Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
སྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་ཇོ་མོ་གཡང་རི་ཕྱུག་མོའི་གསོལ་མཆོད་ཕྲིན་ལས་འདོད་དགུའི་དཔལ་སྟེར།
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousསྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་ཇོ་མོ་གཡང་རི་ཕྱུག་མོའི་གསོལ་མཆོད་ཕྲིན་ལས་འདོད་དགུའི་དཔལ་སྟེར།next

སྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་ཇོ་མོ་གཡང་རི་ཕྱུག་མོའི་གསོལ་མཆོད་ཕྲིན་ལས་འདོད་དགུའི་དཔལ་སྟེར།


JSD004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་ཇོ་མོ་གཡང་རི་ཕྱུག་མོའི་གསོལ་མཆོད་ཕྲིན་ལས་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ཀ་ར་ཡེ། གང་ཞིག་གནས་བདག་ཇོ་མོ་གཡང་རི་མའི་གསོལ་མཆོད་བྱ་བར་འདོད་ན། སྣོད་གཙང་མར་ཤ་ཁྲག་གིས་མ་སྦགས་པའི་གཏོར་མ་དང་གསེར་སྐྱེམས་སྤྱན་གཟིགས་ཅི་འབྱོར་ལེགས་པར་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཏེ། ཧཱུྃ། རང་ཉིད་སྣང་སྲིད་དབང་སྡུད་པད་འབྱུང་སྐུར། །གསལ་བའི་ཐུགས་ཀའི་འོད་ཀྱིས་རབ་བསྐུལ་ཏེ། །ལྷ་སྨན་ཇོ་མོ་གཡང་རི་སྤྲུལ་འཁོར་བཅས། །སྐད་ཅིག་འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། ལྟར་གནས་ཡུལ་ཞིང་སྐྱོང་སྨན་མོའི་ཚུལ། །ནང་ལྟར་མཁའ་འགྲོ་ཀུན་གཙོ་ཝཱ་རཱ་ཧཱི། །གསང་བ་ཆོས་དབྱིངས་ཀུན་ཏུ་བཟང་མོ་སྟེ། །སྐུ་གསུམ་མཁའ་


JSD004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དབང་ཕྱུག་མ་ལ་འདུད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་ངང་ཉིད་ལས། །འགགས་མེད་ཆོ་རོལ་གཅིག་ཏུ་མ་ངེས་ཀྱང། །དག་པའི་རིག་འཛིན་གཟིགས་ངོར་ཚུལ་སྟོན་སྐུ། །མོ་བཙུན་མཛེས་སྡུག་བཅུ་དྲུག་ལང་ཚོ་ལྡན། །དཀར་གསལ་ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན། །དར་དཀར་གོ་ཟུ་མུ་ཏིག་དོ་ཤལ་དཔྱངས། །ཕྱག་གཡས་དངུལ་དཀར་མེ་ལོང་རྒྱང་གསལ་དང། །གཡོན་པ་ཟས་གཞོང་འབྲང་རྒྱས་གང་བ་བསྣམས། སྤྲིན་དང་ན་བུན་གློག་འོད་འཁྲིགས་པའི་ཀློང། །རིན་ཆེན་ཁང་བཟང་ཕོ་བྲང་ཉམས་དགའ་བར། །གཡུ་འབྲུག་ལ་ཆིབས་སྨན་ཕྲན་འབུམ་གྱིས་བསྐོར། །ཞི་འཛུམ་དགྱེས་ཉམས་མདངས་ལྡན་ཡ་ལ་ལ། །གསེར་གཡུ་རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །སྙན་འཇེབས་དགའ་བའི་གླུ་དབྱངས་ཀྱུ་རུ་རུ། །


