Nitartha Digital Library
Tibetan
 
previousཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་གnext

ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག

ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག

ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག་ལ། སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ལ་དྲུག་ལས། དང་པོ་ཡོ་བྱད་ཚགས་སུ་གཞུག་ཅིང་དཀོན་མཆོག་གསུམ་དང་སློབ་དཔོན་མངོན་དུ་འགྱུར་བའི་ཕྱིར་དང་པོར་བྱ་བ་ནི། བསྒྲུབ་བྱ་ལོ་ཉི་ཤུ་ལོན་པ་ཞིག་བསྙེན་པར་རྫོགས་འདོད་ན། སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་བཤམ། ཆོས་གོས་གསུམ། གདིང་པ་ཆུ་ཚགས་བརྙན་པོ་༼བརྙན་པོ། ཞེས་པ་འདི་བྲིས་མ་དང་གཟུགས་བརྙན་མ་ཡིན་པར་གཡར་པོ་ལ་གོ་དགོས། ༽ཚུན་ཆད་ཀྱིས་བཙལ་ལ། ཆོས་གོས་རྣམས་ཕྱི་ནང་མ་ལོག་མགོ་མཇུག་མ་ལོག་པར་བཞི་ལྟབ་༼བམ་བརྒྱད་ལྟབ༽ཏུ་བྱས་ཏེ་བརྐྱང་པ་དང༌། ལྷུང་བཟེད་གདིང་པ་ཆུ་ཚགས་རྣམས་མཁན་པོ་དང་ཉེ་བར་བཞག མེ་ཏོག་དང་རྩྭ་ཕ་གུ་དང་བཅས་པ་ཡང་སྟ་གོན་བྱའོ། །ལས་ལ་འདུ་བར་འོས་པའི་དགེ་སློང་ཐམས་ཅད་ལྟུང་བ་མཐོལ་བ་བཤགས་པ། བསྡམ་པ་བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་རྒྱུད་དག་པར་བྱས་ནས་འདུས་པ་དང༌། བསྒྲུབ་བྱ་དེ་ཕ་གུའི་སྟེང་དུ་རྩྭ་བཏིང་པ་ལ་བཞག་ནས། པཎ་ཆེན་གྱི་ཕྱག་ལེན་ལྟར། མཁན་པོས་སོ་སོའི་ཕྱག་ཏུ་མེ་ཏོག་ཕུལ་ནས་༼བསྒྲུབ་བྱའི་ལག་ཏུ་མེ་ཏོག་བཞག་སྟེ་ངས་སྟོན་པ་ལ་མེ་ཏོག་འཐོར་དུས་ཁྱེད་ཀྱི་སྟོན་པ་ལ་མེ་ཏོག་གཏོར། ངས་དགེ་འདུན་ལ་མེ་ཏོག་འཐོར་དུས་ཁྱེད་ཀྱིས་དགེ་འདུན་ལ་མེ་ཏོག་གཏོར་ཞེས་བཤད། དེ་སྐབས་ལས་གྲལ་བ་གཞན་གྱིས་མེ་ཏོག་འཐོར་མི་དགོས༽འགྲེང་སྟེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས་ལས་ཀྱི་སློབ་དཔོན་བཀས་གནང་པར་ཞུ། ༼མཁན་སློབ་སྦྲག་མ་ལ་འདི་མི་དགོས། ༽ ཆེ་གེ་མོས་གསང་སྟེ་སྟོན་པའི་སློབ་དཔོན་བཀས་གནང་པར་ཞུ། ཆེ་གེ་མོས་དབུ་མཛད་པ་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ནས་ཚེ་དང་ལྡན་པ་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་བཀས་གནང་པར་ཞུ། དངོས་དེ་ལྟར་ན་གཡར་ངོ་འཕྱར་ཞིང་མཆིས་ལགས། ཞེས་གསོལ་བ་བཏབ་ནས། བསྒྲུབ་བྱ་དེ་སྟོན་པའི་སྐུ་གཟུགས་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་༼འཚོལ། ཞེས་༽དང༌། ༼ལུང་ལས་ཕྱག་མཚན་དགུ་གསུངས་ཏེ། སངས་རྒྱས་དགེ་འདུན་མཁན་པོ་གསོལ། །སྣམ་སྦྱར་ཐོབ་ནས་ངོམ་པ་དང༌། །གསང་སྟེ་སྟོན་དང་མཇུག་ཡོན་དང༌། སངས་རྒྱས་དགེ་འདུན་ནང་འདྲིའོ། །གོས་བྱིན་རློབ་དང་ལས་བྱེད་གཉིས། །མདོར་གསུངས་རུང་མཐུན་སྦྱར་བའོ། །མཇུག་ཏུ་དྲིན་ལན་རིགས་པས་སྦྱར། །དེ་ལྟར་ཕྱག་མཚན་བཅུ་གཉིས་སོ། །མཆན་འདི་སྔོན་ནས་དཔེ་རྙིང་ན་ཡོད་དོ། །༽རང་དགེ་འདུན་གྱི་ནང་དུ་འཇུག་པའི་དོན་དུ་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེས་ཀྱང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པོ། །གཉིས་པ་མཁན་པོ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་མཁན་པོར་གསོལ་བ་གདབ་པ་ནི། བསྒྲུབ་བྱ་དེ་རྩྭའི་སྟེང་ནས་༼ང་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུ་བའི་དོན་དུ་ཕྱག་གསུམ་འཚོལ། ཞེས་༽མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། ཕ་གུའི་སྟེང་དུ་རྩྭ་བཏིང་པ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ནས། ཁྱོད་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་དོན་དུ་གཉེར་བ་དེ་ཤིན་ཏུ་ལེགས། ལེགས་པའི་རྒྱུ་མཚན། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་སྟེ། །དགེ་སློང་ཞེས་བྱ་སྡུག་བསྔལ་སྤོང་བ་ཡིན། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོའོ། །ཞེས་དང༌། ཇོ་བོ་རྗེས་ཀྱང༌། སོ་སོར་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་གསུངས། བསྙེན་པར་རྫོགས་པ་བསྒྲུབ་པར་བྱེད་པ་ལ་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་གཉིས་ལས། དང་པོ་ནི། སྔོན་སྲིད་པ་ཐ་མ་པའི་གང་ཟག་རང་བཞིན་གྱིས་དབང་པོ་དུལ་ཞིང་བག་དང་ལྡན་པ། ན་ཚ་ལ་སོགས་པ་འབྱུང་དཀོན། བྱུང་ཡང་ནད་གཡོག་དང་སྨན་ལ་སོགས་པ་རྙེད་སླ་བས་འཁྲིད་ཅིང་སྐྱོང་པར་བྱེད་པ་ལ་མི་ལྟོས་པས་ཚུར་ཤོག་ལ་སོགས་པ་༼ཚུར་ཤོག་ལ་སོགས་པ། ཞེས་མ་སྨོས་ན་ཆོག་སྙམ། ༽སྔོན་གྱི་ཆོ་གས་བསྙེན་པར་རྫོགས་པ་ཡིན། དུས་ཕྱིས་སྲིད་པ་ཐ་མ་པ་མ་ཡིན་པ་དག་མཁན་སློབ་མེད་པར། དགེ་འདུན་གསོལ་བཞིའི་ལས་ཀྱིས་གཅིག་ཆར་རབ་ཏུ་བྱུང་པ་དང་བསྙེན་པར་རྫོགས་པ་བྱས་པས་དེ་དག་ལས་མཁན་སློབ་མེད་པས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པས་ཁྱིམ་པ་མ་དད་ཅིང་མུ་སྟེགས་རྣམས་འཕྱ་བར་གྱུར་ཅིང༌། དགེ་སློང་འགའ་ཞིག་ནད་གཡོག་མེད་པར་ཤི་བར་གྱུར་པའི་སྐབས་དེ་གསོལ་པས། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང༌། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་དང༌། མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་གནང་ངོ་ཞེས་ད་ལྟར་གྱི་ཆོ་ག་བཅས་ལ། གནང་ངོ་ཟེར་ཡང་ཅི་དགར་སྣང་བའི་བསླབ་པ་མ་ཡིན་གྱི་ངེས་པར་བསྒྲུབ་པའི་བསླབ་པ་ཡིན་པས་མཁན་པོ་དགོས། དེའི་རྒྱུ་མཚན་ད་ལྟར་གྱི་གདུལ་བྱ་རྣམས་དགེ་བའི་རྩ་བ་དང་དབང་པོ་དང་ཤེས་རབ་མ་སྨིན་ཅིང༌། ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་ཤས་ཆེ་བས་འཁྲིད་ཅིང༌། སྐྱོང་པ་ལ་ལྟོས་པས་མཁན་སློབ་གནང་པ་ཡིན། མཁན་པོ་ཡང་ཅི་རུང་རུང་གིས་མི་ཆོག་གིས། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ། ལྔ་ཕྲུགས་དང་ལྡན་པ། ཁ་སྐོང་གི་ཆོས་དང་ལྡན་པ་ལ་མཁན་པོར་གསོལ་བ་བཏབ་པ་ཁས་བླངས་པ་ཞིག་དགོས། མཁན་པོའི་སྐད་དོད་ཨུ་པ་དྷྱ་ཞེས་པ་ཡིན་ལ། དེ་ལ་རྐྱེན་བྱིན་པས་ཨུ་པ་སན་དྷི་ཉེ་བར་སྦྱོར་བས་སྟེ། དངོས་སུ་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར། བརྒྱུད་ནས་མྱང་འདས་ལ་སྦྱོར་བར་བྱེད་པས་དང༌། ཨུ་པ་དྷ་ར་ཎ་ཉེ་བར་འཛིན་པ་སྟེ་ཕ་དང་བུའི་འདུ་ཤེས་ཀྱིས་བརྩེ་བས་དམན་པའི་གནས་སུ་ལྟུང་པ་ལས་ཉེ་བར་འཛིན་པས་དང༌། ཨུ་པ་དེ་ཤ་ཉེ་བར་ལུང་འབོགས་པའམ་སྟོན་པར་བྱེད་པས་མཁན་པོ་སྟེ། དོན་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་སྒྲུབ་པར་བྱེད་མཁན་བསྙེན་རྫོགས་ཀྱི་མཁན་པོ་ཞུ། དེའི་ཆེད་དུ་གསོལ་བ་གདབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་གྱིས། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