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་འདྲ་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །དྲན་པ་ཉེར་གཞག་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་བདེན་བཞིའི་བླང་དོར་ལ་སྤྲོ་བའི་མཁྱེན་པ་དེའི་མཚན་ཉིད་ཟེར་ན། དྲན་པ་ཉེར་གཞག་ཐོབ་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་བརྩོན་འགྲུས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་དྲན་པ་ཉེར་གཞག་ཅིག་སྔོན་དུ་མ་སོང་བའི་ཕྱིར། གཉིས་པ་རང་ལུགས་ནི། སྤང་གཉེན་ལ་བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས་སུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་ཡང་དག་སྤོང་བའི་མཚན་ཉིད། ས་མཚམས་སྔར་ལྟར། སྨྲས་པ། ལམ་དུ་ཞུགས་ཀྱང་བདེན་བཞིའི་བླང་དོར་ལ། །མི་དམན་བརྩོན་པའི་ལྕག་གིས་སྐུལ་བྱེད་ན། །ཉམ་ཆུང་བྱིས་པས་བློ་ཅན་རྣམ་གཡེང་གི །འདམ་དུ་བྱིང་ཡང་བདེ་བར་རློམ་འདི་མཚར། །ཉེས་བརྒྱའི་རང་བཞིན་སྐྱོན་གྱི་ཁུང་བུའི་ནང་། །དཀོར་ཟས་བསིར་བུའི་ཟོང་ལ་བག་མེད་དུ། །སྤྱོད་པའི་ལྟོ་འགྲོའི་རྣམ་ཐར་འཛིན་པའི་མིས། །བསིལ་ལྡན་ཁ་བའི་ལྗོངས་འདི་དོག་པོར་བྱས། །མཁས་གྲུབ་གོང་མའི་དཀའ་སྤྱད་མཁའ་ལྟར་ཡངས། །རྗེས་འཇུག་སྐྱེ་བོའི་བག་ཡངས་མཚོ་ལྟར་ཟབ། །གསུང་རབ་ཚིག་དོན་ཆུ་ཡི་རྡུལ་ལྟར་ཕྲ། །མི་ཤེས་སྨྲ་འདི་བ་གླང་རྫི་ལྟར་བླུན། །འོན་ཀྱང་རྣོན་པོའི་མཚོན་ཆ་དང་། །མི་ལྡན་ཐལ་འགྱུར་འཕྲེང་བ་ཡིས། །རྒོལ་བའི་དམ་བཅའ་གཅོད་བྱེད་པ། །རྒྱུ་འབྲས་ཚུལ་འདི་ངོ་མཚར་རྨད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། དེའི་འོག་ཏུ་རྫུ་འཕྲུལ་ཀྱི་རྐང་པའི་རྣམ་པ་བཞི་སྟོན་པའི་རྒྱུ་མཚན་ཡོད་དེ། སྤང་གཉེན་ལ་


GLG013_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ནི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེའི་རྐང་པ་བཞི་ཡོད་དེ། ཉེས་པ་ལྔའི་གཉེར་པོར་འདུན་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང་། བརྩོན་འགྲུས་ལ་བརྟེན་ནས་རེག་པ་དང་། སེམས་དཔའི་ཏིང་ངེ་འཛིན་བསྒོམས་པས་སྐྱེས་ཐོབ་ལས་རེག་པ་དང་། དཔྱོད་པའི་ཏིང་ངེ་འཛིན་གཞན་གྱི་ཆོས་ལ་བརྟེན་ནས་རེག་པ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཟེར་ན། དེ་འདྲའི་ཏིང་ངེ་འཛིན་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཆོས་ཅན། རྫུ་འཕྲུལ་གྱི་རྐང་པ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པར་ཐལ། མཚན་ཉིད་དེ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། འདོད་ན། ལམ་ཞུགས་ཀྱི་མཁྱེན་པ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པར་ཐལ་ལོ། ཁ་ཅིག་སྤྲུལ་སྒྱུར་སྣ་ཚོགས་བྱེད་པའི་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེའི་མཚན་ཉིད་ཟེར་ན། རྫུ་འཕྲུལ་གྱི་མངོན་ཤེས་ཐོབ་ལ་མ་ཉམས་པའི་ཕྱི་རོལ་པའི་རྒྱུད་ཀྱི་ཏིང་འཛིན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། ས་མཚམས་སྔར་ལྟར། བཞི་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས།