JSD004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོའི་འཇོ་སྒེག་གར་སྟབས་ཤིགས་སེ་ཤིག །ངོ་མཚར་ཕུན་ཚོགས་རྣམ་དག་དཀྱིལ་འཁོར་འདིར། །ཟག་མེད་བདེ་སྟོང་ཟུང་འཇུག་རོལ་པ་ལས། །བྱུང་བའི་མཆོད་སྤྲིན་མི་ཟད་ནམ་མཁའ་མཛོད། །སྣང་སྲིད་མཁོ་དགུའི་འབྱོར་བ་རྒྱ་མཚོའི་དཔྱིད། །ཡུལ་དྲུག་འདོད་ཡོན་རྒྱན་དུ་ཤར་བ་གང། །དབང་པོ་དྲུག་གི་དགྱེས་པ་བསྐང་བའི་ཕྱིར། །གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལ། །བདག་ཅག་མི་ཤེས་སྒྲིབ་པའི་དབང་གིས་ནི། །མ་ཁྱེད་གསང་གསུམ་དང་འགལ་བཟོད་པར་གསོལ། །བདག་ལ་མི་སྒྲིབ་ཚངས་པའི་ཞལ་སྟོན་འཚལ། །འཁོན་འགྲས་འཁུ་ལྡོག་མཉམ་ཉིད་ཐུགས་ཀློང་ཞི། །ཁྱེད་སྔོན་མཉམ་མེད་མཚོ་འཁྲུངས་རྒྱལ་བ་དང་། །གྲུབ་རྒྱའི་གཙུག་རྒྱན་ཧ་ས་བཛྲ་སོགས། །རྒྱལ་བ་རིག་འཛིན་བརྒྱུད་


JSD004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་རྣམས་ཀྱིས། །དབང་བསྐུར་དམ་མནོས་གསང་བའི་དགྱེས་སྡེ་མཛད། །འདའ་དཀའ་རྡོ་རྗེའི་ཐ་ཚིག་གཉན་པོ་དགོངས། །ད་ལྟ་རྣལ་འབྱོར་བདག་ཅག་ཁྱེད་བསྟེན་ནས། །འདོད་པའི་དོན་ལ་ཕྲིན་ལས་བཅོལ་བ་ནི། །རྒྱལ་བསྟན་སྲུང་ཞིང་མཆོག་གསུམ་དབུ་འཕང་བསྟོད། །བཤད་སྒྲུབ་དགོན་སྡེ་སྒྲུབ་མཆོག་བུ་བཞིན་སྐྱོངས། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་དགུང་ལ་རེག །འབངས་རྣམས་བདེ་སྐྱིད་དགེ་བཅུའི་ཁྲིམས་ཀྱིས་འཚོ། །སྙིགས་དུས་མཐའ་དམག་སྐྱོབ་པར་ཞལ་བཞེས་པའི། །གུ་རུའི་སྦས་ཡུལ་པདྨའི་ཚལ་ཞེས་འདིར། །མ་འོངས་མཐའ་མི་དུ་རུའི་རྒྱུ་ལམ་ཆོད། །གནས་འདིའི་སོ་ཁ་སྲུང་ལ་མ་གཡེལ་ཞིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀུན། །གཞིས་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང། །