། །ལན་གསུམ་བཟླས་ནས་གསུམ་པ་འདི་ལ་ཆ་གསུམ་ཡོད་པའི་གསོལ་གྱི་ཡན་ཆད་ཆ་དང་པོ། མཛད་དུ་གསོལ་ཆ་གཉིས་པ། རྫོགས་པའི་མཚམས་ཆ་གསུམ་པའི་ཐོག་མར་༼རམ་མཁན་པོ་མཛད་དུ་གསོལ། ཞེས་པའི་མཇུག་ཏུ་སེ་གོལ་གྱི་བརྡའ་གནང་སྟེ་ངེད་བསྙེན་རྫོགས་ཀྱི་༽མཁན་པོར་འགྱུར་ཞིང༌། གྱུར་ནས་བཙུན་པ་ཞེས་མི་བརྗོད། མཁན་པོ་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། མཇུག་ཏུ་ཐབས་ལེགས་བྱའོ། །གལ་ཏེ་སློབ་དཔོན་ཡིན་ན་སློབ་དཔོན་ལ་ཞེས་དང༌། རབ་བྱུང་གི་མཁན་པོ་ཡིན་ན། སྔར་མཁན་པོ་ཡིན་ཡང་ཆོ་ག་ཐ་དད་པས་འདིར་ཡང་གསོལ་བ་གདབ་དགོས་པས། སྔར་གྱི་རབ་བྱུང་གི་མཁན་པོ་ལ་ད་བསྙེན་རྫོགས་ཀྱི་མཁན་པོ་ཞུ་སྙམ་པ་གྱིས་བྱས་ལ། བཙུན་པ་ཞེས་པ་མཁན་པོ་ཞེས་པར་སྤོ། ཀུན་ལ་ཆ་གསུམ་པ་ལ་མཁན་པོ་མཁན་པོས་ཞེས་བརྗོད། ཐམས་ཅད་ཐུགས་ཆེས་པའི་ཕྱིར་ཀུན་གྱིས་ཐོས་པར་གསོལ་བ་གདབ་པོ། དེས་མཁན་པོ་མངོན་དུ་གྱུར་པར་བྱས་པ་ཡིན་ནོ། །གསུམ་པ་ཡོ་བྱད་མངོན་སུམ་དུ་འགྱུར་བའི་ཕྱིར་རྟགས་དང་ཆ་ལུགས་སྦྱིན་པ་ནི། མདོ་རྩ་བར། རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་ཉིད་ན་འོས་པ་ཉིད་ན་ཕྱག་བྱས་དེའོ། །ཞེས་བཤད་པས། ༼གོས་བྱིན་གྱིས་བརླབ་པའི་དོན་དུ་༽ཕྱག་གསུམ་ཚོལ་ལ་ངེད་ཀྱི་མདུན་དུ་ཤོག་ཅིག་ཅེས་བསྒྲུབ་བྱ་ལ་བསྒོ། གྲོགས་བྱེད་པ་ལ་ཆོས་གོས་གསུམ་བསྒྲུབ་བྱའི་ཕྲག་པ་གཡོན་ལ་ཁོལ་ལ་ཚེ་དང་ལྡན་པ་༼མིང་འདི་ཞེས་བགྱི་བ་༽འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་ཅིག ཅེས་བསྒོ། དེ་ནས་མཁན་སློབ་གཉིས་ཀ་འགྲེང་སྟེ་སྣམ་སྦྱར་བཟུང་ནས། འདི་སྣམ་ཕྲན་དང་གླེགས་བུ་འཐུད་ཅིང་སྦྱར་བས་ན་སྣམ་སྦྱར་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་དང་རབ་ཏུ་བྱུང་ཡང་བསྙེན་པར་མ་རྫོགས་པ་དགེ་ཚུལ་མན་ཆད་ལས་རྟགས་མཆོག་ཏུ་གྱུར་པ་ཡིན། ངོ་ཚ་ཁྲེལ་ཡོད་བསྐྱེད། དགེ་སྦྱོང་གི་དྲན་པ་གསོ། ལྷ་དང་བཅས་པའི་མཆོད་རྟེན་དུ་འགྱུར་བའི་ཕྱིར་གནང་བ་ཡིན་པས་འཚོ་བའི་ཡོ་བྱད་སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་བཟླས་ཐབས་ལེགས་བྱས་ལ་ཕྲག་པ་གཡས་སུ་སྤོ། དེ་ལྟར་བླ་གོས་བཟུང་ནས་འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་ཞེས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་བྱེད། དགེ་སློང་གི་དྲན་པ་གསོ། ཚ་གྲང་ལ་སོགས་པའི་འཚེ་བ་ལས་སྐྱོབ་པའི་གོས་ཡིན་པས་བླ་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་བྱ། སྣམ་སྦྱར་ཅེས་པ་བླ་གོས་ཞེས་འདོན་པ་སྤོ། གཞན་འདྲ། དེ་ཕྲག་པ་གཡས་སུ་སྤོས་ལ། མཐང་གོས་སྔར་ལྟར་བཟུང་སྟེ། འདི་སྨད་ཀྱི་ནང་དུ་གྱོན་པའི་མཐང་གོས་ཞེས་བྱ་བ་སྨད་གཅེར་བ་དང་ངོ་ཚ་བ་དང་གནོད་པ་ལས་སྐྱོབ། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་ཡིན་པས་མཐང་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་བྱ། སྣམ་སྦྱར་ཞེས་པ་མཐང་གོས་ཞེས་སྤོ་གཞན་འདྲ། བླ་གོས་དང་སྣམ་སྦྱར་སྦྲགས་ཏེ་མཁན་པོས་བསྐོན་ཅིང་༼གྲོགས་བྱེད་པའི་དགེ་སློང་གཞན་གྱིས་བསྐོན་ཆོག༽ཀུན་གྱིས་སྨོན་ལམ་བཞི་གདབ་པོ། །༼དེ་ནས་ཁྱེད་ཀྱིས་སྣམ་སྦྱར་གྱི་རྒྱལ་མཚན་ཐོབ་པ་ཡིན་པས་དགའ་སྤྲོ་དང་བཅས་ཏེ་དགེ་འདུན་ལ་ཕྱག་གསུམ་ཚོལ་ཅིག ཅེས་བསྒོ། དེ་མ་ཐག་རྩྭའམ་གདིང་པའི་སྟེང་ནས་དགེ་འདུན་ལ་སྣམ་སྦྱར་ངོམ་པའི་ཕྱག་གསུམ་བྱའོ། །གལ་ཏེ་ཆོས་གོས་གསུམ་གྱི་དངོས་ཀྱི་བྱིན་བརླབས་འཆགས་པ་མེད་ཅིང་རྒྱུ་དང་ཁ་དོག་རུང་བ་ཡོད་ན་སྔར་བཞིན་བཟུང་ལ། འདི་སྣམ་སྦྱར་གྱི་རྒྱུར་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ།འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་བྱུང་ན་བཀྲུའོ། །བརྐྱང་ངོ༌། །དྲའོ་ལྡེབ་པོ། །ཟུངས་གདབ་པོ། །དྲུབ་པོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །བླ་གོས་ལ་སྣམ་སྦྱར་དུ་ཞེས་པ་བླ་གོས་སུ་ཞེས་དང༌། སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་གསུམ་པར་བགྱིའོ། །ཞེས་དང༌། མཐང་གོས་ལ་སྣམ་སྦྱར་དུ་ཞེས་པ་མཐང་གོས་སུ་ཞེས་དང༌། སྣམ་ཕྲན་ལྔ་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བརྗོད། གཞན་འདྲའོ། །དངོས་དང་རྒྱུའི་བྱིན་བརླབས་མི་འཆགས་པ་རྔ་ཐེར་རེ་ཐེར་སོགས་རྒྱུ་མི་རུང་པ་དང་བཙོད་སོགས་ཚོས་ཆེན་གྱིས་བཙོས་པ་ལ་སོགས་རྐྱེན་དེ་ལྟ་བུ་ཡོད་ན་རྐྱེན་དབང་གིས་བྱིན་གྱིས་བརླབས་ཏེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ཞེས་སོགས་འདོན་པ་བསྒྱུར་གཞན་འདྲའོ། །ལྷུང་བཟེད་སྟོན་པར་བསྐོས་པས། ལྷུང་བཟེད་དུ་སྨན་ནམ་མེ་ཏོག་ཅུང་ཟད་བླུག་པ་ལག་པ་གཡོན་པར་བཞག གཡས་པས་བཀབ་སྟེ། དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས་རྒན་ན་བཙུན་པའམ། གཞོན་ན་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བའི་༼ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བའི། ཞེས་པའི་བར་མ་བརྗོད་པར་འདི་ནས་བརྗོད་ན་ཆོག༽ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་སྐྱའམ་ཞེས་དྲི། དེ་ལྟ་བུ་མ་ཡིན་ན། རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །༼དེ་ནས་དགེ་སློང་གཞན་ཞིག་གིས་སྟོན་མཁན་དེ་ལ་དེ་ལྟར་བྱེད། མཁན་པོ་ལ་སྟོན་མི་དགོས་སོ། །ལྷུང་བཟེད་སྟོན་པ་འདི་གོས་བྱིན་བརླབ་ཀྱི་མགོ་ན་བྱེད་དེ་དེ་ནས་གོས་བྱིན་རླབས་དང་ལྷུང་བཟེད་བྱིན་བརླབ་བྱེད་ན་ལག་ལེན་ན་བདེ་བར་གསུངས་སོ། །༽དེ་ནས་ལྷུང་བཟེད་དེ་མཁན་སློབ་གཉིས་ཀ་འགྲེང་པའི་ལག་པ་གཡོན་པར་བཞག གཡས་པས་བཀབ་ལ། འདི་བསོད་སྙོམས་ཀྱི་ཟས་ལྷུང་པ་བཟེད་པར་བྱེད་པས་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པའི་ཁ་ཕོར་དང་མུ་སྟེགས་ཀྱི་སློང་ཕོར་སོགས་ལས་རྟགས་ཁྱད་པར་དུ་གྱུར་པ་འདི་ཟས་ཀྱི་འགེངས་པ་བཞིན་དུ་རང་རྒྱུད་ཡོན་ཏན་གྱིས་གང་བར་བྱེད། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་ལྟར་ཆོས་ལ་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུའང་གནང་པ་ཡིན་པས་འཚོ་བའི་ཡོ་བྱད་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་ཀྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱིས་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ། ལན་གསུམ་བཟླས། ཐབས་ལེགས་བྱའོ། ། ༼ལྷུང་བཟེད་གཡར་པོ་ཡིན་ན་རབ་བྱུང་གི་སྐབས་ལྟར་གཏད་པ་ལས་བྱིན་རླབས་མི་དགོས་སོ། ། དེས་ན། འདི་ལྷུང་བཟེད་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་སྤྱོད་པ་བཞིན་དུ་ཆོས་ལ་སྤྱོད་དགོས། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་གནང་བ་ཡིན་པས་ཟུང་ཅིག༽གདིང་བ་གཏད་ལ། འདི་ཆོས་གོས་གདིང་བ་ཞེས་བྱ་བ། ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲའོ་ཕལ་ཆེར་མ་ཉམས་པ་དང༌། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པའི་གནས་མལ་ལ་འདི་ལྟ་བུས་སྐྱབས་ཏེ་ལོངས་སྤྱོད་དགོས་པས་གདིང་བ་འདི་ལྟ་བུ་བྱིན་གྱིས་བརླབས་ནས་བཅང་དགོས། དེས་མཚོན་ནས་གཞན་གྱི་ལོངས་སྤྱོད་གང་ལ་ཡང་ཕངས་མེད་དུ་ལོངས་སྤྱོད་པ་སྤང་དགོས། འདི་ཆུ་ཚགས་ཞེས་བྱ་བ་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས། ཁྱད་པར་དུའང་རབ་ཏུ་བྱུང་བ་སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་སྤང་དགོས།བྱེ་བྲག་ཏུ་ཡང་ཆུ་འདི་ནམ་དུ་ཡང་དགོས་པས། སྲོག་ཆགས་མེད་པ་མ་རྙེད་ན། ཆུ་ཚགས་འདི་ལྟ་བུས་བཙགས་ཏེ་སྲོག་ཆགས་ལ་གནོད་པ་མེད་པ་བྱ་དགོས། དེས་མཚོན་ཡོ་བྱད་གང་ལ་ཡང་སེམས་ཅན་ལ་མི་གནོད་པར་བྱ་དགོས་སོ། །དེས་ཡོ་བྱད་མངོན་དུ་གྱུར་པར་བྱས་པ་ཡིན། རེ་ཞིག་དགེ་སློང་འདི༼ས་བསྒྲུབ་བྱ༽་ཕྱི་ལ་སོང་ཤིག ཅེས་བརྗོད། གྲོགས་བྱེད་པས་ཀྱང༌། དེ་ཁྲིད་ལ་ལས་མི་ཐོས་ཤིང༌།༼ལས་ཐོས་པའི་སར་ཡིན་ན་རྣ་བ་འགེབས་སུ་བཅུག་སྟེ་༽ལས་གྲལ་ནས་མཐོང་སར་གདིང་བའི་སྟེང་དུ་ཚོགས་ལ་མངོན་དུ་ཕྱོགས་པར་འགྲེང་སྟེ་ཐལ་མོ་སྦྱར་ཏེ་བཞག་ལ། རང་ཉིད་ལས་གྲལ་དུ་འཁོད་པར་བྱའོ། །བཞི་པ་ཡོངས་སུ་དག་པ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གསང་སྟོན་བསྐོ་ཞིང་དེས་ཇི་ལྟར་བྱ་བ་ལ། ༼འདི་མན་ཆད་གསང་སྟོན་དང་དུས་གོ་མ་གཏོགས་ལས་སློབ་ལོགས་སུ་ཡོད་ན་དེས་བརྗོད་དགོས་ལ། མེད་ན་མཁན་པོས་བརྗོད་དགོས་སོ། །༽གསང་སྟོན་བསྐོ་བའི་ཐོག་མར་ལས་བྱེད་པས་སྔོན་དུ་འགྲོ་བའི་ལས་གཉིས་དགོས་ན་བགྱིད་འཚལ་ཞིང༌། དང་པོ་ལྟུང་ཐུན་བྱིན་གྱིས་བརླབས་པ་འདི། ལས་གྲལ་དུ་མ་འདུས་གོང་དུ་བྱ་བར་གསུངས་ཀྱང་སྔར་མ་གྲུབ་པས་འདིར་བགྱིད། དེ་ཡང་ཀུན་ལ་ལག་ཉ་ལ་སོགས་ལྟུང་བ་ཐུན་མོང་པ་ཡོད་སྲིད་ན། དེ་དག་གིས་ལས་ལ་མི་སྒྲིབ་པར་བགྱི་བའི་སླད་དུ་བྱིན་གྱིས་བརླབས་པས་རེ་ཞིག་དག་པར་གསུངས་པས་སྤྱོད་ལམ་བསྟུན་ནས་བྱིན་གྱིས་བརླབ་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་པ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་པ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་པ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གནས་ལ་བློ་མཐུན་བགྱི་བས་ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་བསྙེན་རྫོགས་ཀྱི་ཕྲིན་ལས་ཀྱི་གནས་སུ་ཐུགས་བསྟུན་པ་ལ་གསོལ་ལས་བརྗོད་པ་ལ་གཉིས་ལས། གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད༌༈གྲུབ་པའམ། བགྱིས་པའམ། ༈ ལགས་པ་ནང་མཚམས་༼གང་རུང་བརྗོད་པས་ཆོག་ལ་གནས་གྲུབ་ཟིན་པ་ཡིན་ན་ཕྱི་མ་བརྗོད་ལ༽དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང༌། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གྲུབ་པ་ནི་རང་གྲུབ་པ། བགྱིས་པ་ནི་སྐྱེས་བུས་བྱས་པ། ལགས་པ་ནི་ཟིན་པ་སྟེ། གསུམ་པོ་གང་ཡིན་དེ་བརྗོད་ཀྱི། གསུམ་ཀ་བརྗོད་དགོས་པ་མིན་ནོ། །སྔར་བློ་མཐུན་བྱས་ལ་མ་ཞིག་ན། འདི་བྱ་མི་དགོས་སོ། །དེ་ནས་ལས་བྱེད་པས། མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི། ༼གསང་སྟོན་དུ་འོས་པ་༽དེས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལགས་ཞེས་ལན་གདབ། ༼གསང་སྟོན་འོས་པའི༽མིང་འདི་ཞེས་བྱ་བ་ཁྱོད། མཁན་པོ་མིང་འདི་ཞེས་བྱ་བ་༼བསྒྲུབ་བྱ༽མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ། ཞེས་དྲི། དེས་སྤྲོ་བྱས་ལ་ལན་གདབ། ཁོང་སྤྲོ་བར་གདའ་བས་གསང་ཏེ་སྟོན་པ། བསྐོ་བ་ལ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་ལ། གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་སློང་མིང་འདི་ཞེས་བྱ་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟོན་དེས་བསྒྲུབ་བྱའི་གནས་སུ་ཕྱིན་ལ། རང་ལ་ཕྱག་གསུམ་འཚལ་དུ་བཅུག མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ནས། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཡོད་མེད་ལེགས་པར་ངས་དྲིས་པས་ཤེས་པས་ཁྱོད་ལ་དྲི་བར་བྱ། ཆོ་ག་ལས། འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཞེས་པ་བདེན་པར་སྨྲ་བའི་དུས་དང་འབྱུང་པའི་དུས་ཏེ་ཡང་དག་པའི་མཐའ་སྨྲ་བའི་དུས་ཡིན་པས། ལན་དྲང་པོར་ཐོབ་ཅིག ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་གཅིག་དྲིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལའང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། ཡིན་ལགས། སྐྱེས་པའི་དབང་པོ་དང་ལྡན་ནམ།དེས་ལྡན་ལགས། ལོ་ཉི་ཤུ་ལོན་ནམ། ལོན་ལགས། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཚང་ལགས། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། གནང་ཞེའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ།དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི། དེས་མ་ལགས་ཞེས་བརྗོད། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང༌། ཅུང་ཟད་ཆགས་པ་མེད་དམ། ཆགས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། མི་ནུས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད། འཇལ་ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་པ་མ་ཡིན་ནམ། བྱུང་ངོ་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས། ལྟུང་བ་གང་ཡང་རུང་བ་བྱུང་པ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ལྟུང་བ་བྱུང་ངོ་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད།མ་བྱུང་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་པ་མ་ཡིན་ནམ། དེས་ཡིན་ལགས། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། སྤྱད་ལགས། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད།༼རབ་བྱུང་དང་དཀྱུས་མི་གཅིག་ན་སྔར་གྱི་རབ་བྱུང་གི་མཁན་པོའི་མིང་ནས་སྨོས་དགོས།༽ ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་པ་འདི་ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌།ཤ་བཀྲ་དང༌། ཁྱི་རྔོ་དང༌། གཡའ་བ་དང༌། ཀློག་པ་དང༌། རྐང་ཤུ་དང༌། སྐེམ་ནད་དང༌། སྐེམ་པ་དང༌། བརྗེད་བྱེད་དང༌། བཀྲེས་རབ་དང༌། སྐྱ་སྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌།ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་དུང་པ་དང༌། ཤུ་བ་དང༌། བསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌།དབུགས་མི་བདེ་བ་དང༌། ལྷོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་དང༌། ཁྲག་ནད་དང༌།འཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ཆུ་འགགས་པ་དང༌། ངལ་བ་དང༌། ལུས་ཚ་བ་དང༌། རྩིབས་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང༌། འདི་ལྟ་བུ་གཞན་དག་ཀྱང༌། ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་ལ་ད་ལྟ་ངས་དྲིས་པ་དེ་ཉིད་དགེ་འདུན་གྱི་དབུས་སུ་ཡང་འདྲི་བས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་མ་བོས་ཀྱི་བར་དུ་མ་འོངས་པར་སྡོད་ཅིག ངས་དགེ་འདུན་ལ་ཞུས་ལ་འོང་གིས། ཞེས་བརྗོད་ལ། དགེ་འདུན་གྱི་ནང་དུ་འོངས་ཏེ། རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས། དགེ་༼འདུན་བཙུན་པ་རྣམས་གསན་དུ༽གསོལ། བདག་གིས་༼ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་༽མཁན་པོ་མིང་འདི་ཞེས་བགྱི་བས། ༼ཚེ་དང་ལྡན་པ་༽མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ་ཞེས་ཞུ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེས་བསྒྲུབ་བྱ་ལ་དགེ་འདུན་གྱིས་གནང་གིས་ཤོག་ཅིག་ཅེས་བོས་ལ། དགེ་འདུན་གྱི་ནང་དུ་གདིང་བའི་སྟེང་ནས་འཇུག་ཡོན་༼ཕྱག་གསུམ་འཚལ་དགོས་པས་གསང་སྟོན་དགེ་འདུན་གྱི་གྲལ་འཇུག་ནས་འགྲེང་སྟེ་གནས་པས་བསྒྲུབ་བྱ་ལ། དགེ་འདུན་སྤྱི་ལ་དམིགས་པའི་ཕྱག་གསུམ་འཚོལ། ཞེས་༽ཕྱག་གསུམ་འཚལ་དུ་བཅུག་སྟེ། རང་གྲལ་དུ་འཁོད་དོ། ། ལྔ་པ་གསོལ་བ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གསོལ་བ་གདབ་པ་ནི། ལས་བྱེད་པས་༼མཁན་སློབ་སྦྲག་མ་ཡིན་ན་མཁན་པོས། ཁྱེད་བསྙེན་རྫོགས་དངོས་གཞི་བསྒྲུབ་པའི་དོན་དུ་སྐུ་གཟུགས་འདི་བསྟན་པའི་བདག་པོ་དངོས་ཡིན་སྙམ་དུ་ཕྱག་གསུམ་འཚོལ། ༽སྟོན་པ་༼ལ་ཕྱག་གསུམ་༽དང་དགེ་འདུན་༼སྤྱི་༽ལ་༼དམིགས་པའི་ཕྱག་གསུམ་སྟེ་ཕྱག་གསུམ་གསུམ་འཚལ་དུ་གཞུག དེ་ནས་ལས་བྱེད་པ༼འམ་མཁན་སློབ་སྦྲག་མ་ཡིན་ན་མཁན་པོ༽འི་མདུན་དུ་ཕྱག་འཚལ་དུ་བཅུག་སྟེ། འདུག་ཏུ་གཞུག་ཅིང༌། འདུག་ཏུ་བཅུག་ནས་བསྙེན་པར་རྫོགས་པར་གསོལ་དུ་གཞུག ཅེས་འགྲེལ་པར་ལུང་དྲངས་པའི་དོན་ཡིན་པས། ༼བསྙེན་རྫོགས་གསོལ་འདེབས་རྗེས་ཟློས་ཀྱི་ཆེད་དུ་ང་ལ་ཕྱག་གསུམ་འཚོལ། ཞེས་བརྡའ་སྦྱར་ནས་༽ངེད་ལ་ཕྱག་གསུམ་ཚོལ་ལ་ཕ་གུའི་སྟེང་དུ་རྩྭ་བཏིང་པ་ལ་རྟིང་པ་གཉིས་བཀན་ནས། ཙོག་ཙོག་པུར་ཐལ་མོ་སྙིང་ཁར་སྦྱོར་ལ་འདུག་ཅིག ༼བསྡུ་ན་འདི་ནས་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ། ཞེས་པར་འགྲོ༽ཁྱོད་བསྙེན་པར་རྫོགས་པར་འདོད་པ་དེ། དགེ་འདུན་གྱི་ལས་ཀྱིས་བསྒྲུབ་དགོས། ལས་བརྒྱ་རྩ་གཅིག་ཡོད་པ། སློབ་དཔོན་དུལ་ལྷས།དགོས་ཆེད་ཀྱི་སྒོ་ནས་ལས་རིགས་བཅུ་གསུམ་དུ་བསྡུས། སློབ་དཔོན་ཐོགས་མེད་ཀྱིས་གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས་སུ་བསྡུས་ཤིང༌། འདིར་སེམས་ཅན་ལ་བྱ་བ་ཡིན། དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་པའི་རྟེན་ལ་བྱ་བ་གཉིས་ལས་འདིར་རབ་བྱུང་གི་རྟེན་ལ་བྱ་བ་ཡིན། དེ་ལ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྟེན་ལ་བྱ་བ་ལས་འདིར་མ་རྫོགས་པའི་རྟེན་ལ་བྱ་བ་ཡིན། དེ་ལ་སྦྱིན་པའི་ལས་དང་མི་མཐུན་པའི་ལས་གཉིས་ལས། འདིར་སྦྱིན་པའི་ལས་དེའི་ནང་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པའི་ལས་ཡིན་ལ། སྦྱིན་ལས་མཚན་ཉིད་པ་ཐམས་ཅད་ལ་གསོལ་བ་ལན་གསུམ་བཏབ་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་དགོས། གང་ལ་གསོལ་བ་འདེབས་ན། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པས་གང་ལས་སྡོམ་པ་ཐོབ་པར་འགྱུར་བའི་དགེ་འདུན་གྲངས་ཚང་པ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་སྟེ། མཚན་ཉིད་གསུམ་ལྡན་ལ་གསོལ་བ་འདེབས། གསོལ་བ་འདེབས་པའི་དོན་ཆོ་གའི་ཚིག་ཟུར་ལས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། ཞེས་འབྱུང་སྟེ། བསྙེན་པར་རྫོགས་པ་ནི་སཾསྐྲྀ་ཏའི་སྐད་ལས། ཨུ་པ་སམྤ་ཏ་ཞེས་པའི་ཨུ་པ་ནི་ཉེ་བ།སམྤ་ཏ་རྫོགས་པ་སྟེ། རྫོགས་པ་དང་ཉེ་བ་ནི་རྫོགས་པར་བསྙེན་པ་སྟེ། རྫོགས་པ་ནི་མྱ་ངན་ལས་འདས་པ་དེ་དང་བསམ་སྦྱོར་གཉིས་ཀྱིས་ཁད་ཉེ་བས་ན་བསྙེན་པ་སྟེ། དེ་ལ་དོན་འགྱུར་དུ་མཛད་ནས་བསྙེན་པར་རྫོགས་པ་ཞེས་པ་སྟེ། དེ་ལྟ་བུའི་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་ཏུ་གསོལ་ཞེས་བྱ་བ་ཡིན། དྲང་པར་གསོལ་ཞེས་འབྱུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ས་ནས་ལྡན་པའི་སར་དྲང་དུ་གསོལ། ཞེས་པ་ཡིན། རྗེས་སུ་གཟུང་དུ་གསོལ། ཞེས་འབྱུང་སྟེ། སྔར་མ་ཐོབ་པའི་སྡོམ་པ་སྦྱིན་པའི་སྒོ་ནས་རྗེས་སུ་གཟུང་དུ་གསོལ་ཞེས་པ་ཡིན་རྗེས་སུ་བསྟན་དུ་གསོལ་ཞེས་འབྱུང་སྟེ། འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་ཐར་པའི་ལམ་བསྟན་དུ་གསོལ་བྱ་བ་ཡིན། ཐུགས་བརྩེ་བ་ན་ཞེས་པ་ནི། བརྩེ་བས་དམ་པའི་ལམ་ལ་འཇུག་པར་མཛད་པས་ན། ཐུགས་བརྩེ་བ་ཅན། དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་ཕན་འདོགས་ལ་རེ་བ་མིན་གྱི། ཐུགས་བརྩེ་བ་སྔོན་དུ་བཏང་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་པ། ཐུགས་བརྩེ་བས་ཀུན་ནས་བསླང་སྟེ། བསྙེན་པར་རྫོགས་པར་མཛད་དུ་གསོལ་བྱ་བ་ཡིན་པས་དོན་དེ་རྣམས་དྲན་པའི་སྒོ་ནས། ལན་དུ་ལྷག་ཆད་ནོར་འཁྲུལ་མེད་ཅིང༌། བྱེད་ཚིག་མ་འཆོལ་བར། དགེ་འདུན་མཐའ་དག་གིས་གསན་པའི་རྗེས་ཟློས་སྐད་ཆེ་ལ་བརྗོད་པ་དག་པ་གྱིས།

༈ ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་དགེ་འདུན་ལ་གསོལ་བ་ལན་གསུམ་གྱི་བར་དུ་འདེབས་དགོས་པས་ངེད་ཀྱི་རྗེས་ཟློས་གྱིས༽དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྷག་པོར་མ་གཏོགས་པ་རང་དོན་དུ་བརྗོད་པའི་སྔགས་རྣམས་ལན་གསུམ་བཟླ་དགོས་པས་གཉིས་པའི་ཡང་རྗེས་ཟློས་མཛོད། གལ་ཆེ་བས་གསུམ་པའི་ཡང་རྗེས་ཟློས་མཛོད། དེ་ལྟར་གསོལ་བ་ལན་གསུམ་བཏབ་པས་དགེ་འདུན་གྱིས་ཀྱང་ཅང་མི་གསུང་པའི་སྒོ་ནས་གནང་བ་བྱིན་པ་ཡིན། དེས་གསོལ་བ་མངོན་སུམ་དུ་གྱུར་པར་བྱས་པ་ཡིན་ནོ། ། དྲུག་པ་དགེ་འདུན་ཐུགས་ཆེས་པར་བྱ་བའི་ཕྱིར་ནང་དུ་བར་ཆད་དྲི་བ་ལ་གཉིས་ལས།དང་པོ་སྔོན་འགྲོ་གསོལ་བའི་ལས་བགྱིད། ཁྱེད་རང་རྗེས་ཟློས་བགྱི་མི་འཚལ། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་འཚལ། དགེ་༼འདུན་བཙུན་པ་རྣམས་གསན་དུ་༽གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །གཉིས་པ་བར་ཆད་དྲི་བ་དངོས་ནི། དེ་ནས་བསྒྲུབ་བྱ་ལ་ངེད་ལ་༼ནང་དུ་བར་ཆད་དྲི་བའི་ཕྱིར་༽ཕྱག་གསུམ་འཚོལ། ༼དེ་ནས་༽སྔར་བཞིན་འདུག་ཅིག་ཅེས་བསྒོ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ། རྒྱུད་བར་ཆད་ཀྱི་ཆོས་ཀྱིས་དག་པ་ཅིག་དགོས། བར་ཆད་ཅན་བསྙེན་པར་རྫོགས་ན་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་མི་གནས་པ་ལ་སོགས་པའི་སྒོ་ནས་ཁྱེད་ལ་ཕན་མི་ཐོགས་ཤིང༌། ངེད་ལ་ཉེས་པར་འགྱུར། བར་ཆད་མེད་ན་ཁྱེད་ལ་སྡོམ་པ་སྐྱེ་བས་དོན་ཆེན་པོ་འགྲུབ་པ་ཡིན། བར་ཆད་གསང་སྟོན་གྱིས་དྲིས་པས་ཆོག་མོད་སྙམ་ན། བར་ཆད་གློ་བུར་བ་ཡིན་པས་གསར་དུ་བྱུང་པ་ཡང་སྲིད། སྔར་མ་དྲན་པ་དྲན་པ་ཡང་སྲིད། གསང་སྟོན་གྱིས་ཡོད་པ་སྦས་པ་དང༌། མེད་པ་སྤྱི་གཏོལ་གྱིས་སྨྲས་པ་སྲིད་པ་སོགས་དགོས་བྱེད་འབའ་ཞིག་ཡོད་ཀྱང༌། གཙོ་ཆེར་དགེ་འདུན་ཐུགས་ཆེས་པའི་ཕྱིར་ནང་དུ་འདྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་འདི་ནི་ཁྱོད་ཀྱི་བདེན་པའི་དུས།འདི་ནི་འབྱུང་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲིས། ཁྱོད་མ་འཛེམས་པར་བྱོས་ལ།ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལའང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། ཡིན་ལགས། སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ལགས། ལོ་ཉི་ཤུ་ལོན་ནམ། ལོན་ལགས། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཚང་ལགས། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། གནང༌། གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོང་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི། དེས་མ་ལགས་ཞེས་བརྗོད། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། ཆགས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། མི་ནུས་ཟེར་ན་འོ་ན་སོང་ཞིག ཅེས་བརྗོད། འཇལ་ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་པ་མ་ཡིན་ནམ། རབ་ཏུ་བྱུང་ངོ་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་པ་ཞིག་བྱུང་པ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ལྟུང་བ་བྱུང་ངོ་ཟེར་ན་འོ་ན་སོང་ཤིག ཅེས་བརྗོད། མ་བྱུང་ངོ་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་པ་ཡིན་ནམ།དེས་ཡིན་ལགས། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། སྤྱད་ལགས། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིགམི་རྣམས་ཀྱི་ལུས་ལ་ནད་ཀྱི་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་རྔོ་དང༌། གཡའ་བ་དང༌། རློག་པ་དང༌། རྐང་ཤུ་དང༌། སྐེམ་ནད་དང༌། སྐོམ་པ་དང༌། རྗེད་བྱེད་དང༌། བཀྲེས་ངབ་དང༌། སྐྱ་སྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་དུབ་པ་དང༌། ཤུ་བ་དང༌། བསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ལྟོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་དང༌། ཁྲག་ནད་དང༌། འཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ཆུ་འགགས་པ་དང༌། ངལ་བ་དང༌། ལུས་ཚ་བ་དང༌། རྩིབ་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་པ་དང༌། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད། འོ་ན་བསྙེན་པར་རྫོགས་པར་རུང་བར་འདུག་ཅིང་ཡོངས་སུ་དག་པ་མངོན་དུ་གྱུར་པ་ཡིན་ནོ། །གཉིས་པ་དངོས་གཞིའི་ཆོ་ག་ལ། ༼བསྡུ་ན་འོག་ཏུ་དེ་ནས་ཁྱོད་བསྙེན་པར་རྫོགས་པར། ཞེས་པར་འགྲོ། ༽ཁྱོད་བསྙེན་པར་རྫོགས་པར་སྒྲུབ་པ་ལ། གདམས་ངག་གི་བཤད་པ་མེད་ཀྱང་ལས་འཆགས་མོད་ཀྱི། འོན་ཀྱང་མྱང་འདས་ཀྱི་བསམ་པ་བརྟན་པོ་དང༌། ཐོབ་ཤེས་ཀྱི་བསམ་པ་བསྐྱེད་པའི་ཕྱིར། གདམས་ངག་གི་བཤད་པ་ཅུང་ཟད་བརྡ་སྤྲོད་པ་ནི། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དང་བསྟུན་ན། བྱེད་རྒྱུ་ལྷན་ཅིག་འབྱུང་པ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམས་པ་དྲུག་ཏུ་འདོད། །ཅེས་གསུངས་པའི་རྒྱུ་ལ། བྱེད་རྒྱུ། སྐལ་མཉམ། ལྷག་ཅིག་འབྱུང་པ་སྟེ་གསུམ། རྐྱེན་ནི་བཞི་པོ་དག་ཏུ་གསུངས། ཞེས་རྐྱེན་བཞི་ལས། རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་ཏེ། རྒྱུ་རྐྱེན་ལྔ་ཚང་པ་ལས་སྐྱེ་ཞེས་བརྡ་སྤྲད་ཀྱང་རུང༌། འགལ་རྐྱེན་བཞི་སྤངས། མཐུན་རྐྱེན་ལྔ་ཚང་པ་ལས་སྐྱེ་ཞེས་བརྡ་སྤྲད་ཀྱང་རུང་མོད་ཀྱི། འདིར་ལུང་གཅིག་ལས་འཕྲོས་པ་བཅུ་པའི་སྐབས་ལས། མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང༌། སངས་རྒྱས་མངོན་སུམ་དུ་གྱུར་པ་དང༌། ཆོས་མངོན་སུམ་དུ་གྱུར་པ་དང༌། མཁན་པོ་མངོན་སུམ་དུ་གྱུར་པ་དང༌། སློབ་དཔོན་མངོན་སུམ་དུ་གྱུར་པ་དང༌། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་དང༌། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་གྱུར་པ་དང༌། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང༌། གསོལ་བ་མངོན་སུམ་དུ་གྱུར་པ་དང༌། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །ཞེས་གསུངས། མངོན་སུམ་དུ་གྱུར་པ་ཞེས་པ་མངོན་གྱུར་ལ་འཆད་ཅིང༌། སྟོན་པ་ནི། དགེ་འདུན་ལ་སྟོད་འདུལ་སྨད་འདུལ་གཉིས་ཀའི་བླ་མ་དག་འཆད་གསུང༌། དེ་ལ་སྐྱབས་སུ་འགྲོ་ཡུལ་དཀོན་མཆོག་གསུམ་ནི་བསྒྲུབ་བྱའི་བློ་ཡུལ་དུ་གྱུར་པས་ཆོག་གི མངོན་དུ་འགྱུར་མི་དགོས། འདིར་མངོན་འགྱུར་གྱི་སངས་རྒྱས་ནི། སྟོན་པའི་སྐུ་གཟུགས་བཞུགས་པས་ཆོག་ཅིང༌། དེ་མཐོང་པ་ཙམ་ལའང་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། རྒྱལ་པོ་ཨུ་ཏྲ་ཡ་ན་དང༌། རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱིས་སྟོན་པའི་སྐུ་བྲིས་པ་མཐོང་པ་ཙམ་གྱིས་བདེན་པ་མཐོང་ནས། རིང་ན་བཞུགས་ཀྱང་སངས་རྒྱས་ཀྱི། །ཤེས་རབ་མིག་གིས་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོལ་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། དེས་ན་མདོ་རྩ་བར། སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག ཅེས་གསུངས་པ་ལྟར། སྟོན་པའི་སྐུ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག ཆོས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་པ། ཁྱད་པར་སྒྲུབ་པ་པོའི་ཆོས་དགེ་སློང་གི་བསླབ་པ་ལ་ནན་ཏན་དུ་བྱེད་པ། ལུང་གི་ཆོས་ལས་ཀྱི་ཆོ་ག་མ་ཉམས་པར་ཡོད་པ་དགོས་ཏེ། འདིར་བྱོན་པའི་དགེ་སློང་ཐམས་ཅད་བསླབ་པ་ལ་ནན་ཏན་སྙིང་པོར་མཛད་པ་དང༌། ལས་ཀྱི་ཆོ་ག་དངོས་སུ་ཡོད་པས་ཆོས་མངོན་གྱུར་ཚང༌། དགེ་འདུན་ལ་གྲངས་ཚང་པ་ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་དགོས་པ་ལ། གྲངས་ནི་ཡུལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་གིས་དབུས་སུ་དགེ་སློང་བཅུ་ཡན་ཆད། མཐའ་འཁོབ་ཏུ་གཞན་མེད་ན་འདུལ་བ་འཛིན་པ་ལས་མཁན་པོ་དང་ལྔ་ཡན་ཆད་དུ་ཚང་པ་དགོས་པ་ལ། བོད་འདི་མཐའ་འཁོབ་ཡིན་ཡང་དགེ་འདུན་གྱི་གྲངས་ཡུལ་དབུས་དང་མཚུངས་པར་བཞུགས། ཁ་སྐོང་གི་ཆོས་ལ་འདི་ཆོས་ཕྱོགས་པའི་ལས་ཡིན་པས། མི་འདུག་པར་འགྲེང་པ་མ་ཡིན་པ་སོགས་བཅུ་གསུམ་དང་ལྡན་དགོས་ཤིང༌། དེའི་ནང་ནས་ཀྱང་འཁྲུལ་བཅས་མ་ཡིན་པ་ཞེས་པ་བསྡམ་བྱའི་ཉེས་བྱས་ཚུན་ཆོད་ཀྱིས་མ་གོས་པ་དགོས་ཏེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་ལྟུང་ཐུན་བྱིན་གྱིས་བརླབས་པ་ཚུན་ཆད་ཀྱིས་ཚང༌། མི་མཐུན་པ་གཉིས་ནི། མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་ཟློག་གི་མི་མཐུན་པ་སྟེ། དེ་གཉིས་དང་བྲལ་བ་གཅིག་དགོས་ཏེ། འདིར་འདུ་བར་འོས་པ་ཐམས་ཅད་འདུས་ཤིང༌། འདུས་པ་ཐམས་ཅད་ཀྱང་ཅང་མི་གསུང་པའི་ཚུལ་གྱིས་གནང་པ་སྟེར་བར་བཞུགས་པས་ཚང༌། མཁན་པོ་མངོན་དུ་གྱུར་པ་ལ། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན། ལྔ་ཕྲུགས་ཉེར་གཅིག་ལས་གང་རུང་དང་ལྡན། ཁ་སྐོང་པར་འོས་པ་ལ་མཁན་པོར་གསོལ་བ་བཏབ་པས་ཁས་བླངས་པ་ཅིག་དགོས་ཏེ། མཁན་པོ་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཉི་ཟླ་ལྟར་གྲགས་པ་ལ་ཁྱེད་རང་གིས་གསོལ་བ་བཏབ་ཅིང་དགོངས་ནས་ཞལ་གྱིས་བཞེས་པས་ཚང༌། སློབ་དཔོན་མངོན་དུ་གྱུར་པ་ལ་གཉིས་ལས། གསང་སྟེ་སྟོན་པའི་སློབ་དཔོན་ཁ་སྐོང་པར་འོས་པ། གསང་སྟོན་དུ་བསྐོ་བར་འོས་པའི་ཆོས་ལྔ་དང་ལྡན་ཞིང༌། འགྲོ་བ་བཞི་དང་བྲལ་བ་ལ་མཁན་པོས་གསོལ་བ་བཏབ། དགེ་འདུན་གྱི་ལས་ཀྱིས་བསྐོས་ཤིང་ཆགས་པ་དགོས་ཏེ། དགེ་བའི་བཤེས་གཉེན་པ་ཡོན་ཏན་དེ་དག་དང་ལྡན་པ་ལ་མཁན་པོ་པས་བསྐོས་ཏེ་ཚིག་གིས་གསོལ་བ་བཏབ།དགེ་འདུན་གྱི་ལས་ཀྱིས་བསྐོས་པས་ཚང༌། ལས་ཀྱི་སློབ་དཔོན་ཁ་སྐོང་པར་འོས་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་བརྡ་སྤྲོད་པར་མཁས་པ་ལ་མཁན་པོའི་ཚིག་གིས་གསོལ་བ་བཏབ་པ་དགོས་ཏེ། ཁྱེད་ལ་ལས་ཀྱི་ཆོ་གའི་བརྡ་སྤྲོད་པ་དེ་བདག་གིས་བགྱིད་པས་ཚང༌། མཁན་སློབ་དགེ་འདུན་རྣམས་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བརྟན་པ་དང༌། བསྒྲུབ་བྱ་ལ་ཕན་སེམས་དང་བསམ་པ་ཐག་པ་ནས་ལས་བྱེད་འདོད་མྱང་འདས་ཀྱི་བསམ་པས་ཟིན་པ་དང་གསུམ་སྟེ་བཞི་དང་ལྡན་དགོས་པ་ཡང་ཚང༌། བསྙེན་པར་རྫོགས་པར་འདོད་པ་མངོན་དུ་གྱུར་པ་ཁྱེད་རང་གི་སྟེང་ནས་རྩི་སྟེ།དེ་ལ་གཉིས་ལས། ལུས་ཀྱི་རྟེན་ནི། གླིང་གསུམ་གང་རུང་དུ་སྐྱེས་པའི་སྐྱེས་པའམ་བུད་མེད་མཚན་ཉིད་པ་ཡིན་པ་རྒྱུད་ཚོགས་སུ་མ་ཚང་པ་དགོས་ཏེ། ཁྱེད་རང་གསུམ་མན་ཆད་དུ་གནས་ཤིང༌། བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་བཞིན་པ་མ་ཡིན་པ། ཉེས་མེད་ཀྱི་སྡོམ་པ་སྐྱེ་བ་ལ། དགེ་ཚུལ་མན་ཆད་ཐོབ་པ་ལ་མ་ཉམས་པ་དགོས་ཏེ། ད་ལྟར་རབ་ཏུ་བྱུང་པ་ཡིན། ཚངས་པར་སྤྱོད་པ་ལེགས་པར་སྤྱད། ཅེས་ཁས་བླངས་པས་ཚང༌། གཉིས་པ་བསམ་པའི་རྟེན་ལ། ༼དེ་ནས་ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་མངོན་གྱུར་བཅུའི་སྒོ་ནས་བསྒྲུབ་དགོས་ཤིང། མངོན་གྱུར་གཞན་རྣམས་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཚང༌། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་བསྙེན་པར་རྫོགས་པར་འདོད་པ་མངོན་དུ་གྱུར་བ་བསམ་པའི་རྟེན་རྒྱུའི་ཀུན་སློང་ཐོབ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ། མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན། དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་ཟིན་པ་གལ་ཆེ་པས། རྒྱས་ན་འདི་མི་དགོས།༽བསམ་པ་ཐག་པ་ནས་ལེན་པར་འདོད་པའི་རྒྱུའི་ཀུན་སློང་དགོས་ཏེ། མདོ་རྩར་མི་ནོད་ན་བྱིན་པ་མ་ཡིན་ནོ། །ཞེས་སོ། །དེ་ཡང་སྡོམ་པ་མ་སྐྱེས་པར་དུ་རྒྱུན་མ་ལོག་པ་དགོས་ཏེ། མདོ་རྩར། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ།ཉམས་ན་མི་སྐྱེའོ། ། ཞེས་སོ། །དངོས་གཞིའི་དུས་ན་ཐོབ་ཤེས་ཀྱི་བསམ་པ་སྐྱེ་རུང་དགོས་ཏེ། སྐབས་སུ་བབ་དུས་བརྡ་སྤྲོད་པས། དེ་དུས་ཤེས་པར་འགྱུར། མི་མཐུན་པའི་སེམས་མ་སྐྱེས་པ་དང༌། བསམ་པ་རང་བཞིན་དུ་གནས་པ་ཡང་དགོས་ལ་ངེས་པ་ལྔ་དང་བྲལ་བ་དགོས་ཏེ། མཛོད་འགྲེལ་ལས། ངེས་པ་ལྔ་པོ་སེམས་ཅན་དང༌། ཡན་ལག་དང༌། ཡུལ་དང༌། དུས་དང༌། ཚེ་ངེས་པ་མི་བྱེད་ན་སོ་སོར་ཐར་པའི་སྡོམ་པ་འཐོབ་སྟེ། ཞེས་སོ། །ངེད་ལ་སེམས་ཅན་ཆེ་གེ་མོ་ཞིག་ལ་སྤོང་ཞེས་སེམས་ཅན་ངེས་པ་དང༌། ཡན་ལག་ཆེ་གེ་མོ་ཞིག་ལས་སྤོང་ཞེས་ཡན་ལག་ངེས་པ་དང༌།ཡུལ་ཆེ་གེ་མོ་ཞིག་ཏུ་སྤོང་ཞེས་ཡུལ་ངེས་པ་དང༌། ལོ་གཅིག་གམ་ཟླ་བ་གཅིག་གི་བར་དུ་སྤོང་ཞེས་པ་ལྟ་བུ་དུས་ངེས་པ་དང༌། འཐབ་མོའི་ཚེ་མ་གཏོགས་པ་སྤོང་ཞེས་པ་ལྟ་བུ་ཚེ་ངེས་པ་སྟེ།དེ་ལྟར་ངེས་པ་ལྔ་དང་མ་བྲལ་ན་སྡོམ་པ་མི་སྐྱེ་བས་ལྔ་བྲལ་དགོས་དེ་ཐམས་ཅད་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཏེ། རྒྱ་ཆེར་འགྲེལ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་ཞེས་གསུངས། སྤྱིར་བསམ་པའི་ཁྱད་པར་གྱིས་ཚུལ་ཁྲིམས་གསུམ་སྟེ། ཚེ་འདིའི་སྡུག་བསྔལ་དང༌། ཕྱི་མར་ངན་འགྲོས་འཇིགས་ནས་བསྲུང་པ་འཇིགས་སྐྱོབས། འདིའི་བདེ་བའམ་ཕྱི་མར་ལྷ་མིའི་དཔལ་འདོད་ནས་བསྲུང་པ་ལེགས་སྨོན། འཁོར་བ་ལས་ཐར་པའི་དོན་དུ་བསྲུང་པ་སོ་ཐར་གྱི་སྡོམ་པ་ཡིན་ལ། སྔ་མ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པར་མི་འགྱུར། སོ་ཐར་གྱི་སྡོམ་པར་འགྱུར་བ་ལ། མྱང་འདས་ཀྱི་བསམ་པ་གལ་ཆེ་བས་མྱང་འདས་ཀྱི་བསམ་པ་ནི། ཁམས་གསུམ་འཁོར་བ་འདི་ན་སྡུག་བསྔལ་མ་གཏོགས་པ་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། ལུང་གཞིར། གང་ན་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་པའི་མི་རྣམས་མི་བཟང་ངོ༌། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང༌། །ཞེས་གསུངས་ཤིང༌། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་གང་ལའང༌། །འོལ་ཡང་མི་ཆ་ཆར་ཡང་མི་ཕོད་དོ། །ཞེས་དང༌།དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཟླགས་སམ་གཟུགས་སུ་བགྱིས་པས་ཀྱང༌། །འཇིགས་པ་བསྐྱེད་པར་གྱུར་ན་མི་ཟད་པའི། །རྣམ་སྨིན་ཉམས་སུ་མྱོང་པ་སྨོས་ཅི་དགོས། །ཞེས་པ་ལྟར་དམྱལ་བ་ན་ནི་ཚ་གྲང་གི་སྡུག་བསྔལ། དུས་དྲག་ལ་ཡུན་རིང་པ་བཟོད་གླགས་མེད་པ་ཡོད། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་རླུང་ཡང་སྐམ་པར་འགྱུར། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