GLG013_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་མངོན་པར་རྟོགས་པར་སྦྱོང་བའི་ལམ་ལ་དབང་པོ་རྣམ་པ་ལྔ་སྟོན་པའི་རྒྱུ་མཚན་ཡོད་དེ། ཏིང་ངེ་འཛིན་གྱིས་སེམས་ཡོངས་སུ་སྦྱར་བར་བྱས་པ་ལས་དབང་པོའི་ངོ་བོར་གྱུར་པའི་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་པའི་ཕྱིར། ཤེས་བྱ་ཆོས་ཅན། དབང་པོ་ལྔ་ཡོད་དེ། དྲོ་བ་དང་རྩེ་མོའི་ངོ་བོ་ཉིད་ཀྱི་བདེན་པ་ལ་ཡིད་ཆེས་པའི་དད་པའི་དབང་པོ་དང་། བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་རྣམ་མི་བརྗེད་པའི་དྲན་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། གནས་ལུགས་འབྱེད་པའི་ཤེས་རབ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། ཁ་ཅིག །རང་འབྲས་འཕགས་ལམ་སྐྱེད་པ་ལ་རང་དབང་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་རྣམ་བྱང་གི་དབང་པོའི་མཚན་ཉིད་ཟེར་ན། གཙོ་བོ་སེམས་ཀྱིས་བསྡུས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་འབྲས་འཕགས་ལམ་རང་སྟོབས་ཀྱིས་སྐྱེད་པའི་ལམ་ཞུགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། དེས་ཉན་ཐོས་ཀྱི་མཐོང་ལམ་རང་སྟོབས་ཀྱིས་སྐྱེད་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། སྦྱོར་ལམ་དྲོད་ཡན་ཆད་ཐོབ་པའི་སྒོ་ནས་རང་འབྲས་འཕགས་ལམ་སྐྱེད་པ་ལ་རང་དབང་དུ་གྱུར་པའི་དད་སོགས་དབང་པོ་ལྔ་གང་རུང་དུ་དམིགས་པའི་མཁྱེན་པ་དེ་དེའི་མཚན་ཉིད། ས་མཚམས་སྦྱོར་ལམ་དྲོད་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ལྔ་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་སྟོབས་ཀྱི་རྣམ་པ་ལྔ་སྟོན་པའི་རྒྱུ་མཚན་ཡོད་དེ། དབང་པོའི་ངོ་བོར་གྱུར་པའི་དྲོ་བ་ལ་སོགས་པ་ཐོབ་པ་ལས་


GLG013_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་དང་ཆོས་ཀྱི་མཆོག་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན་བཟོད་པ་དང་ཆོས་མཆོག་གི་ངོ་བོ་ཉིད་སྟོབས་རྣམ་པ་ལྔ་ཡོད་དེ། བདེན་པ་ལ་ཡིད་ཆེས་པའི་དད་པའི་སྟོབས་དང་། དེ་མྱུར་དུ་རྟོགས་པར་བྱ་བའི་ཕྱིར། བརྩོན་འགྲུས་དང་། དམིགས་རྣམ་མི་བརྗོད་པའི་དྲན་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། སོ་སོར་འབྱེད་པའི་ཤེས་རབ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། དགག་གཞག་གཉིས་ལ། དང་པོ་ལ། ཁ་ཅིག །མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་མཁྱེན་པ་རྣམ་བྱང་གི་སྟོབས་ཀྱི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། དེ་རྒྱུད་ལྡན་གྱི་ལམ་མ་ཞུགས་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ནི། སྦྱོར་ལམ་བཟོད་པ་ཡན་ཆད་ཐོབ་པའི་སྒོ་ནས། རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་དད་སོགས་དབང་པོ་ལྔ་པོ་གང་རུང་དུ་དམིགས་པའི་མཁྱེན་པ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་རྣམ་བྱང་གི་སྟོབས་ཀྱི་མཚན་ཉིད། ས་མཚམས་སྦྱོར་ལམ་བཟོད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། དྲུག་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་བདུན་ཡོད་དེ། དབང་སྟོབས་ཀྱི་ངོ་བོ་དྲོ་བ་ལ་སོགས་པ་བཞི་རྟོགས་ཤིང་ཐོབ་པ་ལས་བྱང་ཆུབ་ཡན་ལག་གི་ངོ་བོ་བདེན་པ་མཐོང་བའི་ལམ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བདུན་པོ་ཡོད་དེ། བདེན་པ་ལ་དམིགས་པ་ལས་གཞིའི་མི་གཡེང་བའི་གནས་ཀྱི་མན་ངག་དྲན་པ་དང་། རང་བཞིན་གྱི་ཡན་ལག་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། ངེས་འབྱུང་གི་ཡན་ལག་བརྩོན་འགྲུས་


GLG013_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལུས་སེམས་ལ་ཕན་འདོགས་པ་ཕན་ཡོན་གྱི་ཡན་ལག་དགའ་བ་དང་། ཉོན་མོངས་མེད་པའི་གཞིའི་ཡན་ལག་ཤིན་ཏུ་སྦྱངས་པ་དང་། གནས་ཀྱི་ཡན་ལག་ཏིང་ངེ་འཛིན་དང་། ངོ་བོའི་ཡན་ལག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །བདེན་གཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་མཁྱེན་པ་བྱང་ཆུབ་ཡན་ལག་གི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ་མཚོན་བྱ་དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁ་ཅིག །བྱང་ཆུབ་ཡན་ལག་ཡིན་ན། གནས་སྐབས་དང་མཐར་ཐུག་གང་རུང་གི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་གཉིས་འདུས་མ་བྱས་ཡིན་པའི་ཕྱིར། དེར་ཐལ། དམན་པའི་མྱང་འདས་དང་མཐར་ཐུག་གི་མྱང་འདས་གཉིས་འདུས་མ་བྱས་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་འབྲས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་འཕགས་རྒྱུད་ཀྱི་མཁྱེན་པ་བྱང་ཆུབ་ཡན་ལག་གི་མཚན་ཉིད། བདུན་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་འཆད་ཚུལ་ཡོད་དེ། བདེན་པ་མངོན་སུམ་དུ་མཐོང་བ་ཡོངས་སུ་ཤེས་པ་ལ་སྒོམ་པའི་ལམ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་བརྒྱད་ཡོད་དེ། མཉམ་གཞག་ཏུ་རྟོགས་པའི་ཆོས་ཉིད་རྗེས་ཐོབ་ཏུ་དཔྱོད་བྱེད་ཀྱི་


GLG013_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ལྟ་བ་དང་། རྟོགས་པ་དེ་གཞན་ལ་སྟོན་བྱེད་ཀྱི་རྟོག་པ་དང་། ངག་གི་ལས་དག་པའི་ངག་དང་། ལུས་ཀྱི་ལས་དག་པའི་ལས་ཀྱི་མཐའ་དང་། ལུས་ངག་གི་ལས་དག་པའི་འཚོ་བ་དང་། སྒོམ་སྤང་སྤོང་བའི་རྩོལ་བ་དང་། ཞི་གནས་ཀྱི་རྒྱུན་མ་བརྗེད་པ་དྲན་པ་དང་། མངོན་ཤེས་སོགས་སྒྲུབ་པའི་ཏིང་ངེ་འཛིན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཡེ་ཤེས་དེ་འཕགས་ལམ་ཡན་ལག་གི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་འབྲས་འཕགས་ལམ་གྱི་རྒྱུར་གྱུར་པའི་འཕགས་རྒྱུད་ཀྱི་མཁྱེན་པ་འཕགས་ལམ་ཡན་ལག་གི་མཚན་ཉིད། ས་མཚམས་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