JSD004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བསུ་རྒྱབ་སྐྱོར་སྡོང་གྲོགས་འཇིགས་སྐྱོབ་མཛོད། །གནས་འདིར་མི་ཕྱུགས་ནད་ཡམས་མི་འབྱུང་ཞིང། །ཐོག་སེར་རི་རུད་ཤྭ་འུད་ཆུ་ཐན་བརྡོལ། །ཡུལ་གྲོང་འཇིག་སོགས་འབྱུང་བཞིའི་གནོད་འཚེ་སྲུངས། །ཆར་ཆུ་སྙོམས་ཤིང་སྣོད་བཅུད་ཕྱྭ་གཡང་རྒྱས། །རྩི་ཐོག་ཤིང་ཐོག་འབྲུ་རྣམས་འཕེལ་བ་ལས། །བཟའ་བཏུང་འདོད་ཡོན་ཚེགས་མེད་རྙེད་ཐོབ་མཛོད། །ནང་དུ་འཁྲུགས་རྩོད་མི་ཁ་གླེང་མོའི་རིགས། །ཕྱི་རོལ་གནས་ཀྱི་ཡོན་ཏན་འགྲིབ་པའི་རྒྱུ། །ནམ་ཡང་མི་འབྱུང་འགོག་པའི་ཕྲིན་ལས་མཛོད། །འཚེ་བ་ཆོས་སྨྲ་ཀླ་ཀློའི་བརྟུལ་ཞུགས་སྲོལ། །ཕྱུགས་བསད་དམར་མཆོད་ཤི་གསོན་དགེ་བ་དང། །ནད་གདོན་ཞི་བའི་སྐུ་རིམ་དུ་རློམ་པའི། །གཏི་མུག་ལས་ལམ་ལོག་པའི་རྒྱུན་སྣུབས་ཤིག །གཞན་ཡང་གནས་འདིར་བྱ་གཅན་རི་


JSD004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་གཤོར། །དམར་ཁེ་བྱེད་དང་ཟས་ངན་ཐ་མ་ཁ། །ཉོ་འཚོང་བརྟེན་པའི་མི་ལ་བཀའ་ཆད་ཕོབས། །ཁྱད་པར་པད་འབྱུང་ཆོས་ལ་ཡ་ག་སྒྲོགས། །ཆོས་ལྟར་བཅོས་ནས་རྒྱལ་བསྟན་ཐབས་ཀྱིས་བཤིག །བསྟན་པའི་ལག་དམར་མ་བཞག་མྱུར་དུ་སྒྲོལ། །གུ་རུའི་རྗེས་འཇུག་གཡོ་མེད་གུས་ལྡན་ཅིང། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་དང། །ལས་འབྲས་ཡང་དག་ལྟ་ལ་དད་པ་རྣམས། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །བརྩེ་བརྩེ་ཨ་མ་གཡང་རིའི་ཐུགས་རྗེ་ཡིས། །དུང་དུང་མ་ཡིས་བུ་ལྟར་རྟག་བསྐྱངས་ནས། །དྲོ་དྲོ་དཔལ་གྱི་ཉི་མ་དགུང་ནས་འཆར། འཚེང་འཚེང་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་བརྗོད་ལ་གཏོར་མ་གཙང་སར་གཤེགས། མགྲོན་མི་དམིགས་པར་བཞག་གོ །ཅེས་པའང་སྦས་ཡུལ་པདྨའི་ཚལ་གྱི་


JSD004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཁྲོད་ག་ལ་བར་སྒྲུབ་པ་སྙིང་པོ་བྱེད་པ་ཚེ་དབང་བཀྲ་ཤིས་ཀྱིས་གནས་སྲུང་གསོལ་མཆོད་ཅིག་བྲིས་ཞེས་ནན་ཏན་ཆེན་པོས་བསྐུལ་བའི་ངོ་མ་ལྡོག་པར། བྱ་བྲལ་གྱི་མིང་ཙམ་འཛིན་པ་སངས་རྒྱས་རྡོ་རྗེས་རང་ལོ་དོན་གཅིག་ཏུ་སོན་པ་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་ལོའི་སྟོན་ཟླ་ར་བ་དྲང་སྲོང་རི་ཥི་འཆར་བའི་དུས་ཚེས་དགེ་བར་ཐུན་མཚམས་སུ་གྲུབ་པར་སྦྱར་བ་སྟེ། འདིས་ཀྱང་སྦས་ཡུལ་གཉན་པོའི་སྣོད་བཅུད་ཀྱི་དཔལ་ཡོན་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།