་ཡི་དྭགས་ལ་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་ལ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང༌། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་བརྡོག་པ་ལག་པ་དང༌། །ལྕག་དང་ལྕགས་ཀྱུ་དག་གིས་བཏབ་སྟེ་བཀོལ། །ཞེས་དུད་འགྲོ་རྣམས་ལ་གླེན་ཞིང་གཏི་མུག་པ་གཞན་གྱིས་འཁོལ་བ་འཚོག་པ་གཅིག་གིས་གཅིག་ཟ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་གསུམ་པོ་དེ་དག་ཏུ་མི་སྐྱེ་བའི་ཐབས་ལ་འབད་དགོས་ཏེ། ངན་སོང་གསུམ་གྱི་རིམས་ནད་འདི། །མ་བྱུང་པ་ནས་བསལ་བར་བྱ། །གནམ་ལྕགས་མགོ་ལ་བབ་པ་ན། །ཐོག་ཏུ་བབ་ནས་ཅི་བྱར་ཡོད། །ཅེས་སོ། །མཐོ་རིས་སུ་ཡང༌། འདོད་པ་བཙལ་ཏེ་མ་རྙེད་ཅིང༌། །མི་འདོད་ཆར་ལྟར་འབབ་བཞིན་དུ། །སླར་ཡང་འབད་ནས་འདོད་པ་འཚོལ། །མི་ཡི་འཁྲུལ་པ་འདི་ལྟ་བུ། །ཞེས་པ་ལྟར། མི་ལ་ཡང་སྡུག་བསྔལ་དཔག་ཏུ་མེད། རང་རེ་རྣམས་ཀྱི་མྱོང་པས་གྲུབ་ཅིང༌། ལྷ་མིན་དག་ནའང་རང་བཞིན་གྱི་ལྷ་ཡི་དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། ཞེས་ལྷ་མ་ཡིན་ལ་ཡང་ལྷའི་དཔལ་ལ་ཕྲག་དོག་པས་འཐབ་པ་དང༌། ལུས་གཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ་ཡོད། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གིས། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་འདོད་ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཆེན་པོ་ཡོད་པས་འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་ཡིན་ལ། ཁམས་གོང་མ་རྣམས་རེ་ཤིག་སྡུག་བསྔལ་དྲག་པོས་གཟིར་བ་མེད་ཀྱང་བྱ་ནམ་མཁའ་ལ་འཕུར་བ་ངེས་པར་ས་ལ་འབབ་པ་བཞིན་དུ་སླར་ཡང་འདོད་པར་ལྷུང་ནས་སྡུག་བསྔལ་མྱོང་པར་འགྱུར་ཏེ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གཟུགས་དང་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་ཡིན་ཏེ། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང༌། །ཞེས་གསུངས་པས་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་དུ་རིག་ནས། དེ་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་འདོད་དགོས་ཤིང༌། འདི་ཐེག་པ་ཐུན་མོང་པ་ཡིན་པས་མྱང་འདས་གསུམ་པོ་གང་རུང་གཅིག་འཐོབ་འདོད་ཀྱི་བསམ་པས་བླངས་ཀྱང་སྡོམ་པ་སྐྱེ་མོད། ད་རེས་རྫོགས་པའི་སངས་རྒྱས་ཐོབ་འདོད་དགོས། དེ་ཡང་རང་གཅིག་པུའི་དོན་དུ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙམ་པ་དགོས་ཏེ། སེམས་ཅན་གྱི་ནང་ན་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་ཕ་མ་བྱས་རེས་ཀྱིས་ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཡིན་པ་ལ། དེ་ཐམས་ཅད་འདོད་ནི་བདེ་བ་འདོད་ཀྱང༌། ཐབས་མི་མཁས་པས་ལ་ལ་ནི་སྡུག་བསྔལ་དངོས་ལ་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམས་པོ་ཆེ་ལ་སྤྱོད་པས་ཤིན་ཏུ་སྙིང་རྗེ་བར་འདུག སྙིང་རྗེ་བྱས་ནས་བཞག་པས་མི་ཕན། དེ་རྣམས་སྡུག་བསྔལ་ལས་སྐྱབས། བདེ་བ་ལ་འགོད་དགོས། དེའི་ནུས་པ་བདག་ལ་མེད། དེར་མ་ཟད་ཚངས་པ་བརྒྱ་བྱིན་སོགས་ལའང་མེད། སུ་ལ་ཡོད་ན། རྫོགས་པའི་སངས་རྒྱས་ལ་ཡོད་དེ་ཁོང་གིས་འོད་རེ་རེ་སྤྲོས་པས་སམ། ཆོས་ཐུན་རེ་བཤད་པས་ཀྱང་སེམས་ཅན་གྲངས་མེད་པ་མྱ་ངན་ལས་ཟློ། དངོས་དང་བརྒྱུད་པའི་སྒོ་ནས། མཐོང་ཐོས་དྲན་རེག་ཐམས་ཅད་མྱང་འདས་ལ་འགོད་ནུས་པར་འདུག་པས་སངས་རྒྱས་ཐོབ་པར་བྱ་དགོས་པས།སངས་རྒྱས་ཐོབ་པ་ལ་རྒྱུ་ཚོགས་རྒྱ་ཆེན་པོ་བསགས། སྤང་བྱ་སྒྲིབ་པ་མ་ལུས་པ་སྤོང་དགོས། སྒྲིབ་པ་སྤོང་བ་ལ་གཉེན་པོ་ཟག་པ་མེད་པའི་ཤེས་རབ་དགོས་ཏེ། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་སོ། །ཤེས་རབ་དེ་སྐྱེད་པ་ལ་གཞི་ཚུལ་ཁྲིམས་རྣམ་དག་དགོས་ཏེ། མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ནས། །རིམ་གྱིས་འཕགས་པའི་བདེན་པ་བཞི་པོ་དག །ཡང་དག་ཇི་བཞིན་དུ་ནི་རྟོགས་པར་འགྱུར། །ཞེས་གསུངས། དེ་ལ་ཚུལ་ཁྲིམས་ཀྱི་མཆོག་དགེ་སློང་གི་སྡོམ་པ་ཡིན་པས་དེ་བླངས་ལ་མ་ཤི་བར་དུ་རྒྱུན་མ་ཆད་དུ་བསྲུང་སྙམ་པ་གྱིས། ༼བསྡུ་ན། ད་ཧྲིལ་གྱིས་དྲིལ་ན། ཞེས་པར་འགྲོ། ༽ཡོ་བྱད་མངོན་སུམ་དུ་གྱུར་པ་ལ། ཆོས་གོས་གསུམ་དངོས་སམ་རྒྱུར་རུང་པ་སོགས་ལ་མཁན་པོ་རང་གིས་བྱིན་གྱིས་བརླབས་ཏེ་གནང་བ། གདིང་བ་ཆུ་ཚགས་རུང་པ་ཚད་ལྡན་མཁན་པོའི་གསུང་གིས་གནང་བ། སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད་རུང་བ་ཚད་ལྡན་དགེ་འདུན་ལ་བསྟན་ནས་གནང༌། མཁན་པོ་རང་གིས་བྱིན་གྱིས་བརླབས་ནས་གནང་བ་དགོས་ཏེ། བརྙན་པོ་ཚུན་གྱིས་ཚང་བ་ཡིན་ཏེ། མདོར་བརྙན་པོས་ཀྱང་དེ་ཉིད་བཅས་པ་ཡིན་ནོ། །ལྔ་པོ་ཡང་དེ་བཞིན་ནོ། །ཞེས་སོ། །ལུས་ཀྱི་ཆ་བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ། མདོར་ན་རབ་ཏུ་བྱུང་པའི་རྟགས་ཆ་ལུགས་དང་ལྡན། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྟགས་ཆ་ལུགས་དང་མི་ལྡན་དགོས་ཏེ་ཚང༌། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་ནི། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས། ངེད་ཀྱིས་དགེ་འདུན་གྱི་དབུས་སུ་དྲིས་པས་བར་ཆད་མེད་པར་རྟོགས་པས་ཚང༌། གསོལ་བ་མངོན་སུམ་དུ་གྱུར་པ་ནི། བསྙེན་པར་རྫོགས་པའི་ཕྱིར་དགེ་འདུན་ལ་གསོལ་བ་ལན་གསུམ་ལྷག་ཆད་ནོར་འཁྲུལ་མེད་པར་བཏབ་པས་ཚང༌། ལས་མངོན་སུམ་དུ་གྱུར་པ་ལ། ལས་མཁན་གྱིས་གསོལ་བ་དང་གཞིའི་ལས་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཚང་ལ་མ་ནོར་མ་འཁྲུགས་པ་གཅིག་དགོས་ཏེ། ད་ལྟ་ཉིད་དུ་མངོན་དུ་འགྱུར་བས་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་པ་ཡིན་ནོ། །

༈ ད་ཧྲིལ་གྱིས་དྲིལ་ན་དཀོན་མཆོག་གསུམ་མཁན་སློབ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སངས་རྒྱས་ཐོབ་པར་བྱ།