། སློབ་མ་ཉན་ཐོས་རྣམས་ལ་ཡོད་ཅིང་། བྱང་སེམས་ཀྱིས་ཀྱང་བསྒོམ་བྱའི་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བདུན་ཡོད་པ་ཡིན་ཏེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ལམ་ཤེས་ཀྱི་རྣམ་པ་བཤད་པ། གཉིས་པ་བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ལམ་ཤེས་ཀྱི་རྣམ་པ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ། གཉེན་པོའི་ལམ། སྤྲུལ་པའི་ལམ། མཐོང་ཆོས་བདེ་གནས་ཀྱི་ལམ། འདས་ལམ། སྤོང་བའི་ལམ། སངས་རྒྱས་ཀྱི་ལམ་དྲུག་ལས། དང་པོ་ནི། ལམ་ཤེས་པ་ཉིད་ལ་དྲུག་ཡོད་པའི་དང་པོ་


GLG013_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ལམ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། ཐུན་མོང་བའི་རྣམ་ཐར་སྒོ་གསུམ་གྱིས་བསྡུས་པ་རྣམས་སུ་ཡོད་པའི་ཕྱིར། གོ་རིམ་བཞིན་དུ། སྡུག་བདེན་སྟོང་པ་དང་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་ཆོས་ཅན། ཁྱོད་རྣམ་པར་ཐར་པའི་སྒོ་དང་པོ་ཡིན་ཏེ། བདག་ཏུ་ལྟ་བས་བྱས་པའི་གཉེན་པོ་ཡིན་པའི་ཕྱིར། འགོག་པ་དང་ལམ་གྱི་བདེན་པའི་རྣམ་པའི་ངོ་བོ་ཉིད་བརྒྱད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། རྣམ་པ་ཐར་པའི་སྒོ་གཉིས་པ་ཡིན་ཏེ། བདག་ལྟ་དེའི་རྒྱུ་མཚན་ཅན་གྱི་མཚན་མར་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པའི་དངོས་གཉེན་ཡིན་པའི་ཕྱིར། སྡུག་བསྔལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བའི་བདེན་པའི་རྣམ་པའི་ངོ་བོ་ཉིད་བཞི་སྟེ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་ཆོས་ཅན། རྣམ་པར་ཐར་པའི་སྒོ་གསུམ་པ་ཡིན་ཏེ། ཁམས་གསུམ་པ་ལ་ཐོབ་བྱ་མཐར་ཐུག་ཏུ་སྨོན་པའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྤྲུལ་པའི་ལམ་ལ་རྣམ་པར་ཐར་བའི་སྒོ་གསུམ་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང་། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང་། སྡུག་པའི་རྣམ་ཐར་དང་གསུམ་ཡོད་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། དེ་ཡང་ཡོད་དེ། བསམ་གཏན་གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ལ་གཟུགས་ཅན་གྱི་འདུ་ཤེས་རྣམ་པར་མ་བཤིག་པར། གཟུགས་ཆེ་ཆུང་བཟང་ངན་སོགས་གང་འདོད་དུ་མོས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དང་། དེའི་འདུ་ཤེས་རྣམ་པར་བཤིག་ནས་གཟུགས་ཅན་མ་ཡིན་པ་མིང་བཞིའི་ཕུང་པོ་ཙམ་གྱི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་རྣམས་ལ་གང་འདོད་དུ་བལྟའོ་ཞེས་བྱ་བ་གང་འདོད་དུ་སྤྲུལ་མི་ནུས་པའི་སྤྲུལ་པའི་