JSD004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། སྔོན་ཚེ་པདྨའི་སྤྱན་སྔ་རུ། །སྦས་གནས་སྐྱོང་བར་ཞལ་བཞེས་པའི། །སྨན་བཙུན་རྡོ་རྗེ་གཡང་རི་མ། །སྤྲུལ་འཁོར་ཡོངས་རྫོགས་གསོལ་ཞིང་མཆོད། །བདག་ཅག་གར་འགྲོ་གར་འདུག་ཀྱང། །བསམ་པ་སྒྲབས་ལ་རེ་བ་སྐོངས། །ཁ་འཛིན་རྒྱབ་རྟེན་སྟོང་གྲོགས་སོགས། གང་བཅོལ་ལས་རྣམས་མྱུར་འགྲུབ་མཛོད། །ཅེས་པའང་རིག་པ་འཛིན་པ་སངས་རྒྱས་རྡོ་རྗེས་སོོ།། ༈ ཧཱུྃ། བལ་བོད་མཚམས་གནས་གཞི་བདག་གཡང་རི་འབོད། །ཨོ་རྒྱན་བཀའ་སྒྲུབ་བསྟན་འགྲོའི་རྒུད་པ་སོལ། །མཐའ་དམག་འཁྲུག་རྩོད་ནད་ཡམས་སད་སེར་བཟློག །ཚེ་དཔལ་བསོད་ནམས་རླུང་རྟ་དར་རྒྱས་མཛོད། །ཅེས་པའང་བྱ་བྲལ་པས་སོ།།


JSD004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། རྔ་ཟླུམ་ཁ་གཅིག་པའི་བརྡུང་ཚིག་བདུད་དཔུང་ཟིལ་གནོན་རྩ་གསུམ་དགྱེས་པའི་བཞད་སྒྲ་ཞེས་བྱ་བ་བཞུགས་སོ། །དེ་ཡང་འདི་ལྟ་སྟེ། ཐོག་མར། ཨོཾ་ཨཱ་ཧཱུྃ། དེ་ནས་འུར་ཆེམས་རིམ་པ་གསུམ་ཕབ་མཐར། སྦྲི། བྱས། ཨེ་མ་ཧོ། བྱས་ལན་༣ ཨ་ལ་ལ་ ཧོ། བྱཾས ལན་༣ ཨེ་ཝཾ་མ་ཡ་ལོན་བཞི། ཟངས་མདོག་དཔལ་གྱི་རི་བོ་ནས། ལན༣ ཨོ་རྒྱན་པདྨ་ཨོ་རྒྱན་པདྨ་བྱོན་


JSD004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཡ བྱོན་ཡ་ཨེ་ཨ་རལླི་ཕེ་ཛ༔ ལན་༣ བྱིན་ཆེན་ཕོག་ཅིག འདི་འདྲ་དང་པོ་དལ་བརྡུང་ནས་རིམ་པས་ཇེ་མགྱོགས་མཐར་འུར་ཆེམས་ཕམ་པཱུ་ཛཿཧོ། བྱས། གུས་པས་བསྟོད། བྱས། དགྱེས་གྱུར་ཅིག༔ བྱས་ནས། བདུད་དཔུང་ཆོམས་ཤིག༔ འདི་ཡང་གོང་བཞིན་ཇེ་མགྱོགས་མཐར་འུར་ཆེམས། གཉིས་ཕབ། ལྷ་རྒྱལ་ལོ། ལན༣ བཀྶཾ་ཤིསཾ་དཔལ་འབར། མངྒལཾ། ཞེས་བཞག་གོ། །ཞེས་པའང་རི་ཁྲོད་ལྷུན་གྲུབ་སྡིངས་སུ་འབུམ་སྒྲོག་སྐབས་ཡུལ་ཆོས་་་


JSD004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ཏེ་བྱ་བྲལ་བུདྡྷས་བྲིས་པ་དགེ་ཞིང་བཀྲ་ཤིས།།


JSD004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་ཇོ་མོ་གཡང་རི་ཕྱུག་མོའི་གསོལ་མཆོད་ཕྲིན་ལས་འདོད་དགུའི་དཔལ་སྟེར།next