དེའི་དོན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ལ་མ་ཤི་བར་དུ་མ་ཉམས་པར་བསྲུང་སྙམ་པ་གྱིས། རྗེས་ཟློས་བགྱི་མི་འཚལ། ༼བསྒྲུབ་བྱ་གསུམ་མ་གཏོགས་ལས་མི་ཐོས་པའི་སར་བཀར་དགོས། ༽ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ཞེས་གསུངས་པས་དགེ་འདུན་རྣམས་སྤྱོད་ལམ་བསྟུན། ༡བསྟན་པ་དང་བསྒྲུབ་བྱ་ལ་ཕན་སེམས་དང་༢བསམ་པ་ཐག་པ་ནས་ལས་བྱེད་འདོད། ༣མྱང་འདས་ཀྱི་བསམ་པས་ཟིན་པ་སྟེ། ཐུགས་དགོངས་གསུམ་གསལ་བཏབ་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞིང༌། ལྷག་ཆད་བྱུང་ན་གསོ་བར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌།བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌།དགེ་འདུན་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ །ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དགམིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིགབརྗོད་པ་དང་པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གཉིས་པ་བྱ། གསུམ་པའི་སྐབས་སུ་ལས་འཆགས་པ་ལགས། མདོ་རྩར། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས། ཁོ་ན་ཉིད་མཆི་སྟེ། ཡན་ཆད་དེ་ངོ་བོ་བརྗོད་པ། དེའི་འོག་ནས་བསྙེན་པར་རྫོགས་པར་གསོལ་ནའི་བར་བྱ་བ་བརྗོད་པ་དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་པས་བྱ་བ་བརྗོད་པ་གསོལ་ན་ཞེས་པ་དེ་འགག་པ་དང་མཉམ་དུ་ཁྱེད་ལ་སྡོམ་པ་སྐྱེ། ༼དེ་དུས་སློབ་དཔོན་གྱིས་སེ་གོལ་གཏོགས་ཏེ་ཁྱེད་རྣམས་ཀྱི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་དགེ་སློང་དུ་གྱུར་སོང་སྙམ་དུ་དགའ་བ་སྒོམ། ངེད་སློབ་དཔོན་དུ་འགྱུར་བ་ཡིན། དེའི་སླད་དུ་ཞེས་པའི་ཚིག་བྱུང་པ་ན་སྡོམ་པ་སྐྱེས། དགེ་སློང་དུ་གྱུར་སྙམ་དུ་རྫོགས་པའི་དུས་ཤེས་པ་གལ་ཆེ་སྟེ། ལུང་ལས། གང་ཟག་གསུམ་བསྙེན་པར་མ་རྫོགས་ཞེས་བྱ་སྟེ། བདག་གི་མིང་མི་བརྗོད་པ་དང༌། མཁན་པོའི་མིང་མི་བརྗོད་པ་དང༌། བསྙེན་པར་རྫོགས་པར་མི་ཤེས་པའོ། །ཞེས་གསུངས་པས་སེམས་མ་གཡེངས་པར་ཡིད་གཏོད་མཛོད། དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གསུམ་པ་བྱ།

ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུངས་བ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་ཆོ་ག་ནོར་བའམ་དགེ་སློང་སོང་པ་ལ་སོགས་པས་ལས་འཁྲུགས་ནས་གསོལ་བ་སྐྱར་དགོས་ན། བཙུན་པ་དག་ཡང་གསོལ་བ་བགྱིའོ་བྱས་ལ་བསྐྱར། བརྗོད་པ་སྐྱོར་ན། བཙུན་པ་དག་ཡང་རྗེས་སུ་བསྒྲག་གོ་བྱས་ལ་བསྐྱར། གཉིས་ཀ་སྐྱོར་ན། བཙུན་པ་དག་ཡང་གསོལ་བ་བགྱི་ཞིང༌། རྗེས་སུ་ཡང་བསྒྲག་གོ་བྱས་ལ་བསྐྱར་རོ། །༼དེ་རྣམས་ཕྱིར་མངག་ནས་བསྒྲུབ་བྱ་གཞན་གསུམ་འོང་ཏེ་སྔར་བཞིན་བསྒྲུབ། ༽དེ་ལྟར་གསོལ་བཞིའི་ལས་ཀྱིས། ཁྱེད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་འཆལ་ཚུལ་གྱིས་རྒྱུན་སྡོམ་ཞིང་འགོག་པ་ཆུའི་ཆུ་ལོན་ལྟ་བུ་རྣམ་པར་རིག་བྱེད་ཡིན་མིན་གཉིས་ཀྱིས་བསྡུས་པའི་གཟུགས་རྫས་བདུན་ནམ། སྤོང་བ་བདུན་ལྡན་ཐོབ། དགེ་སློང་དུ་གྱུར་པས་དགའ་བ་བསྒོམས་ཤིག དེས་དངོས་གཞི་གྲུབ། མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དང་པོ་༼ཐོབ་དུས་གོ་བ་མང་དུ་ཐོས་པའི་འདུལ་བ་འཛིན་པ་དགེ་སློང་༽ཆེ་གེ་མོས་མཛོད། ཅེས་ལས་སློབ་མིན་པའི་དགེ་སློང་ཞིག་ལ་བསྒོ། དེས་ཀྱང་དུས་ཚོད། ཉིན་མཚན། ཉིན་མོ་ཡིན་ན་གྲིབ་ཚོད་རྣམས་ངེས་པོ་བྱས་ནས། ༼དུས་གོ་བས།༽ཁྱེད་བསྙེན་པར་རྫོགས་པ་དགེ་སློང་དུ་བསྒྲུབ་པ་ལ་ཆོ་ག་སྦྱོར་དངོས་མཇུག་གསུམ་དུ་ཡོད་པ་ལ། སྦྱོར་བ་དང་དངོས་གཞི་གཉིས་ཀྱིས་ཁྱེད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན་ཅིང༌། ད་མཇུག་གི་སྐབས་ཡིན། དེ་ལ་ཡང༌།གཉིས་ཡོད་པ་ལས། མཇུག་ཆོག་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་དོན་དུ་རྫོགས་པའི་དུས་གོ་བ་ལ་ལྔ། བསྙེན་བཀུར་གྱི་གནས། བསྙེན་བཀུར་གྱི་གནས་མ་ཡིན་པ། བསྙེན་བཀུར་གྱི་ངོ་བོ། གང་ལ་བརྟེན་ནས་གོ་ཞིང་རིག་པར་བྱ་བ། རིག་པར་བྱས་པའི་ཕན་ཡོན་ནོ། །དེ་ལ་དང་པོ་བསྙེན་བཀུར་གྱི་གནས་ནི། རང་བས་བསླབ་པ་རྒན་པ་ས་རང་བཞིན་དུ་གནས་པའི་དགེ་སློང་མཚན་མཐུན་པ་རྣམས་ཡིན། གཉིས་པ་གནས་མ་ཡིན་པ་ནི། རང་བས་བསླབ་པ་གཞོན་པ་རྣམས་དང་བསླབ་པ་རྒན་ཡང་ས་གཞན་ན་གནས་པ་སོགས་དམིགས་བསལ་གསུངས་པ་རྣམས་དང༌། རྟེན་དམན་པ་དགེ་སློང་མ་སོགས་བུད་མེད་རབ་ཏུ་བྱུང་བ་ཐམས་ཅད་དང༌། དགེ་བསྙེན་མན་ཆད་ཁྱིམ་པ་ཐམས་ཅད་ཡིན། དེ་ཡང་གྲིབ་མ་སོར་གཅིག་ཙམ་གྱིས་ཀྱང་རྒན་གཞོན་གྱི་ཁྱད་འཇོག་པ་ཡིན། གསུམ་པ་བསྙེན་བཀུར་གྱི་ངོ་བོ། གྲལ་གོང་དུ་གཏོང༌། རྙེད་པ་དང་པོར་འབུལ། ཕྱག་དང་སྔོན་དུ་ལྡང་བ་ལ་སོགས་གུས་པའི་ལས་རྣམས་ཡིན། བཞི་པ་གང་ལ་བརྟེན་ནས་གོ་ཞིང་རིག་པར་བྱ་བ་ནི། ལུང་དང་ཀརྨ་ཤ་ཏམ། མདོ་རྩ་རྣམས་ནས་ཕྲ་རིམ་ནས་གསུངས་ཀྱང༌། གཞི་འགྲེལ་མཁན་པོས་ཕྲ་རིམ་ནས་བཅལ་ནས་རགས་རིམ་ནས་བརྗོད་པར་གསུངས་ཤིང༌། ལོ་ཚིགས་ཤེས་པར་བྱ་བའི་ཕྱིར་ཞེས་ལོ་ཡང་བརྗོད་པར་གསུངས་པས་ལོ་ཆེ་གེ་ཡིན། དེ་ལ་ལོ་མགོ་འཛིན་ལུགས་མི་འདྲ་བ་མང་ཡང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཅེས་གསུངས་པའི་རྗེས་སུ་འབྲངས་ནས། ཁྲུམས་ཀྱི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པའི་དབང་དུ་བགྱིས་ཏེ། དགུན་གྱི་དུས་ཟླ་བ་བཞི། དཔྱིད་ཀྱི་དུས་ཟླ་བ་བཞི།དབྱར་གྱི་དུས་ཟླ་བ་གཅིག དབྱར་ཐུང་ངུ་ཉིན་ཞག་གཅིག དབྱར་རིང་པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་པ་རྣམས་སུ་ཡོད་པ་ལས། ཆེ་གེ་ཡིན། ཟླ་བ་ལ་ཡང་ཡར་ངོ་མར་ངོ་གཉིས་ལས་ཆེ་གེ་ཡིན། དེ་ལ་གྲལ་ཚེས་བཅུ་བཞིའམ་བཅོ་ལྔ་ཡོད་པ་ལས་ཆེ་གེ་ཡིན། ༈དེ་ལ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཡོད་དེ། སྔ་དྲོ་དང༌། གུང་དང་ཕྱི་དྲོ། མཚན་མོའི་ཐུན་དང་པོ་དང༌། དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་མ་ནུབ་པ་དང༌། ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བས་ཏེ། དེ་ལྟར་ཉེར་གཉིས་ལས། ཆེ་གེའི་དུས་༼ཡང་ན་ཉིན་མཚན་གྱི་ཆ་གཉིས་ལས། ཉིན་མོའི་དུས་ཡིན། དེ་ལ་སྔ་དྲོ་གོང་ཕྱི་དྲོ་གསུམ་ཡོད་པ་ལས། ཆེ་གེའི་དུས་ཡིན༽གྲིབ་ཚོད་སྐྱེས་བུ་ཆེ་གེ་དང་རྐང་པ་ཆེ་གེའི་དུས་སུ། གནས་སམ་གཙུག་ལག་ཁང་འདི་ཞེས་བྱ་བར། མཁན་པོ་མིང་འདི་ཞེས་བྱ་བ་དང༌། ལས་ཀྱི་སློབ་དཔོན་འདི་ཞེས་བྱ་བ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་འདི་ཞེས་བྱ་བ་དང༌། དད་པའི་དགེ་འདུན་གྲངས་འདི་སྙེད་ཀྱིས་དྲུང་དུ་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན་པས། དེ་རྣམས་ཐུགས་ལ་བཞག་ནས་བསྙེན་བཀུར་གྱི་གནས་རྣམས་གྲལ་གོང་དུ་ཞོག རྙེད་པ་དང་པོར་ཕུལ། ཕྱག་དང་སྔོན་དུ་ལྡང་པ་ལ་སོགས་པ་གུས་པའི་ལས་རྣམས་ཡར་ལ་སྟོབས། གནས་མ་ཡིན་པ་རྣམས་གྲལ་འོག་ཏུ་ཞོག་ལ། ཕྱག་དང་བསྙེན་བཀུར་བྱེད་པ་བྱུང་ན་ཕལ་ཆེ་བ་ལ་རང་གིས་དང་པོར་དང་དུ་བླང་དུ་རུང༌། དེ་ལྟར་བརྩིས་པས་དུས་མཉམ་པ་རྣམས་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས་ཤིང༌།གྲལ་ཡང་མགྱོགས་གྲལ་དུ་བྱས་པས་ཆོག་སྟེ། མདོ་རྩར། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་འོངས་པ་དང་པོ་ཡིན་ནོ་ཞེས་གསུངས།


previousཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་གnext