GLG013_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའི་གཉེན་པོར་རྣམ་པར་ཐར་པ་འདི་གཉིས་དང་། བསམ་གཏན་གཟུགས་མེད་ཀྱི་སེམས་ལ་བརྟེན་ནས། གོ་རིམ་བཞིན་དུ་གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང་། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པ་དེ་དག་གི་གཉེན་པོར་གཟུགས་སྡུག་མི་སྡུག་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། རྗེས་འབྲེལ་གྱི་འདུ་ཤེས་དང་། རོ་གཅིག་གི་འདུ་ཤེས་གོམས་པར་བྱས་པས་མཐར་གཟུགས་སྣང་ཐམས་ཅད་སྡུག་པར་མོས་པའི་སྡུག་པའི་རྣམ་པར་ཐར་པའི་སྒོ་ཤེས་རབ་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གཅིག་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་རྣམ་པ་ལྔ་ཡོད་དེ། ཟག་མེད་ཀྱི་ཐར་པ་དང་རང་སའི་ཉོན་མོངས་པས་མ་བསླད་པར་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པའི་རྣམ་པ་བཞི་དང་། འདུ་ཤེས་དང་ཚོར་བ་རགས་པ་ཞི་བས་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་རགས་པ་འགོག་པའི་རྣམ་པར་ཐར་པའི་སྒོ་གཅིག་སྟེ་གཉིས་ཡོད་པ་དེ་ལྟར་ཡིན་པའི་ཕྱིར། སྨྲས་པ། ཚོགས་གཉིས་རྒྱ་མཚོའི་ཕ་མཐར་སོན་ཀྱང་གཞན་བརྩེའི་ཞགས་པས་རིང་ནས་འགུགས། །ཆོས་དབྱིངས་བདེ་བར་ཡུན་དུ་མནལ་ཡང་སེམས་བསྐྱེད་མཐུ་ཡིས་སྲིད་འདིར་རྒྱུ། །སྒྲིབ་གཉིས་དགྲ་ཚོགས་ཀུན་ལས་རྒྱལ་ཡང་ལོ་དྲུག་བར་དུ་དཀའ་བ་སྤྱད། །ཡོན་ཏན་མ་ལུས་ཡོངས་སུ་རྫོགས་ཀྱང་ཁེངས་པའི་ང་རྒྱལ་ཅུང་ཟད་མེད། །ཨེ་མ་ཉི་མའི་གཉེན་དེའི་གསུང་རབ་དང་། །དགོངས་འགྲེལ་རྒྱ་བོད་ཚད་ལྡན་ལེགས་བཤད་དག །མ་མཐོང་ཐལ་འགྱུར་འགའ་ཞིག་ཤེས་པ་ལ། །མཁས་པར་རློམ་པའི་


GLG013_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་བཏེག་ནས་འཛེར། །བསམ་གཏན་མཐུ་ཡིས་ཕྱི་རོལ་གཟུགས་སྣང་ཀུན། །གང་འདོད་ཇི་བཞིན་སྤྲུལ་པའི་སྒྱུ་མ་མཁན། །གསེར་མངལ་ཅན་ལ་ཅོ་འདྲིའི་བྱེད་པོ་འདིས། །དྲེགས་ལྡན་ཕལ་ཆེར་ཁེངས་བསྐྱུང་འོས་སུ་བསྟན། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གནས་སྙོམས་འཇུག་རྣམ་པ་དགུ་ཡོད་དེ། དེའི་ངོ་བོར་གྱུར་པའི་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །གཟུགས་མེད་ཀྱི་རྟེན་ལ་འགོག་སྙོམས་གསར་དུ་སྐྱེ་བ་ཡོད་ཟེར་ན། མི་འཐད་པར་ཐལ། གཟུགས་མེད་ན་འགོག་སྙོམས་ཀྱི་དགག་བྱ་ཚོར་འདུ་རགས་པ་མེད་པའི་ཕྱིར། དེར་ཐལ། དེ་ན་གཟུགས་རགས་པ་མེད་པའི་ཕྱིར། ཁ་ཅིག །དེ་གསར་དུ་སྐྱེ་བའི་ལུས་རྟེན་ཅན་ཡིན་ན། མི་ཡིན་པས་ཁྱབ་ཟེར་ན། དེ་འདྲའི་རྟེན་ཅན་གྱི་འདོད་ལྷ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། འདོད་ལྷའི་རྟེན་ཅན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་ཡོད་པའི་ཕྱིར། དེར་ཐལ། རྒྱལ་སྲས་མ་ལས་འགོག་སྙོམས་ལ་གནས་པའི་ལུས་རྟེན་ལ་གླིང་གསུམ་གྱི་མི་འདོད་ལྷ་རིགས་དྲུག །གཟུགས་ཁམས་གནས་རིགས་བཅུ་དྲུག་གི་ལྷ་སྟེ་ཉེར་ལྔར་བཤད་པའི་ཕྱིར། ཁ་ཅིག །འགོག་སྙོམས་སྐྱེད་བྱེད་ཀྱི་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་དེ། དེའི་སེམས་རྟེན་ཡིན་ཟེར་ན། དེའི་སེམས་རྟེན་དུ་གྱུར་པའི་ཁམས་གསུམ་གང་རུང་གི་སེམས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། །འདོད་མི་ནུས། ཁ་ཅིག །དགག་


GLG013_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཀུན་གཞིའི་སྟེང་དུ། དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་བཅས་བཀག་པའི་ལྡན་མིན་འདུ་བྱེད་འགོག་སྙོམས་ཀྱི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། །འགྲེལ་ཆེན་དུ་ལང་གཤེགས་ཀྱི་ལུང་། རྣམ་པར་ཤེས་པ་བརྒྱད་ཉིད་དང་། ཞེས་པ་མ་གཏོགས། ཀུན་གཞི་ཉོན་ཡིད་ཀྱི་བཤད་པ་མེད་པ་ཕྱིར། ཁ་ཅིག །དགག་གཞི་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་དུ་དགག་བྱ་ཚོགས་དྲུག་རགས་པ་འཁོར་བཅས་བཀག་པའི་ལྡན་མིན་འདུ་བྱེད་དེ། དེའི་མཚན་ཉིད་ཟེར་ན། འགོག་སྙོམས་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུ་ཤེས་མེད་པའི་སྙོམས་འཇུག་དེ་དེ་ཡིན་པར་ཐལ། འདོད་པ་གང་ཞིག་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། འགོག་སྙོམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཐོབ་བྱེད་ཀྱི་འདོད་སེམས་ཀྱི་སྟོབས་ཀྱིས་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཞན་ཡང་། ཐེག་ཆེན་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་སྙོམས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེའི་རྒྱུད་ལ་ཚོགས་དྲུག་རགས་པ་ཡོད་པའི་ཕྱིར། ཁ་ཅིག །སངས་འཕགས་ཀྱི་རྒྱུད་གྱི་འགོག་སྙོམས་ཆོས་ཅན། ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་ཕྱིར། དེར་ཐལ། ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། དེར་ཐལ། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཐུགས་རྒྱུད་ཀྱི་འགོག་སྙོམས་ལ་སྙོམས་པར་འཇུག་པའི་ཡེ་ཤེས་ལ་དགོངས་པའི་ཕྱིར། ཁ་ཅིག །འགོག་སྙོམས་ཤེས་པ་ཡིན་པར་ཐལ། འགོག་པའི་རྣམ་ཐར་ཤེས་པ་ཡིན་པ་གང་ཞིག །དེ་གཉིས་དོན་གཅིག་པའི་ཕྱིར་ན་མ་གྲུབ་སྟེ། རྣམ་བཤད་ལས་
རྣམ་ཐར་བརྒྱད་ནི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་འདས་ལམ་གྱི་ངོ་བོར་སྐྱེད་ནུས་པ་དང་། འགོག་སྙོམས་འདས་ལམ་གྱི་སྟོབས་ཀྱིས་ཐོབ་པས་འཇིག་རྟེན་ལས་འདས་པའི་ལམ་དུ་བཞག་གོ །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། ཤེས་བྱ་ཆོས་ཅན། སྤོང་བའི་ལམ་ལ་རྣམ་པ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་པའི་ལམ་གྱི་རྣམ་པ། ཡུལ་བདེན་པ་བཞིས་བསྡུས་པའི་ཡུལ་ཅན་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞི་ཡོད་པའི་ཕྱིར། དྲུག་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཉིད་ཀྱི་ལམ་ལ་རྣམ་པ་བཅུ་ཡོད་དེ། སེར་སྣ་སོགས་ཀྱི་གཉེན་པོར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ཡོད་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞི་ཡོད་དེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར།


previousཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་བཤད་པ།next